སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བློ་སེམས་གཅིག་མཐུན་ངང་གངས་ལྗོངས་ཀྱི་བརྗིད་ཆེའི་ལེའུ་བརྩམས།
སྤེལ་དུས། 2017-09-13   ཡོང་ཁུངས། བོང་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ།   ​ 
འདི་ནི་གྲལ་སྟར་སྒྲིག་པའི་མེ་ཏོག་གྲོང་རྡལ་གྱི་བདེ་སྡོད་ལས་གྲྭའི་ཁང་པ་ཡིན་པ།
          རྩོམ་སྒྲིག་པའི་སྦྲགས་མཆན།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱུང་ནས་འཛམ་གླིང་སྐྱེ་འགྲོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་དར་རྒྱས་གོང་འཕེལ་གྱི་བོད་གསར་ཞིག་སྟོན་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས་རིམ་སྤེལ་སྒྲིལ་གླེང་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ལུགས་ཕྱོགས་ཡོངས་ནས་མཚོན་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ཁྲོད་ཀྱི་བྱེད་ཐབས་གསར་པ་དང་། འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ་བཅས་མཚོན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ་དང་སེམས་མཐུན་སྟོབས་སྒྲིལ་ངང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འདུན་པ་ཆེན་པོ་མཚོན་པ་བཅས་བྱ་རྒྱུ་ཡིན།
          བགྲང་བྱ་ལྔ་ཡུད་ཙམ་ཞིག་ལ་འདས་པ་དང་ས་མཐོར་འབད་འབུངས་ཡར་བརྩོན་བྱེད་བཞིན་ཡོད་ཅིང་། བོད་ལྗོངས་ས་མཐོས་བློ་དཀར་སེམས་དཀར་དང་མཐུན་སྒྲིལ་འབད་འབུངས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་སྐུལ་འདེད་གཏོང་བ་དང་ཡངས་ཤིང་རྒྱ་ཆེ་བའི་ལས་གཏོད་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།
          དུས་ཐུང་ལོ་ལྔའི་ནང་གངས་ལྗོངས་ས་མཐོར་འཕོ་འགྱུར་ཆེན་པོ་བྱུང་ཞིང་། གངས་ལྗོངས་བུ་ཕྲུག་གིས་དཀའ་སྤྱད་ལས་བརྩོན་དང་བློ་སྟོབས་འགྱུར་མེད་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་སེམས་ནུས་ཡོད་རྒུས་བརྩམས་པ་དང་སེམས་མཐུན་ངང་མི་སེམས་གཡོ་བའི་མཐུན་སྒྲིལ་འབད་འཐབ་ཀྱི་འཕེལ་རྒྱས་གླུ་དབྱངས་ཤིག་བརྩམས་ཡོད།
          “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ”དང“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པ་ལ་སོགས།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དོན་དངོས་ལ་གཞི་ཚུགས་པ་དང་། སྤྱི་ཡོངས་ལ་དམིགས་པ། ཕུགས་ལ་ཕན་འདོགས་པ་བཅས་གནང་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ཞིབ་འཇུག་གཏིང་ཟབ་གནང་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་གྲུབ་སྟེ་གངས་ལྗོངས་ས་མཐོར་འཕེལ་རྒྱས་དང་བརྟན་ལྷིང་གི་བརྗིད་ཆེའི་འཆར་འགོད་བཏིངས་པ་དང་བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་ཐོན། མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ངང་བརྟན་ལྷིང་ཡིན་པའི་རྣམ་པ་གསར་པ་བཏོད་པ་རེད།
          མཐའ་སྐྱོང་བོད་བརྟན་བྱེད་པ།
          བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་འཐབ་ཇུས་ཀྱི་སྤྱི་ཡོངས་མཐོ་ཚད་ནས་བོད་ཀྱི་ལས་དོན་ལ་འཆར་འགོད་དང་བཀོད་ཇུས་གནང་བ།
          “ད་ཆའི་བདེ་སྐྱིད་འཚོ་བ་དེ་གང་ནས་བྱུང་བ་ཡིན་ནམ། དེ་ནི་ཏང་གིས་ངེད་ཚོའི་སྣེ་ཁྲིད་དེ་བྱུང་བ་ཞིག་ཡིན་པས་ང་ཚོས་སྙིང་དབུས་ནས་ཏང་གི་ཐུགས་ཁུར་ཆེན་པོ་ཚོར་གྱི་འདུག མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཉེ་ཆར་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་མཁར་བ་འཕེལ་ཁྱིམ་ཤང་ལག་པ་གྲོང་ཚོར་སྤེལ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་གྱི་སྒྲོག་འགྲེལ་ཁྲོད་ཏང་ལོ་50ལོན་པའི་ཏང་ཡོན་རྒན་གྲས་འཕྲིན་ལས་དབང་རྒྱལ་གྱིས་གྲོང་ཚོའི་ཕྲུ་གུ་ཚོར་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཏེ་སློབ་སྦྱོང་ཡག་པོ་བྱེད་པ་དང“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱ་རྒྱུ་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་རུང་ཞེས་ཁ་ཏ་ནན་ཏན་བྱེད་བཞིན་ཡོད།
          “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱ་རྒྱུ་དེ་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་ཡོང་བར་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཡིན། “འདུ་ཤེས་བཞི”དེ་ས་མཐོའི་མི་དམངས་ཀྱི་སེམས་ནང་རྡོ་རྗེ་བྲག་ལྟར་བརྟན་པ་དང་ཁྱིམ་ཚང་ཚང་མའི་ཐོག་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དང་ཁང་པའི་ནང་བཀལ་བའི་གཙོ་འཛིན་གྱི་སྐུ་པར་ལས“གངས་ལྗོངས་ས་མཐོ་འདི་ཉིད་པེ་ཅིང་དང་ས་ཐག་རིང་པོ་ཡོད་མོད། འོན་ཀྱང་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་ཡོད་པ”གསལ་བཤད་ཐུབ་ཀྱི་ཡོད།
          “གུང་ཁྲན་ཏང་མེད་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་མེད”ཅེས་པ་དེ་ནི་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་ཐུན་མོང་གི་བསམ་འདུན་ཡིན།
          བོད་དུ“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་ཐུབ་པ་དེ་ནི་མཐར་གཏུགས་ནས་བཤད་ན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་པ་ལས་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བོད་སྐྱོང་མཛད་ཇུས་དང་རིགས་པའི་གཞུང་ལུགས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕུན་སུམ་ཚོགས་སུ་བཏང་བས་གངས་ལྗོངས་ས་མཐོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་གསོན་ཤུགས་དེ་བས་ཆེ་བ་འཕེལ་ཡོད།
          2013ལོའི་ཟླ་3ཚེས་9ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་ཁྲོད་ཕེབས་ནས་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་ཤིང་། ཁོང་གིས“བོད་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་སྣོད་བཅུད་བདེ་འཇགས་སྲུལ་ཡོལ་ཡིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
སྤྱི་ཡོངས་ལ་གཅིག་འདོམས་བྱེད་པའི་གཟིགས་རྒྱང་རིང་བ།
          “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་པ་དེ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་གནས་བབ་དང་བོད་སྐྱོང་མཛད་ཇུས་ཐད་གནང་བའི་འཐབ་ཇུས་ཀྱི་བསམ་ཕྱོགས་ཤིག་ཡིན་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་བཀོད་སྒྲིག་ཞིག་ཀྱང་ཡིན།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་ཀྱི་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་བཅས་གཅིག་རྗེས་གཉིས་མཐུད་ངང་འཚོགས་ནས་བོད་ཀྱི་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཛད་ཇུས་དང་། མི་རིགས་གནད་དོན། འཐབ་ཕྱོགས་གཅིག་གྱུར་སོགས་ཀྱི་སྤྱི་ཡོངས་རང་བཞིན་གྱི་གནད་དོན་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་ཡང་དེ་དང་སྦྲགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཡོད།
          2015ལོའི་ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་དགོས་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན། སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་བའི་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
          2015ལོའི་ཟླ་8ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་གསལ་འགྲེལ་གནང་བ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་བཏོན་གནང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་གཏན་འཁེལ་གནང་ནས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་འཇོག་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ་བཏོན་གནང་བ་རེད།
          བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”མཛུབ་སྟོན་གལ་ཆེན་གནང་བ་རེད།
          2017ལོའི་ཟླ་8ཚེས་19ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་གནང་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ལས་དོན་ཐེངས་གཉིས་པ་སྤེལ་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་དང་། “འཛམ་གླིང་ཐོག་གི་མཐའ་མའི་དག་ཞིང་སྲུང་སྐྱོབ་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་སྐྲུན་ཆེད་ལེགས་སྐྱེས་གསར་པ་ཕུལ་ཏེ་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ་རེད།
          མཐའ་སྐྱོང་བོད་བརྟན་གྱི་དགོངས་པ་གསར་པ་དང་། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་ལས་ཕྱོགས་གཅིག་ནས་ལོ་60ལྷག་ཙམ་སོང་རིང་གི་ཀྲུང་དབྱང་གིས་བོད་སྐྱོང་བའི་ཐུན་མོང་གི་བློ་གྲོས་བསྡུས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་སྐྱོང་མཛད་ཇུས་ཀྱི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བཏང་བའང་གང་ལེགས་མཚོན་ཡོད་པ་རེད།
དེ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཁྲོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཞིག་ཡིན་པས་ང་ཚོས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་སྣོན་པ་བཅས་བྱས་ཡོད།
          མངག་བཅོལ་ལྕི་པོ་ཆུད་ཟོས་སུ་མི་གཏོང་བ།
          རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་སྐུལ་འདེད་ཧུར་ཐག་བཏང་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་ཀྱིས་འབྲོག་ལས་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་འབྲོག་ལས་གཉེར་སྐྱོང་གི་མ་ལག་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་འབྲོག་ལས་ལ་གཞི་ཚུགས་པ་བརྒྱུད་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་ཏེ་ཏང་འཛུགས་སྐྱོང་སྟོབས་ཆེན་བྱ་རྒྱུ་འགན་ལེན་བྱས་ནས་འགན་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱ་རྒྱུར་འབད་བརྩོན་ལྷོད་མེད་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་བཏོན་གནང་བ་རེད།
          “བློ་བརྟན་འགྱུར་མེད་བཞི”ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་ཞིག་ཡིན་པ་དང་བོད་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་འགག་རྩ་དམ་འཛིན་བྱས་པ་ཞིག་ཡིན།
          ཇི་ལྟར་བྱས་ཏེ་ལག་ལེན་ཞིབ་ཕྲ་བྱེད་པའི་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་ལ་དམིགས་ནས“དོན་ཆེན་གསུམ”དང“འགན་ལེན་གཅིག”ལ་ཕྱོགས་ཡོངས་ནས་བསམ་གཞིག་དང་བཀོད་སྒྲིག་བྱས་པ་རེད།
          2016ལོའི་ཟླ་12ཚེས་31ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་དགོས་ཞེས་བཏོན་ཡོད་པ་སྟེ། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་གི་འབྲེལ་བ་དང་། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་ཀྱི་འབྲེལ་བ། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་འབྲེལ་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་། ཉེ་ཁུལ་དུ་ལས་ཞུགས། ཕ་ཡུལ་དང་མི་བྲལ་བ་དང་ལས་འཇོན་པ་དང་ལས་ཤེས་པའི་འབྲེལ་བ། དབུལ་སྐྱོར་གནས་སྤོས་བྱེད་རྒྱུ་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཆ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་དང་ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་གནད་དོན་ཐག་གཅོད་བྱེད་པའི་འབྲེལ་བ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ། གྲོང་ཁྱེར་འཕེལ་རྒྱས་དང་ཞིང་འབྲོག་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་འབྲེལ་བ། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་ཐུབ་པའི་འབྲེལ་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱིས་སྦྲེལ་མཐུད་བྱེད་པའི་འབྲེལ་བ། ཁེ་ལས་ལ་ཐོན་འཕར་ཕན་ཆེ་དང་ཁེ་ལས་ཀྱི་ལས་བཟོའི་ཕན་བདེའི་ཐོབ་ཐང་ཆེ་རུ་གཏོང་བ་དང་ཞིང་འབྲོག་པ་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་འབྲེལ་བ། ཀྲུང་དབྱང་གིས་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་བྱེད་པའི་འབྲེལ་བ། ལས་བྱེད་པས་འགན་ཁུར་ལས་སྒྲུབ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་འབྲེལ་བ་བཅས་རེད།
          “བློ་བརྟན་འགྱུར་མེད་བཞི”དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་།           དགོངས་པ་གསར་པ། འཐབ་ཇུས་གསར་པ་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད་ལ་དུས་ཡུན་རིང་པོའི་ནང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་ཞིག་ཀྱང་རེད། དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཤུགས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཤུགས་ཆེའི་སྒུལ་ཤུགས་མཁོ་འདོན་བྱས་ཡོད།
          འབད་འབུངས་ཡར་བརྩོན་བྱེད་པ།
          མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག་འབད་འབུངས་ཧུར་ལེན་བྱས་པ།
          “4·25”ཡི་ས་ཡོམ་བརྒྱབ་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་མཐོང་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ཇུས་ཆེན་སྔ་ཙམ་ནས་འཆར་འགོད་བྱས་པས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཐུབ་ཡོད།
གནོད་འཚེ་ཅུང་ཚབས་ཆེན་ཕོག་པའི་སྐྱིད་གྲོང་རྫོང་དུ་ད་ཆ་མང་ཚོགས་སྡོད་ཁང་2207བསྐྱར་སྐྲུན་གྱི་ལས་འགན་ཚང་མ་ལེགས་གྲུབ་བྱུང་ཡོད། དེ་སྔོན་ཟང་ཟིང་ཆེ་བའི་གྲོང་ཚོ་དེ་ད་ཆ་དཀར་ཆ་དོད་པ་དང་། བདེ་འཇགས་སྐྱིད་སྣང་དོད་པ། གྲལ་སྟར་འགྲིག་པ་བཅས་སུ་གྱུར་ཡོད་པ་དང་། མཐའ་མཚམས་ཀྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་ཁྱད་ཆོས། རིག་གནས་ཀྱི་ཁྱད་ཆོས་བཅས་ལྷག་པར་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཞིག་ཏུ་གྱུར་ཡོད།
ད་ཆའི་སྐྱིད་གྲོང་རྫོང་གི་རྣམ་པ་དེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བྱུང་བའི་མཚོན་ཚུལ་རགས་ཙམ་ཞིག་རེད། ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཡང་དག་པའི་སྣེ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གསར་གཏོད་ལག་ལེན་དང་འབད་འབུངས་ཧུར་ལེན་བྱས་པས་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།
          རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཉིན་མཚན་བལྟོས་མེད་ངང་དབུལ་སྐྱོར་འཐབ་ས་དང་པོར་འབད་འཐབ་བྱས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་པོར་རྒྱལ་ཁ་ཐོབ་ཡོད། 2016ལོར་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་85.2བསྡུ་སྒྲིལ་བྱེད་རྒྱུར་སྤྱི་འདོམས་བྱེད་པ་དང་། གསོག་ཐེབས་ཕན་སྒྱུར་དང་འཕར་ཚད་ཡག་པོ་སྤྱོད་པ། གཙོ་གནད་མངོན་གསལ་དོད་པོ་དང་གནད་སྨིན་དབུལ་སྐྱོར་བྱེད་པ་བཅས་བྱས་པ་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཀྱི་བཀོད་སྒྲིག་བྱ་ཡུལ་376འཛུགས་སྐྲུན་བྱས་ནས་མི་ཁྲི་7.7ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱས་པ། ཐོན་ལས་དབུལ་སྐྱོར་རྣམ་གྲངས་528ལག་བསྟར་བྱེད་པ་དང་མངགས་ཐོ་དང་གནས་གཏན་འཁེལ་གྱིས་མི་ཁྲི་4.9ལ་གསོ་སྦྱོང་བྱས་ནས་མི་ཁྲི་3.4ལས་ཞུགས་གཞན་སྒྱུར་བྱས་པ། རྫོང་དང(ཆུས)10དང་གྲོང་ཚོ་དབུལ་པོ་1008ལ་དབུལ་པོའི་ཞྭ་མོ་ཕུད་པའི་ཆ་རྐྱེན་འཛོམས་ནས་མི་ཁྲི་14.7གནད་སྨིན་དབུལ་སྒྲོལ་ཐུབ་ཡོད།
སྤྱི་ཚོགས་དོ་དམ་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས། བརྟན་ལྷིང་བཅས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། ལས་བྱེད་པ་མི་ཁྲི་10ལྷག་ཙམ་གྲོང་ཚོ་དང་དགོན་སྡེར་བསྐྱོད་ནས་ལས་བྱེད་པ་གྲོང་སྡོད་དང་དགོན་སྡོད་ཀྱི་ལས་དོན་སྤེལ་ཡོད། གྲོང་ཁྱེར་དང་ས་ཁུལ་7གནས་ཡུལ་དང་གནས་ཡུལ་རྫོང་གྲོང་ཡོངས་ལ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་698བསྐྲུན་ནས་གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་ཁྱབ་གདལ་བཏང་ཡོད། སྔོན་ཐོན“གཉིས་ལྡན་དུད་སྦྲེལ”གྱི་གཏོད་འདེམས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། ཏང་གི་མི་རིགས་སྲིད་ཇུས་དང་ལྷག་པར་དུ་མི་རིགས་ལས་བྱེད་པའི་སྲིད་ཇུས་ལག་བསྟར་ནན་ཏན་བསྟར་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་འཕེལ་རྒྱས་བརྟན་པོ་བྱུང་ཡོད། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། དགོན་སྡེ་དོ་དམ་གསར་གཏོད་བྱེད་པ། དགོན་སྡེའི་གྲྭ་བཙུན་གྱི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེའི་གྲྭ་བཙུན་ལ་སློབ་གསོ་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་པས་བོད་ལྗོངས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས་། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད།
          དམངས་འཚོ་ལེགས་བཅོས་མཐའ་འཁྱོངས་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་དེ་བས་ཆེ་རུ་ཕྱིན་ཡོད། རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ཀྱི་70%ཡན་དམངས་འཚོ་འགན་ལེན་དང་ལེགས་བཅོས་ཐད་སྤྱད་ནས་ལོ་ལྟར་དམངས་ཕན་དམངས་བདེ་དང་དགོན་ཕན་གྲྭ་ཕན་གྱི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབས་ཡོད། 2016ལོར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5ལྷག་ཙམ་གསར་དུ་ལས་ཞུགས་ཐུབ་ནས་ལས་ཞུགས་མེད་པའི་ཁྱིམ་ཚང་ལྟོས་བཅས་ལྟར་ན་གཅིག་ཀྱང་མེད་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི་110གཞན་སྒྱུར་བྱས་ནས“གཅིག་སྡུད་གཉིས”ཀྱི་མི་སྣ་ཁྲི་1.96ལྷག་ཙམ་ཟིན་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆར་བསྐྲུན་ནས་སྤྱི་ཚོགས་འགན་བཅོལ་སྣ་ཚོགས་ནང་ཞུགས་ཚད་མི་ཐེངས་ཁྲི་300ཟིན་ཡོད། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་རྣམ་གྲངས་1000ལེགས་གྲུབ་ཟིན་ནས་གྲོང་ཁྱེར་དང(ས་ཁུལ)7གནས་ཡུལ་བཙོག་ཆུ་གཙང་སེལ་བཟོ་གྲྭ་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ནག་ཆུ་དང་མངའ་རིས་ཀྱི་དྲོད་རླངས་མཁོ་འདོན་ལས་གྲྭ་བེད་སྤྱོད་གཏོང་འགོ་ཚུགས་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི་3.4བསྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་གཞི་རིམ་ལས་བྱེད་ལས་བཟོའི་གཞུང་ལས་ཁང་དང་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད།
          མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་གི་མཐའ་མའི་དག་ཞིང་སྲུང་སྐྱོང་བྱས་ཡོད། འཛུགས་སྐྲུན་རྣམ་གྲངས་འཇུག་འཐུས་ཀྱི་ཚད་གཞི་ནན་དུ་གཏོང་བ་དང་ཤིང་འཛུགས་ནགས་བཟོ་བྱེད་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་ཁུལ་ཡག་པོ་བསྐྲུན་ཡོད། ད་ཆའི་བོད་ལྗོངས་སུ་རིམ་པ་ཁག་དང་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོང་ཁུལ་47དང་། སྣོད་བཅུད་བྱེད་ནུས་སྲུང་སྐྱོང་ཁུལ་22 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་འདམ་རའི་སྤྱི་གླིང་13བཅས་བསྐྲུན་ཡོད། བོད་ཀྱི་ཁོར་ཡུག་སྤྱི་བསྒྲགས་ལས་མངོན་པར་གཞིགས་ན། 2016ལོར་བོད་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་པོ་བྱུང་ནས་ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད་པས་བོད་ལྗོངས་ནི་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716