སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་དོན་ལྟ་སྐུལ་ཨུ་ལྷན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ།
སྤེལ་དུས། 2017-12-07   ཡོང་ཁུངས། ​ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་དོན་ལྟ་སྐུལ་ཨུ་ལྷན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
            《བསམ་འཆར》ནང་། གྲོང་དོན་ལྟ་སྐུལ་ཨུ་ལྷན་ནི་གྲོང་མིས་གྲོང་དོན་ལ་དམངས་གཙོའི་ལྟ་སྐུལ་བྱེད་པའི་སྒྲིག་གཞི་ཞིག་ཡིན་པ་དང་། གྲོང་དོན་ལྟ་སྐུལ་ཨུ་ལྷན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དེས་གྲོང་མི་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་འབྱུང་རྩ་ནས་བཀག་སྟེ་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ལུགས་བསྟན་ཡོད།
            《བསམ་འཆར》ནང་། གྲོང་དོན་ལྟ་སྐུལ་ཨུ་ལྷན་དེ་སྤྱིར་མི་གསུམ་ནས་ལྔ་བར་ཡིན་པ་དང་ཀྲུའུ་རེན་གཅིག་བཀོད་སྒྲིག་བྱ་རྒྱུ་ཡིན། དེའང་གྲོང་མི་ཨུ་ལྷན་གྱི་ཁོངས་མི་མིན་པའི་གྲོང་ཚོའི་ཏང་རྩ་འཛུགས་ཚན་ཁག་གི་ཁོངས་མིའམ་ཏང་ཡོན་གྱིས་ཀྲུའུ་རེན་གྱི་འགན་འཁུར་རྒྱུའི་གྲོས་འགོ་འདོན་རྒྱུ་དང་། རྩ་དོན་ཐོག་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་འཁུར་མི་རུང་། གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མི་ནི་གྲོང་མིའི་ཚོགས་འདུའམ་གྲོང་མིའི་འཐུས་མི་ཚོགས་ཆེན་གྱིས་གྲོང་མིའི་ཁྲོད་ནས་མིང་བཏོན་འདེམས་བསྐོ་བྱས་ནས་བྱུང་བ་ཞིག་ཡིན་དགོས་པ་དང་། དེའི་ལས་འཁུར་གྱི་དུས་ཡུན་ནི་གྲོང་མི་ཨུ་ལྷན་གྱི་ལས་འགན་འཁུར་ཡུན་དང་གཅིག་མཚུངས་ཡིན། གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མི་ནི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བའི་ཁར་སྒྲིག་འཁུར་ཁྲིམས་སྲུང་དང་། གཞུང་དྲང་དྲང་བདེན། རྩ་དོན་མཐའ་འཁྱོངས། འགན་འཁྲི་འཁུར་ཕོད་པ། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་ཡིན་དགོས་ལ། སྲིད་ཇུས་ཀྱི་ཆུ་ཚད་དང་ཁྲིམས་བཞིན་ལས་དོན་སྒྲུབ་པའི་ནུས་པ་ངེས་ཅན་ལྡན་པ་དང་། སེམས་རྩ་འཁོལ་པོས་གྲོང་མིར་ཞབས་འདེགས་ཞུ་བ་ཞིག་ཀྱང་དགོས། དེའི་ནང་ནོར་དོན་རྩིས་གཉེར་དང་དོ་དམ་གྱི་ཤེས་བྱ་ལྡན་པའི་མི་ཡོད་དགོས། ཤང་དང་གྲོང་རྡལ་གྱི་ཏང་ཨུད་དང་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་མི་འདེམས་པའི་འགག་སྒོ་ཡག་པོ་སྲུང་དགོས། གྲོང་མི་ཨུ་ལྷན་གྱི་ཁོངས་མི་དང་དེའི་གཉེན་ཉེ་དང་། གྲོང་ཚོའི་རྩིས་པ(གྲོང་ཚོའི་རྩིས་ཐོ་བཟོ་མཁན) གྲོང་ཚོའི་དྲུང་ཡིག གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཀྱིས་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མིའི་འགན་འཁུར་དུ་འཇུག་མི་རུང་ལ། རྩ་འཛུགས་དང་མི་སྒེར་གང་རུང་གིས་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མི་གཏན་འཁེལ་དང་མངགས་གཏོང་བྱེད་མི་རུང་བ་བཅས་ཀྱི་གཏན་འབེབས་བྱས་ཡོད།
            ད་དུང《བསམ་འཆར》ནང་། གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་འགན་འཁྲི་ནི། གྲོང་དོན་དང་ནོར་དོན་གྱི་དོ་དམ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱས་ནས་གྲོང་མིའི་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་བདག་སྤྲོད་དང་བསྡུ་རྒྱུ་དེ་ཡིན། གྲོང་དོན་ལྟ་སྐུལ་ཨུ་ལྷན་དང་དེའི་ཁོངས་མིར་ཁེ་དབང་འདི་དག་ལྡན་པ་སྟེ། (1)གནས་ཚུལ་ཤེས་དབང་ཡོད་པ། གྲོང་མི་ཨུ་ལྷན་གྱི་ཚོགས་འདུ་དང་། གྲོང་མིའི་ཚོགས་ཆུང་། གྲོང་མིའི་འཐུས་མིའི་ཚོགས་འདུ། གྲོང་ཚོའི“ཨུ་ལྷན་གཉིས” ཀྱི་མཉམ་འབྲེལ་ཚོགས་འདུ་སོགས་ལ་ཞུགས་ནས་གནས་ཚུལ་རྒྱུས་ལོན་ཤེས་རྟོགས་བྱེད་པ་དང་། (2)འདྲི་རྩད་བྱེད་དབང་ཡོད་པ། གྲོང་མིའི་བསམ་འཆར་ཆེ་བའི་གྲོང་དོན་དང་ནོར་དོན་གྱི་གནད་དོན་ལ་སྐད་ཆ་དྲིས་ནས་འབྲེལ་ཡོད་ཕྱོགས་ཀྱིས་གྲོང་མིར་གསལ་བཤད་རྒྱག་ཏུ་འཇུག་པ།(3)ཞིབ་རྩིས་བྱེད་དབང་ཡོད་པ། རྒྱུ་ནོར་གྱི་དམངས་གཙོའི་བདག་གཉེར་དང་གྲོང་དོན་ཡོངས་བསྒྲགས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་གནས་ཚུལ་ལ་ཞིབ་རྩིས་བྱེད་པ། (4)གྲོས་འགོ་འདོན་དབང་ཡོད་པ། གྲོང་ཚོའི“ཨུ་ལྷན་གཉིས” ལ་གྲོང་དོན་དོ་དམ་གྱི་གྲོས་འགོ་འདོན་པ་དང་དགོས་ངེས་སྐབས་ཤང་དང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་ལ་གྲོས་འགོ་འདོན་ཆོག གྲོང་དོན་ལྟ་སྐུལ་ཨུ་ལྷན་དང་དེའི་ཁོངས་མིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་གཞིགས་པ་དང་། དངོས་ཐོག་བདེན་འཚོལ་དང་དྲང་གཞག་དྲང་བདེན་ཐོག་ནས་ལྟ་སྐུལ་བྱས་པ་ལས་གྲོང་དོན་གྱི་ཞིབ་ཕྲའི་ཐབས་ཇུས་དང་དོ་དམ་ནང་ཐད་ཀར་མི་ཞུགས་རྒྱུ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་རྒྱུན་གཏན་འཚོ་བར་ཐེ་ཇུས་མི་བྱེད་པ།(5)དམངས་གཙོའི་དཔྱད་མོལ་བྱེད་པའི་དབང་ཆ་ཡོད་པ། གྲོང་མིའི་ཚོགས་འདུའམ་གྲོང་མིའི་འཐུས་མི་ཚོགས་ཆེན་གྱིས་གྲོང་མིའི་ཨུ་ལྷན་གྱི་ཁོངས་མི་དང་དེ་བཞིན་གྲོང་མིའམ་ཡང་ན་གྲོང་ཚོའི་མཉམ་སྡེབ་ཀྱིས་ལས་ཐེབས་ཆག་པར་ཁ་གསབ་སྤྲོད་པའི་གདན་ཞུའི་མི་སྣའི་འགན་འཁྲི་གཙང་སྒྲུབ་བྱས་ཚུལ་ལ་དམངས་གཙོའི་དཔྱད་མོལ་བྱ་རྒྱུ་དེ་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱིས་གཙོ་སྐྱོང་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།
            ཡང《བསམ་འཆར》ནང་། གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱིས་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གཤམ་གསལ་གྱི་ལྟ་སྐུལ་ཐད་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས་པ་སྟེ། (1)གྲོང་དོན་གྱི་ཐབས་ཇུས་དང་གནས་ཚུལ་ཡོངས་བསྒྲགས་བྱ་ཚུལ་ཡིན། གཙོ་བོ་ནི་གྲོང་དོན་གྱི་ཐབས་ཇུས་དེ་གཏན་འབེབས་ཀྱི་ལས་རིམ་བཞིན་བྱས་ཡོད་མེད་དང་། གྲོང་དོན་ཡོངས་བསྒྲགས་ཁྱོན་ཡོངས་དང་། བདེན་པ་བདེན་ཐུབ། དུས་ཐོག ཚད་དང་མཐུན་པ་བཅས་བྱུང་ཡོད་མེད་ཡིན། (2)གྲོང་ཚོ་རིམ་པའི་ནོར་སྲིད་ལ་དོ་དམ་བྱས་ཚུལ་ཡིན། གཙོ་བོ་ནི་གྲོང་མི་ཨུ་ལྷན་དང་། གྲོང་མིའི་ཚོགས་ཆུང་གིས་ཚབ་བྱས་ནས་དོ་དམ་བྱེད་པའི་མཉམ་སྡེབ་ཀྱི་རྒྱུ་དངུལ་ཐོན་ཁུངས་ལ་དོ་དམ་བྱས་ཚུལ་དང་གྲོང་ཚོ་རིམ་པའི་ནོར་སྲིད་དོ་དམ་བྱ་ཚུལ་གཞན་ཡིན། (3)གྲོང་ཚོའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ཡིན། གཙོ་བོ་ནི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སྒྲུབ་པ་སོགས་ཀྱི་འདུ་འགོད་རྣམ་གྲངས་འཛུགས་པ་དང་། འོས་འགུག་འོས་དཔོད། སྔོན་རྩིས་ངེས་རྩིས། ཨར་སྐྲུན། སྤུས་ཚད་རྩིས་ལེན་བཅས་ཀྱི་གནས་ཚུལ་ཡིན། (4)ཞིང་ཕན་སྲིད་ཇུས་ཀྱི་བྱ་ཐབས་དོན་འཁྱོལ་གནས་ཚུལ་ཡིན། གཙོ་བོ་ནི་ཞིང་སྐྱོར་དང་དབུལ་སྐྱོར་མ་དངུལ་བེད་སྤྱོད་དང་། ཞིང་ལས་ཁ་གསབ་ཀྱི་རོགས་དངུལ་ཁག་སྤྲད་པ། གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་འདུན་ཞུ་དང་སྤྲད་པའི་གནས་ཚུལ་སོགས་ཡིན།(5)གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་གནས་ཚུལ་ཡིན། གཙོ་བོ་ནི་ཤེས་དཔལ་ཡུལ་སྲོལ་འཛུགས་སྐྱོང་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་བཏོད་པ། གོམས་སྲོལ་སྒྱུར་བར་སྐུལ་འདེད། གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག ཡུལ་མིའི་རང་སྐྱོང་སྒྲིག་ཡིག་དང་གྲོང་སྲོལ་དམངས་ཆིངས་ལག་བསྟར་སོགས་ཀྱི་གནས་ཚུལ་ཡིན།(6)ལྟ་སྐུལ་བྱེད་དགོས་པའི་དོན་གནད་གཞན་བཅས་ཀྱི་གཏན་འབེབས་ཀྱང་བྱས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716