སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་བ།
སྤེལ་དུས། 2017-09-11   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  ཀླུ་མོ་མཚོ།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9ཚེས6ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་རང་ལྗོངས་སུ་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་དང་ལྷ་སར་བཞུགས་མོལ་གནང་བ་རེད།
          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱིང་ཧུང་གིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཧྥང་ལིན་མིན་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཧྲང་ཧའེ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེའང་ཞུས་གནང་བ་རེད།
          ཝུའུ་དབྱིང་ཅེས་བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དུས་མཚམས་ཁག་ནང་ཧྲང་ཧའེ་གྲོང་ཁྱེར་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཚུན་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཞིས་རྩེ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཆེན་པོ། རིམ་པ་མང་བ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་སྤེལ་ནས་གཞིས་རྩེ་གྲོང་ཁྱེར་དང་ཐ་ན་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཚབ་བྱེད་ཐབས་འབྲལ་བའི་ནུས་པ་གལ་ཆེན་བཏོན་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཉེ་འགྲམ་གྱི་འགྱུར་ལྡོག་ཆུང་ཙག་ཁྲོད་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་དང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ་ཧྲང་ཧའེ་གྲོང་ཁྱེར་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད་པ་གཏིང་ཟབ་ཤེས་ནས་སྙིང་ཁོང་རུས་པའི་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་དེ་བཞིན་རྒྱལ་ཡོངས་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས“གཞན་བརྟེན”རྣམ་པའི་བོད་སྐྱོར་ཡག་པོ་བྱེད་པ་དང་ཆབས་ཅིག་གནད་སྨིན་ཡོང་བའི་ཐད་མུ་མཐུད་ཤུགས་བརྒྱབ་ནས“རང་བརྟེན”རྣམ་པའི་བོད་སྐྱོར་ལ་དེ་བས་མཐོང་ཆེན་གྱིས་བོད་ལ་དབུལ་སྒྲོལ་འགག་སྒྲོལ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་དེ་བས་ལེགས་པའི་ངང་སྒྲུབ་རོགས་གནང་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མུ་མཐུད་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་བོད་སྐྱོར་ལས་བྱེད་པར་སེམས་ཁུར་དང་དོ་ཁུར་ཡག་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་ཧྲང་ཧའེ་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།
          དབྱིང་ཧུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དེ་སྔ་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ད་ཐེངས་བོད་དུ་ཡོང་སྐབས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་མིག་མཐོང་ལག་ཟིན་བྱུང་བས་སེམས་ནང་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བཅས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན་ཐུབ་པ་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ཧྲང་ཧའེ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་དགོས་མཁོ་གཞིར་བཟུང་འགན་འཁྲིའི་བསམ་པ་ཆེན་པོ་དང་། མི་རིགས་ཀྱི་ལ་རྒྱ་ཟབ་མོ། དངོས་སྒྲུབ་ཀྱི་མཉམ་ལས་སྙིང་སྟོབས་བཅས་ཀྱི་ཐོག་ནས་བོད་སྐྱོར་བྱེད་སྟངས་གསར་གཏོད་དང་ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ་དང་ལྷག་དོན་དུ་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་བཏང་སྟེ་ཐོན་ལས་བོད་སྐྱོར་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལ་སྐུལ་འདེད་མྱུར་པོ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ཐུན་མོང་ཐོག་ཡག་པོ་སྒྲུབ་སྟེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། །
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716