སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་ཧྭའི་གནའ་རབས་ཀྱི་བོད་ཀྱི་གསོ་རིག་ཕྱི་གླིང་དུ་དར་བ།
སྤེལ་དུས། 2017-10-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་གིས་བསྒྱུར།

          སྤྱི་ལོ་2017ལོའི་ཟླ་10ཚེས་6ནས་ཚེས་7བར་འཛམ་གླིང་ཀྲུང་གོའི་བོད་ཀྱི་གསོ་རིག་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་གསུམ་པའི་རིག་གཞུང་ལོ་དང་བོད་ཀྱི་གསོ་རིག་ལུས་སེམས་གསོ་རིག་གི་བགྲོ་གླེང་ཚོགས་འདུ་ཨ་རིའི་ཧྭ་ཧྥོ་སློབ་ཆེན་གྱི་གསོ་རིག་སློབ་གླིང་དུ་གཟབ་རྒྱས་ངང་འཚོགས།  ཚོགས་འདུའི་སྟེང་འཛམ་གླིང་ཀྲུང་སྨན་གསོ་རིག་ལྷན་ཚོགས་ཀྱི་བོད་སྨན་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་མཛད་པ་དང་།  ཨ་རིའི་ཧྭ་ཧྥོ་སློབ་ཆེན་གྱི་གསོ་རིག་སློབ་གླིང་གི་དབང་རྩའི་ནད་རིགས་སྡེ་ཁག  ཨ་རིའི་མྰ་ཧྲིན་སྨན་ཁང་ཆེན་མོའི་རྒྱུད་འབྲེལ་དང་རྒས་ནད་ཞིབ་འཇུག་ལྟེ་གནས།  ཁཱ་ལི་ཧྥོ་ཉི་ཡ་སློབ་ཆེན་གྱི་ཧྲིན་ཏི་ཡ་ཀིའི་ཡན་ལག་སློབ་གླིང་གི་གསོ་རིག་ཞིབ་འཇུག་ཁང་དང་གསབ་སྦྱོང་ལྟེ་གནས། བེ་སི་ཁཱང་སི་སློབ་ཆེན་གྱི་རིག་གནས་སྐད་བརྡ་ཞབས་ཞུའི་ལྟེ་གནས།  ཏཱ་ཐི་མའོ་སི་སློབ་ཆེན་གྱི་མིའི་རིགས་རིག་པའི་སྡེ་ཁག  ཁཱ་ལི་ཧྥོ་ཉི་ཡ་སློབ་ཆེན་གྱི་ཀྲིག་ཅིན་ཧྲན་ཡན་ལག་སྨན་ཁང་གི་མིའི་རིགས་རིག་པ་སྡེ་ཁག་སོགས་ཀྱིས་མཉམ་དུ་སྒྲུབ་པ་དང་། ཚོགས་འདུ་ནི་“ལུས་སེམས་བདེ་ཐང་།  མཐའ་མཚམས་ལས་བརྒལ་བ་”བརྗོད་གཞི་བྱས་ཏེ།  ཀྲུང་གོ་དང་ཨ་རི།  ཨུ་རུ་སུ།  ཨོ་སི་ཁྲུ་ལི་ཡ།  ཨོ་སི་ཁྲུ་རི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་20ལྷག་ནས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་གསོ་རིག་དང་ཁྱབ་ཁོངས་གཞན་དག་གི་མི་སྣ་300ལྷག་ཚོགས་འདུ་ལ་ཞུགས།  
          ཚོགས་འགོ་རྩོམ་སྐབས། འཛམ་གླིང་ཀྲུང་གོའི་མཉམ་འབྲེལ་གྱི་བོད་སྨན་ཆེད་ལས་ཨུ་ཡོན་ཚོགས་པའི་ཚོགས་གཙོ།  མཚོ་སྔོན་འཇིགས་མེད་བོད་སྨན་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་ཆེན་མོ་འཇིགས་མེད་ཕུན་ཚོགས་ཀྱིས་གཏམ་བཤད་གནངས།  ཁོང་གིས་བཤད་རྒྱུར།  བོད་སྨན་ནི་བོད་ཀྱི་ཕ་མེས་གོང་མ་རྣམས་ཀྱིས་བློ་གྲོས་ཀྱི་ཉིང་བཅུད་ལས་བྱུང་བའི་མིའི་རིགས་ལ་བཞག་པའི་བླ་མེད་ཀྱི་མཛད་རྗེས་ཆེན་མོ་ཞིག་ཡིན་ཞིང་དེ་ནི་མིའི་རིགས་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཡིན་པར་མ་ཟད།  རྒྱལ་ཁབ་དང་སྤུ་རུས་མི་འདྲ་བའི་མི་ཡོད་དོ་ཅོག་གིས་དང་དོད་དང་དོ་ཁུར་བྱེད་དགོས་ལ།  ཚན་རིག་གི་ཐབས་ལམ་ལ་བརྟེན་ནས་ཞིབ་ཚགས་ཀྱིས་བོད་ཀྱི་གསོ་རིག་ལ་ཞིབ་འཇུག་ལེགས་པོ་བྱེད་དགོས།  དགག་སྒྲུབ་ཀྱི་བསམ་བློ་ལ་བརྟེན་ནས་མིའི་རིགས་ཀྱི་ལུས་སེམས་བདེ་ཐང་ལ་མཛད་རྗེས་ཆེན་པོ་འཇོག་དགོས་པར་བསྟན། 
          ཚོགས་འདུའི་སྟེང་།  ཨ་རིའི་ཧྭ་ཧྥོ་སློབ་ཆེན་གྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ།  གླིང་གཙོ་གཞོན་པ། འབུམ་རམས་པ་ལུའུ་ཏའོ་ཧྥུ་ཐན་ཙི།  བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་གླིང་གཙོ་གཞོན་པ། ཞིབ་འཇུག་པ་དབྱངས་བྷ།  ཧྭ་ཧྥོ་སློབ་ཆེན་གྱི་ལྷ་ཆོས་དང་རིག་གཞུང་ལས་དོན་གླིང་གཙོ་གཞོན་པ། འབུམ་རམས་པ་ཇེ་ནའེ་ཐུ་རྒྱ་མཚོ་སོགས་ཀྱིས་རང་བྱུང་གི་སྨན་རྫས་ཀྱི་ཨ་ཨར་ཟི་ཧེ་མའོ་ནད་རིགས་ཀྱི་གསོ་བཅོས་རིན་ཐང་དང་གངས་ལྗོངས་བོད་ཀྱི་སྨན་རྩིས་ཆེན་མོའི་མཚམས་སྦྱོར།  བོད་ཀྱི་གསོ་རིག་ཞིབ་འཇུག་གི་འགྲན་རྩོད་བརྗོད་གཞི་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་གསར་བར་བརྟེན་ནས་ཚོགས་འདུའི་བརྗོད་གཞི་སྙན་ཞུ་བྱས། 
          ཉིན་གཉིས་ཀྱི་རིང་གི་ཚོགས་འདུའི་ཁྲོད།  ཆེད་དོན་ཚོགས་འདུ་ཐེངས་དྲུག་ལ་བསྡུས་པ་དང་ཚོགས་འདུ་ཆེན་མོ་ཐེངས་གཅིག་ལ་བསྡུས་ཏེ།  རིག་གཞུང་ཞིབ་འཇུག་པ་36ལྷག་(དེའི་ཁྲོད་རྒྱལ་ནང་གི་རིག་གཞུང་ཞིབ་འཇུག་པ་9དང་།  ཕྱི་རྒྱལ་གྱི་རིག་གཞུང་ཞིབ་འཇུག་པ་27)གིས་ཆེད་དུ་གཏམ་བཤད་བྱས།  སྙན་ཞུའི་ནང་དོན་ལ་བོད་ཀྱི་གསོ་རིག་གི་གཞུང་ལུགས་དང་དངོས་ཡོད་ཀྱི་ནད་བཅོས།  གསོ་བཅོས་བྱེད་ཐབས།  རྒྱལ་སྤྱིའི་དར་སྤེལ།  བོད་ཀྱི་དེང་རབས་གསོ་རིག་གི་ཞིབ་འཇུག   བོད་ཀྱི་གསོ་རིག་དང་དེང་རབས་ཚན་རིག་གི་མཉམ་འབྲེལ་གྱིས་ལུས་སེམས་ཀྱི་ནད་རིགས་གསོ་ཐབས་སོགས་ཡོད་པ་དང་།  མི་རེ་རེས་རང་ཉིད་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་ཀྱི་གྲུབ་འབྲས་འགྲེམས་སྤེལ་བྱས་པ་དང་།  རིག་གཞུང་བགྲོ་གླེང་གི་དབུ་ཁྱུད་གསར་བ་ཞིག་གི་འགོ་དངོས་སུ་བརྩམས།  
རྒྱུས་ལོན་བྱས་པ་ལྟར་ན།  རྒྱལ་ནང་གི་བོད་ཀྱི་གསོ་རིག་གི་ཁྱབ་ཁོངས་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཁང་དང་བོད་ལྗོངས་གསོ་རིག་སློབ་གླིང་།  ཁྲིན་ཏུའུ་ཀྲུང་སྨན་སློབ་ཆེན།  མཚོ་སྔོན་སློབ་ཆེན།  མཚོ་སྔོན་དགེ་ཐོན་སློབ་ཆེན།  མཚོ་སྔོན་མི་རིགས་སློབ་ཆེན།  ཀྲུང་གོ་བོད་རིག་པ་ཞིབའཇུག་ལྟེ་གནས།  མཚོ་སྔོན་འཇིགས་མེད་བོད་སྨན་ཚད་ཡོད་སྤྱི་གཉེར་ཁང་།  མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཧི་མ་ལ་ཡ་བོད་ཀྱི་གསོ་རིག་ཚོགས་པ་སོགས་ཀྱི་ཆེད་ལས་མཁས་པ་40ལྷག་ཐེངས་འདིའི་ཚོགས་འདུ་ལ་ཞུགས།  
          འཛམ་གླིང་གི་ཀྲུང་སྨན་རིག་གཞུང་ལྷན་ཚོགས་མཉམ་འབྲེལ་ཨུ་ཡོན་ཚོགས་པ་2015ལོའི་ཟླ་8ལ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་དབུ་བརྙེས།  ཚོགས་མི་ནི་རང་རྒྱལ་གྱི་བོད་ལྗོངས་དང་ཞིང་ཆེན་ལྔའི་བོད་ཁུལ་གྱི་བོད་སྨན་ཁེ་ལས་ལས་ཁུངས་གཙོ་བྱས་ཏེ་ཁྱོན་བསྡོམས་ལས་ཁུངས་50ལྷག་དང་།  ཚོགས་མི་500ལྷག་ཡོད།  ཚོགས་པ་བཙུགས་པའི་ཚུན་ནས་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་འདུ་བསྡུས་པ་དང་།  ཁྱོན་བསྡོམས་རིག་གཞུང་ཚོགས་འདུ་ཐེངས་གསུམ་ལ་བསྡུས།  ཚོགས་འདུ་སྔོན་མ་གཉིས་ནི་(མཚོ་སྔོན་ཟི་ལིང་དང་བོད་ལྗོངས་ནས་བསྡུས། ) ཚོགས་པའི་རྩ་དོན་ནི་བོད་ཀྱི་གསོ་རིག་རྒྱལ་སྤྱིར་དར་སྤེལ་དུ་གཏོང་བར་སྟོབས་བསྣན་པ་དང་།  བོད་ཀྱི་གསོ་རིག་དེང་རབས་ཅན་དང་རྒྱལ་སྤྱི་ཅན་དུ་ཆགས་པའི་གོམས་སྟབས་ཇེ་མགྱོགས་སུ་བཏང་བ་དང་།  བོད་ཀྱི་གསོ་རིག་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་འབད་འབུངས་ལྷོད་མེད་བྱེད་རྒྱུ་དེ་ཡིན་ནོ།  ། 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716