སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཚོགས་ཆེན་བཅུ་དགུ་པར་ཕུལ་བའི་བོད་ལྗོངས་ཀྱི་ལེགས་སྐྱེས།“ཆེས་མཛེས་སྡུག་ལྡན་པའི་མཐོ་རིམ་གཞུང་ལམ་”།
སྤེལ་དུས། 2017-10-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར།   “མཛེས་ཉམས་ཆེས་དོད་པའི་མཛེས་ལྗོངས་ལམ་”“བོད་ལྗོངས་ཀྱི་ཆེས་བཀྲག་མདངས་མཚར་བའི་སྔོ་ལྗང་གི་ཁྱམས་རིང་”“རིམ་ སྤར་རྒྱལ་ལམ་318”ནི་ཉི་འོད་གྲོང་ཁྱེར་དུ་འབོད་པའི་ལྷ་ས་ནས་མགོ་བརྩམས་ཤིང་མཛེས་སྡུག་ལྡན་པའི་“ཁམ་བུའི་མེ་ཏོག་གི་གླིང་ག་”ཉིང་ཁྲི་དང་སྦྲེལ་ཡོད།     རྒྱལ་ལམ་དེ་མཛེས་སྡུག་ལྡན་པའི་ཉང་ཆུ་གཙང་པོ་བརྒྱུད་ལྷོ་ཕྱོགས་སུ་འཐེན་ཞིང་།   ལམ་བར་དུ་གངས་རི་དང་ནགས་ཚལ།   ཆུ་བོ།   བརླན་ས།   རྩྭ་ཐང་།   ཞིང་ས་བརྒྱུད་བོད་ལྗོངས་ཀྱི་ལྟ་ན་སྡུག་པའི་ཡུལ་ཆེན་པོ་གཉིས་གཅིག་ཏུ་སྤྲེལ་བ་དང་།   ལམ་རྒྱུད་ཀྱི་མཛེས་ལྗོངས་ལྟ་ན་སྡུག་པོ་ཡོད།   ཕོ་བྲང་པོ་ཏ་ལ་དང་ལྷ་སའི་གཙུག་ལག་ཁང་།   ནོར་བུ་གླིང་ཁ།   མི་ལ་བར་ལ།  བྲག་གསུམ་མཚོ།   ཉང་ཆུ།   ཡར་ཀླུང་གཙང་པོའི་རོང་ཆེན།   གནས་ཡུལ་ལུང་ཤུར།   ཀླུ་ནང་ནགས་ཚལ་སོགས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ལམ་རྒྱུད་དུ་མཐོང་ཐུབ་པའི་རྒྱལ་ལམ་དེ་ནི་ཉིང་ལྷ་མཐོ་རིམ་གཞུང་ལམ་ཡིན།
ཉིང་ལྷ་མཐོ་རིམ་གཞུང་ལམ།
          སུམ་མདོའི་ཕུག་ལམ་དང་མི་ལ་བར་ལའི་ཕུག་ལམ་ཕུད།   རྒྱལ་ལམ་318གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་དེ་གཞི་རྩའི་ཐོག་རླངས་འཁོར་ཤར་གཏོང་བྱ་ཆོག་པས།   ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ལོ་68འཁོར་བའི་རྒྱལ་སྟོན་དུས་ཆེན་གྱི་ལེགས་སྐྱེས་ཏེ།   “ཆེས་མཛེས་སྡུག་ལྡན་པའི་མཐོ་རིམ་གཞུང་ལམ་”དེ་ད་ལོའི་ཟླ་10ཚེས་1ཉིན་ནས་བཟུང་དངོས་སུ་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱས།   ལྷ་ས་ནས་ཉིང་ཁྲི་བར་གྱི་རླངས་འཁོར་ཤར་གཏོང་དུས་ཡུན་ཆུ་ཚོད་8-9ནས་ཆུ་ཚོད་5བར་ཉུང་དུ་བཏང་།
ཉིང་ལྷ་མཐོ་རིམ་གཞུང་ལམ་གཡས་གཡོན་གྱི་གསེར་མདོག་གི་སྤང་ཐང་།
          ཟླ་10བའི་ཉིང་ལྷ་མཐོ་རིམ་གཞུང་ལམ་གྱི་གཡས་གཡོན་ནི་ཚོན་སྒམ་གང་མགོ་རྟིང་བསློག་པ་དང་མཚུངས་པར་ཁ་དོག་སྣ་ཚོགས་བྱུགས་པས་དྲོ་སྐྱིད་ལྡན་ལ་ཡིད་དབང་འཕྲོག་པའི་སྟོན་ཉམས་ཀྱིས་ཁེངས།   ཉང་ཆུའི་ཡུལ་ལྗོངས་དེ་སྟོན་ཁའི་བསིལ་རླུང་གིས་གསེར་མདོག་གི་ཁ་དོག་བྱུགས་པས་ཉི་འོད་ཀྱི་འོག་ཏུ་རབ་དཀར་འཕྲོ་ཞིང་སྟོན་ཉམས་དོད་པའི་སྣུམ་རིས་དང་གཅིག་ཏུ་མཚུངས།   རི་ལྡེབས་ཐམས་ཅད་དམར་པོ་མེ་དཔུང་ལྷབ་ལྷུབ་ཏུ་འབར་བ་བཞིན་ཆུ་ངོགས་དང་རི་བོ།   རི་ཀླུང་ཀུན་དམར་པོ་བསྒྱུར།  གཙང་པོ་དྭངས་ཤིང་སྔོ་བ་དེ་བྱེ་གླིང་དཀར་པོ་དང་སྡོང་ལོ་དམར་པོ་ཆུ་ཁར་གཡེང་བས་མཛེས་སྡུག་ནི་རྨི་ལམ་ལྟ་བུ་ཞིག་རེད།   སྤྲིན་དཀར་གྱི་དར་སྲབ་རིང་མོས་རི་ཀླུང་དཀྲིས་པས་རབ་རིབ་ཀྱི་སྟོན་ཀའི་ཡུལ་ལྗོངས་ཀྱིས་མི་སེམས་རབ་ཏུ་བཀུགས།  ཆུ་ངོགས་ཀྱི་འཇའ་ཚོན་སྣ་ལྔའི་ཤིང་སྡོང་གི་འདབ་མའི་གྲིབ་མ་དེ་གཡུ་མདོག་གི་གཙང་ཆུའི་ངོས་སུ་ལྷམ་མེར་ཤར་བས།   སྟོན་ཉམས་ཀྱིས་ཕྱུག་པའི་མཛེས་ལྗོངས་ཀྱི་ཁ་དོག་རྣམ་པར་བཀྲ།
ཉིང་ལྷ་མཐོ་རིམ་གཞུང་ལམ་ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་གྲོང་སྡེ།
          བོད་དུ་ཁ་ལོ་བ་བྱས་པའི་ཝང་ལགས་ནི་བོད་སྐྱོད་མི་རབས་གཉིས་པ་﹙མཐུན་སྒྲིལ་ཁྱིམ་ཚང་﹚ཡིན།   ལོ་ངོ་30ལྷག་གི་ཁ་ལོ་བའི་ཉམས་མྱོང་ཡོད།   ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ཏག་ཏག་ལོ་ངོ་30ལྷག་འགོར་ཡོད།   ཉིང་ལྷ་མཐོ་རིམ་གཞུང་ལམ་ནི་ཝང་ལགས་ལ་མཚོན་ན་ལོངས་སྤྱོད་ཧ་ཅང་ཚིམ་པོ་ཞིག་ཡིན།   ཝང་ལགས་ཀྱིས་བརྗོད་རྒྱུར།   “མཛེས་སྡུག་ལྡན་པའི་ཉིང་ལྷ་མཐོ་རིམ་གཞུང་ལམ་གྱི་སྐྱིད་སྣང་དོད་པ་དང་བརྟན་གནས།   ཉེན་ཁ་མེད་པ།  གཞུང་ལམ་གཡས་གཡོན་གྱི་སྣོད་བཅུད་འཛུགས་སྐྲུན་ཕུན་སུམ་ཚོགས་པ་དང་།   སྣོད་བཅུད་སྲུང་སྐྱོང་ལག་རྩལ་མཐོན་པོ་བཀོལ་བས་ཡིད་སྤྲོ་ཞིང་ལྟ་ན་སྡུག་པ་མཐོང་ཚེ།   སྲིད་གཞུང་གིས་སྣོད་བཅུད་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཆེན་གནང་བ་གསལ་བཤད་བྱེད་ཐུབ།  ལམ་བར་གྱི་མཛེས་ལྗོངས་དང་རླངས་འཁོར་ནང་གི་རྣ་བར་སྙན་པའི་རོལ་དབྱངས།  ང་རང་ལས་ཀ་འདི་ལ་ཅིའི་ཕྱིར་མི་དགའ།  ངའི་མིག་ནང་དུ་ཉིང་ལྷ་མཐོ་རིམ་གཞུང་ལམ་ནི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ལམ་ཆེན་ཞིག་ཡིན་པ་མ་ཟད།   ངས་ལོ་ཤས་རིང་ལམ་བར་མི་སེར་གྱི་འཚོ་བའི་ཆུ་ཚད་ཀྱི་འགྱུར་ལྡོག་འགྲོ་བཞིན་པ་མཐོང་།   མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཁང་བརྩེགས་རེ་རེ་མིག་ཟུར་ནས་ཤར་མར་འགྲོ་བ་དང་མཛེས་སྡུག་ལྡན་པའི་སྤང་ལྗོངས་སྟེང་ལུག་ཁྱུ་དང་ནོར་ཁྱུས་ཁེབས།   བློ་བདེ་བག་ཕེབས་ཀྱིས་རླངས་འཁོར་བསྐོར་དུས་སེམས་པ་ནི་དགའ་ལྷང་ལྷང་ཞིག་རེད།”

བོད་སྐྱོད་པ་མི་རབས་གཉིས་པའི་ཁ་ལོ་བ་ཝང་ལགས།
          “བསྒྱུར་བཅོས་སྒོ་འབྱེད་གྱི་སྔ་རྗེས་སུ་བོད་ལྗོངས་ཀྱི་གཞུང་ལམ་གྱི་ལག་རྩལ་རིམ་པ་དམའ་བ་དང་ལྗིད་ཤུགས་ཐེག་ཚད་དམའ་བ།   སྐྱེལ་འདྲེན་གྱི་ལས་ཕྱོད་ཞན་པ།   ཤར་གཏོང་སྤུས་ཚད་མཐོན་པོ་མེད།   གནོད་འགོག་ནུས་པ་ཞན་པ།   འཁོར་བསྐྱོད་ཀྱི་དུས་ཚོད་རིང་པོ་ཡིན་པས་སྐྱེལ་འདྲེན་གྱི་མ་རྩ་མཐོན་པོ་ཡོད།   གཞུང་ལམ་གྱི་ཉེན་མེད་འགན་སྲུང་གི་ཆུ་ཚད་དང་འགྲུལ་སྐྱོད་ནུས་པ་མི་ཆེ་བས།   བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཀག་རྒྱ་ཐེབས་པས་གནད་དོན་གལ་ཆེན་ཞིག་ཡིན།   དུས་ཐུང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བས་བོད་ལྗོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ནུས་པ་ཞན་པ་དང་སྐྱེལ་འདྲེན་གྱི་དུས་ཡུན་རིང་བ་ནི་འདས་དོན་གྱི་ལོ་རྒྱུས་ཞིག་ཏུ་གྱུར།”   ཝང་ལགས་ཀྱིས་དགའ་སྤྲོའི་ངང་བརྗོད་རྒྱུར།  “བོད་ལྗོངས་སུ་མིག་སྔར་ཉིང་ལྷ་མཐོ་རིམ་གཞུང་ལམ་མ་གཏོགས་མེད་ཀྱང་།   བོད་ལྗོངས་ཀྱི་གཞུང་ལམ་གྱི་དྲ་བ་ཆགས་ཟིན་པ་དང་འགྲིམ་འགྲུལ་ཕྱོགས་བཞིར་ཁྱབ་ལ་བོད་ལྗོངས་ཀྱི་གཞུང་ལམ་གྱི་རིམ་པ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བཞིན་པ་དང་།   ད་ལྟ་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ།”   གཞུང་ལམ་གྱི་སྐོར་གླེང་མོལ་བགྱིས་ཚེ་ཝང་ལགས་ཀྱིས་བོད་ལྗོངས་ཀྱི་གཞུང་ལམ་ལ་བརྩེ་དུང་ཟབ་མོ་བཅངས་ཡོད།
སྣག་རིས་ལྟ་བུའི་ཉིང་ལྷ་མཐོ་རིམ་གཞུང་ལམ།
          ཉིང་ལྷ་མཐོ་རིམ་གཞུང་ལམ་ནི་བོད་ལྗོངས་ཀྱི་“ལོ་ལྔ་ཚན་བཅུ་གཉིས་པའི་”རིང་གི་གཞུང་ལམ་འགྲིམ་འགྲུལ་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་གྲས་ཤིག་ཡིན་པ་དང་།   རྒྱལ་ཁབ་ཀྱི་མ་ལམ་གཞུང་ལམ་དྲ་བའི་རྒྱལ་ལམ་318ཧྲང་ཧའེ་ནས་གཉའ་ལམ་བར་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན།   བོད་རང་སྐྱོང་ལྗོངས་ཀྱི་“གཞུང་བཞི་དང་འཕྲེད་གསུམ།   བརྒྱུད་ལམ་དྲུག་”གི་སྒྲོམ་གཞི་གཙོ་བོའི་གཞུང་ལམ་ཚན་པ་གལ་ཆེ་ཡིན་པས་བོད་ལྗོངས་དཀྱིལ་ཁུལ་དང་བོད་ལྗོངས་ཤར་རྒྱུད་ཀྱི་དཔལ་འབྱོར་ཁུལ་དང་།  ལྷོ་ནུབ་ཆེན་པོར་བགྲོད་ལམ་གཞུང་ལམ་གཙོ་བོ་ཡིན།   གཞུང་ལམ་གྱི་མགོ་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་ཡིན་པ་དང་ཉིང་ཁྲི་གྲོང་ཁྱེར་བརྒྱད་གཅིག་གྲོང་རྡལ་བར་མཇུག་སྒྲིལ།   སྤྱིའི་རིང་ཚད་ལ་སྤྱི་ལེ་409.2ཡོད།   འཁོར་ལམ་བཞི་ཡོད་པའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་གཞིར་བཟུང་ནས་འཛུགས་སྐྲུན་བྱས་ཡོད།   ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་80དང་ལམ་ངོས་ཞེང་ཚད་སྨི་21.5དང་།   ཕྱོགས་གཉིས་བཞི་བསྟར་འཁོར་ལམ་ཡོད།   རྣམ་གྲངས་མཆན་འགོད་མ་དངུལ་སྒོར་དུང་ཕྱུར་324.39ཡིན་པ་ཡོད་ཚད་རྒྱལ་ཁབ་ཀྱི་མ་དངུལ་བཏང་བ་དང་།   མིག་སྔར་མ་དངུལ་སྒོར་དུང་ཕྱུར་254.6383ཡོངས་གྲུབ་བཏང་ཚར།
ཉིང་ལྷ་མཐོ་རིམ་གཞུང་ལམ་གྱི་ཉང་སྐད་གྲོང་ཕུག་ལམ།
          ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པ།   མི་ལ་རི་བོའི་ཕུག་ལམ་ལས་གྲྭ་བཅས་དུས་ཁག་བགོས་ནས་འཛུགས་བསྐྲུན་བྱས།    དུས་ཁག་དང་པོའི་ལས་གྲྭ་ནི་2015ལོའི་ཟླ་9ཚེས་15ཉིན་རླངས་འཁོར་ཤར་གཏོང་བྱས་པ་དང་།   དུས་ཐེངས་གཉིས་པའི་ལས་གྲྭའི་སུམ་མདོ་ཕུག་ལམ་ཕུད།   ལས་གྲྭ་ཧྲིལ་པོ་ལེགས་གྲུབ་ཟིན་པས་གཞི་རྩའི་ཐོག་རླངས་འཁོར་ཤར་གཏོང་བྱ་བའི་ཆ་རྐྱེན་ཡོངས་སུ་འཛོམས་ཡོད།  ད་ལོའི་ཟླ་9ཚེས་21ཉིན་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱས།   མི་ལ་བར་ལའི་ཕུག་ལམ་ནི་ཉིང་ལྷ་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་ཁྲོད་ཀྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན།    མིག་སྔར་ཕུག་ལམ་གཡོན་གྱི་ཕུག་སྨི་4195ལེགས་འགྲུབ་ཟིན་པས་སྤྱིའི་རིང་ཚད་ཀྱི་73.2%ཟིན།   ཕུག་ལམ་གཡས་ཀྱི་ཕུག་4267.7ལེགས་འགྲུབ་ཟིན་པས་སྤྱིའི་རིང་ཚད་ཀྱི་74.6%ཟིན།  ཕུག་ལམ་ཕྱི་རོལ་གྱི་ལས་གྲྭ་ཡོངས་སུ་རླངས་འཁོར་ཤར་གཏོང་གི་གཞི་རྩའི་ཆ་རྐྱེན་འཛོམས་པ་དང་།    2018ལོར་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཀྱི་འཆར་གཞི་ཡོད།
པར་རིས་ནང་གི་ཉིང་ལྷ་མཐོ་རིམ་གཞུང་ལམ།
          ཉིང་ལྷ་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་ཀྱི་དམངས་ཕྱུག་དམངས་ཕན་དང་ཁོར་ཡུག་སྲུང་སྐྱོང་།   སྤུས་ཚད་ལྟ་སྐུལ་ཚོད་འཛིན།   རྩིས་བཤེར་ལྟ་སྐུལ།   ལས་གྲྭ་དོ་དམ་སོགས་ཕྱོགས་གང་ཐད་ནས་ལེགས་ཆ་མི་ཉུང་བ་འབུར་ཐོན་བྱུང་ཡོད།
          གཅིག་ནས་བཟོ་སྐྲུན་བྱེད་རིང་རྒྱལ་ལམ་318འཁོར་སྐྱོད་རྒྱུན་གཏན་ལྟར་ཤུགས་རྐྱེན་ཐེབས་མེད་པ་དང་།   ཉིང་ལྷ་མཐོ་རིམ་གཞུང་ལམ་ནི་G318བར་ཁྱམས་བརྒྱུད་འཛུགས་བསྐྲུན་བྱས་པས་སྔར་གྱི་རྒྱལ་ལམ་318འཐུས་ཤོར་བྱུང་མེད།   དེར་བརྟེན།   ལས་གྲྭའི་ཨར་ལས་ཀྱིས་རྒྱལ་ལམ་318རྒྱུད་ཀྱི་རྒྱུན་གཏན་གྱི་འཁོར་སྐྱོད་ལ་གཞི་རྩའི་ཆ་ནས་ཤུགས་རྐྱེན་བཟོས་མེད་པ་དང་།   འགྲོ་འོང་བྱེད་པའི་རླངས་འཁོར་རྒྱུན་གཏན་ལྟར་འཁོར་སྐྱོད་བྱས་ཡོད།
          གཉིས་ནི་ཁོར་ཡུག་སྲུང་སྐྱོབ་དང་འབྱུང་ཁམས་སྔོ་ལྗང་ཅན་དུ་སྒྱུར་བར་དོ་སྣང་བྱས་ཡོད།  གཏོར་བཤིག་མི་ཐེབས་པ་དང་ས་ངོས་ཉུང་ཙམ་བསློག་པ།  སླར་གསོ་མང་པོ་བྱེད་པའི་རྩ་དོན་ལྟར།   ཧུར་ཐག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཡོད།  མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ།   ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཀྱི་བཟོ་སྐྲུན་ཁོར་ཡུག་སྲུང་སྐྱོང་གི་ལེགས་འགྲུབ་ཉམས་མྱོང་མ་དཔེ་བཟུང་ནས་སློབ་སྦྱོང་བྱས་ཏེ།   གཞུང་ལམ་རྒྱུད་ཀྱི་སྔོ་འགྱུར་ལས་གྲྭ་ལག་བསྟར་དང་གཞུང་ལམ་ལམ་རྒྱུད་ཀྱི་མཛེས་ལྗོངས་མཛེས་བཟོ་བྱས།
སྟོན་ཁའི་སྡོང་ལོས་བརྒྱན་པའི་ཉིང་ལྷ་མཐོ་རིམ་གཞུང་ལམ།
          གསུམ་ནི་ནུས་ཤུགས་ཡོད་རྒུས་“སྤུས་ལེགས་ལས་གྲྭ་”དང་“ཉི་འོད་ལས་གྲྭ་”འཛུགས་སྐྲུན་བྱས།   ཉིང་ལྷ་མཐོ་རིམ་གཞུང་ལམ་གྱི་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད།   ཆ་འཕྲིན་ཅན་གྱི་བྱ་ཐབས་ཐོག་མར་ལས་གྲྭའི་ནང་སྤྱད་ནས་རིག་ནུས་ལྟ་སྐུལ་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།
ཉིང་ལྷ་མཐོ་རིམ་གཞུང་ལམ་གྱི་གཡས་གཡོན་རི་ལྡེབས་སྔོན་པོ།
          ཉིང་ལྷ་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཤར་ཕྱོགས་ཀྱི་ལྟེ་བའི་ས་ཁུལ་གྱི་རྒྱལ་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དང་།   མེས་རྒྱལ་མཐའ་མཚམས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་།   སྟོབས་ལྡན་པའི་འདེགས་སྐྱོར་དང་འགན་སྲུང་གི་ནུས་པ་འདོན་སྤེལ་བྱས་ཏེ།   བོད་ལྗོངས་དེ་“ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་”དུ་ཞུགས་པར་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་གལ་ཆེན་འདོན་སྤེལ་དང་།   བོད་ལྗོངས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།   དམངས་འཚོ་ལེགས་བཅོས་བྱ་བ།   འབྱོར་ཕྱུག་གི་ཕྱོགས་སུ་བསྐྱོད་པ་དང་མི་རིགས་མཐུན་སྒྲིལ།   མཐའ་སྲུང་སྲ་བརྟན།   དེ་བཞིན་སྤྱི་ཚོགས་ཀྱི་བྱ་གཞག་སྤྱི་པའི་ཞབས་ཞུའི་ལས་རིགས་དང་ཡུལ་སྐོར་ལས་རིགས་རིམ་པ་སྤར་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
ཉིང་ལྷ་མཐོ་རིམ་གཞུང་ལམ་ཀྱི་མི་རིགས་ཁྱད་ཆོས་ཀྱིས་ཕྱུག་པའི་ཕུག་ལམ།
          བོད་ལྗོངས་ཀྱི་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཤུགས་རྐྱེན་ཆེས་ཆེར་མཐོ་རུ་འགྲོ་བ་དང་།   བོད་ལྗོངས་ཀྱི་གྲོང་ཁྱེར་གཙོ་བོ་བར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཆ་རྐྱེན་ལེགས་སུ་གཏོང་བ་དང་།   བོད་ལྗོངས་དེ་སྔར་བས་རྒྱལ་ཁབ་ཀྱི་“རྒྱུད་གཅིག་ལམ་གཅིག་”དང་“ཧི་མ་ལ་ཡའི་མཐའ་སྐོར་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁུལ་”དུ་ཞུགས་པར་སྐུལ་འདེད་གཏོང་བ་དང་།   ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བའི་གཞུང་ལམ་འཛུགས་སྐྲུན།   བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འདེགས་སྐྱོར་ཤུགས་ཆེན་འདོན་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716