སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཕོ་བྲང་པོ་ཏ་ལ་ཐང་དམག་གིས་མེར་མ་བསྲེགས་པའི་ཚུལ་བཤད་པ།
སྤེལ་དུས། 2017-08-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  གུར་མགོན་སྐྱབས།
          བོད་བཙན་པོའི་རྒྱལ་རབས་ཀྱི་ཆོས་རྒྱལ་སྲོང་བཙན་ནས་འུ་དུམ་བཙན་གྱི་བར་དུ་ཐང་རྒྱལ་རབས་དང་རེས་མཛའ་རེས་འཐབ་ཀྱི་ངང་ལ་ལོ་ངོ་སུམ་བརྒྱར་ཉེ་བ་ཕྱིན་ལ། སྤྱིའི་ཆ་ནས་མཛའ་མཐུན་མཉམ་གནས་ཀྱི་འབྲེལ་བ་ལ་བརྟེན་ཏེ་རང་རང་སར་ཆབ་དཔལ་རིག་གསུམ་འཕེལ་རྒྱས་སུ་བཏང་། དེ་ལྟ་ནའང་། ཕྱིས་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་སྲོང་བཙན་གྲོངས་རྗེས་མང་སྲོང་གི་སྐུ་དུས་ཙམ་ལ་ཐང་དམག་བོད་དུ་སླེབས་ནས་ཕོ་བྲང་པོ་ཏ་ལ་མེ་ལ་བསྲེགས་པར་བཤད་པས། འདིར་དེའི་སྐོར་ཅུང་ཟད་བཤད་པར་བྱའོ། །
          དང་པོ། ཕོ་བྲང་པོ་ཏ་ལར་འགྱུར་བ་ཅི་བྱུང་ཚུལ།
          ཕོ་བྲང་པོ་ཏ་ལའི་མིང་ལ་སྔར་ཕོ་བྲང་ཁྲི་རྩེ་དམར་པོ་ཟེར་ཞིང་། ཐོག་མ་བལ་མོ་བཟའ་ཁྲི་བཙུན་གྱིས་བརྩིགས་པར་ལོ་རྒྱུས་རྣམས་སུ་འབྱུང་། པོ་ཏ་ལ་དང་རི་བོ་གྲུ་འཛིན་སོགས་ཐོགས་པ་ནི་ཕྱིས་ཤིག་ལ་ཡིན་པར་སེམས་ཏེ་བཙན་པོ་ཁྲི་འདུས་སྲོང་གི་རིང་ལ་ཕོ་བྲང་ཁྲི་རྩེ་ཞེས་ཏུན་ཧོང་གཏེར་ཡིག་ཏུ་མིང་འབྱུང་ལ། ཡི་གེ་དེ་བྲིས་པ་ནི་ཕལ་ཆེར་མངའ་བདག་རལ་བ་ཅན་གྱི་རིང་ཡིན་ཤས་ཆེ་བས། པོ་ཏ་ལའི་མིང་འདི་བོད་སིལ་བུའི་དུས་ཤིག་ལ་བྱུང་བ་མིན་ནམ་སྙམ།
          བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་རྗེས་བཙན་པོ་ན་རིམ་གྱི་བཞུགས་ས་གཙོ་བོར་གྱུར་པའི་ཕོ་བྲང་འདི་ཡང་བདག་མེད་དུ་ལུས་པར་ཤེས་ཏེ། ཆོས་འབྱུང་མཁས་དགའ་ལས། ཁེང་ལོག་གི་འོག་ཏུ་ར་ས་གཉིས་ལ་ཞབས་ཏོག་མེད་པར་སྤྲང་ཚང་བཅས་ཏེ་ལྷ་ཁང་ཐམས་ཅད་དུ་ཐབ་བཅས་པས་དུ་བས་མོག་པོར་བྱས་པ་རིང་ཞིག་བྱུང་། དེ་ཚེ་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་དང་མདོལ་ཆུང་བསྐོར་དཔོན་གྱིས་སྤྲང་ཁང་ཟུར་དུ་བརྩིགས། དམག་སྦས། ཕྱོགས་གཅིག་ཏུ་སྟོན་འགྱེད་བཏང་བ་ལ་སྤྲང་པོ་རྣམས་འདུས་པའི་ཤུལ་འཕྲོགས་ཏེ་སྤྲང་ཚང་བཏོན། གཙང་ཁང་དབུས་མའི་རྟེན་རྣམས་སྐུ་ཆུང་པས་མི་མཛེས་པར་མཐོང་ནས་སྟེང་ཁང་དུ་གདན་དྲངས་པས་མི་འཁྲུགས་པའི་སྐུས་ཁོ་བོ་གཞན་དུ་མི་འགྲོ་གསུངས་པས་ཇོ་བོ་མི་འགྲོ་གསུང་འབྱོན་དུ་གྲགས། ཞེས་པ་ལས་སྐབས་དེའི་ཕོ་བྲང་པོ་ཏ་ལ་ཡང་ཞབས་ཏོག་སོགས་མེད་པར་རེ་ཞིག་བཞག་གམ་སྙམ།
          རྭ་ལོ་སོགས་དང་དུས་མཉམ་པའི་ཁྱུང་པོའི་མཁས་པ་གྲགས་སེ་བྱ་བ་དེ་པོ་ཏ་ལར་བཞུགས་ནས་ཚད་མའི་འཆད་ཉན་གནང་བའི་ལོ་རྒྱུས་ཀྱང་འདུག་(དགེ་ཆོས་ཀྱི་གསུང)ཅིང་། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྗེའི་རྣམ་ཐར་བདེ་ལེགས་འབྱུང་གནས་ལས། རྗེ་རིན་པོ་ཆེས་མཁན་ཆེན་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དགུན་ཆོས་ལ་སྐྱིད་ཤོད་ཀྱི་པོ་ཏ་ལར་མངོན་པ་ཀུན་བཏུས་གསུང་བ་འདུག་ཅེས་གསན་ནས་ཉང་སྟོད་དབུས་ནས་བཏེགས། པོ་ཏ་ལར་བྱོན་ནས་བླ་མ་དེ་དང་མཇལ། ཞེས་དང་། དགུང་ལོ་སོ་གསུམ་པ་ལ། རྗེ་བཙུན་རེད་མདའ་བ་དབུས་སུ་ཆོས་བར་ལ་ཕེབས་པས། དཔོན་སློབ་གཉིས་པོ་ཏ་ལར་བཞུགས་ནས་ཆོས་ཀྱི་བགྲོ་གླེང་མང་དུ་མཛད། སློབ་མ་རྣམས་ལ་ཆོས་ཀྱང་གསུངས། ཞེས་རྗེ་བཙུན་ཙོང་ཁ་བ་ཡབ་སྲས་སོགས་ཀྱིས་ཀྱང་པོ་ཏ་ལར་འཆད་ཉན་གནང་ཚུལ་འབྱུང་བས་། དུས་ཕྱིས་ཙ་ན་དགོན་གནས་ཀྱི་རྣམ་པར་ཡོད་དམ་སྙམ།(དགེ་ཆོས་ཀྱི་གསུང) དགའ་ལྡན་ཕོ་བྲང་པོ་ཏ་ལར་སྤོས་པ་ནི་རྒྱལ་དབང་ལྔ་བའི་རིང་ལ་ཡིན་ནོ།
          དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་འདི་ལ་དེང་སང་ཡོངས་གྲགས་སུ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཕོ་བྲང་པོ་ཏཱ་ལ་དེར་ཁང་མིག་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་པ་དང་རྩེ་ཐོག་གི་ཁང་མིག་གཅིག་བཅས་བསྡོམས་ཁང་མིག་སྟོང་ཕྲག་གཅིག་ཡོད་པའི་གོ་བ་ལེན་གྱི་ཡོད་པ་དེ་གཞིར་བཟུང་ན། ཐོག་སོ་བཅུ་གཅིག་དང་། ཐོག་སོ་དགུ་ལ་ཐོག་སོ་རེར་ཁང་མིག་བརྒྱ་རེ། ཐོག་སོ་བཅུ་པར་དགུ་བཅུ་གོ་དགུ། རྩེ་ཐོག་གི་ཁང་མིག་བཅས་སྟོང་ཡོད་པར་བརྩི་དགོས་མོད། ཉང་ཉི་མ་འོད་ཟེར་གྱིས། ལྕགས་རིའི་ནང་བསྡོམས་ཁང་མིག་སྟོང་གསུངས་པ་དག་པར་སྙམ། རྒྱུ་མཚན་ནི་མངའ་བདག་ཉང(སྤྱི་ལོ1204ལ་འདས)འདི་ཁ་ཆེ་པཎ་ཆེན་བོད་ལ་མ་བྱོན་གྱི་གོང་རོལ་དུ་བྱོན་པ་ཞིག་ཡིན་པས་སོ་ཞེས་གསུངས།
          ཨོ་ཏི་ལིའི་ཡེ་ཤུ་ཆོས་ཚོགས་ཀྱི་ཚོགས་མི་འཇོན་གུར་བེར(Johannes Gruber)ནི་རྒྱ་ནག་ཏུ་སླེབས་ནས་ལོ་གསུམ་ཙམ་ལ་གཞིས་ཆགས། དེའི་རིང་རྒྱ་ནག་གོང་མ་ཧྲུན་ཀྲིའི་གནམ་རིག་སྐར་རྩིས་ཀྱི་དགེ་རྒན་ཡང་བྱས་མྱོང་། ཧི་ལན་པས་ཨའོ་མིན་བདག་ཏུ་བཟུང་བས། ཁོ་རང་མཚོ་ལམ་བརྒྱུད་ནས་ཕྱིར་ཡོ་རོབ་གླིང་ལ་ལོག་པར་བཀག་རྐྱེན་བཟོས། ཁོས་པེ་ཅིང་ནས་ངོ་ཤེས་པའི་ཆོས་དཔོན་སྡེའུ་སྦེར་བིལ་ཟེར་བ་ཕ་ཡུལ་པིས་ལི་ཧྲི་ཡིན་པ་དེ་དང་འགྲོགས་ནས་རྒྱ་གར་བརྒྱུད་དེ་ཕྱིར་ལོག་པར་ཐག་བཅད། སྤྱི་ལོ༡༦༦༠ལོར་གཉིས་ཀ་མཉམ་དུ་ལྷ་སར་སླེབས། ལྷ་སར་ཟླ་བ་གཉིས་ལ་བསྡད་ཅིང་། དེའི་རིང་ལྷ་སའི་སའི་གོ་ལའི་འཕྲེད་གཞུང་གི་གནས་ས་གཏན་ལ་ཕབ་པ་ཏུའུ་ཕྱེད་ཀ་ཙམ་གྱི་བར་ཁྱད་མ་གཏོགས་ད་ལྟའི་ཚན་རིག་དང་ཡོངས་སུ་མཐུན། ད་དུང་ཕོ་བྲང་པོ་ཏ་ལ་དང་། རྒྱལ་དབང་ལྔ་བ། སྐྱེས་པ་བུད་མེད་ཀྱི་ཆས། ལྷ་སྐུ་ལ་ཕྱག་འཚལ་བའི་གཟུགས་སོགས་རི་མོ་འགའ་རེ་ཡང་བྲིས། ཁོ་རང་པེ་ཅིང་ལ་གྱེས་ནས་ལོ་གཅིག་ལྷག་ཙམ་གྱིས་ཡ་ཀི་ལར་ཐོན། སྡེའུ་སྦེར་ནི་རྒྱ་གར་དུ་ཚེ་ལས་འདས། འཇོན་གུར་བེར་ཡོ་རོབ་གླིང་དུ་སླེབས་རྗེས་ཁོས་བྲིས་པའི་རི་མོ་དང་ཟིན་བྲིས་དག་ཆོས་དཔོན་ཆིར་ཧར་ཟེར་བ་ལ་སྤྲད་དེ་ཙི་ནའི་ཡུལ་ཁམས་ཀྱི་གླེགས་བམ་ལ་བཀོད་དོ།
          མིང་དུ་གྲགས་པའི་པོ་ཏ་ལའི་སྐྱ་བྲིས་དེར་དེང་སང་མཐོང་ཐུབ་པའི་ཕོ་བྲང་དམར་པོ་མེད་ཅིང་། ཐོག་སོ་དགུ་ཡོད་ཅིང་། སྟེང་འོག་ཚང་མ་བསྣན་པས་ཐོག་སོ་བཅུ་གསུམ་ཡོད། སྤྱི་ལོ 1645 ལོ་ནས 1649 ལོའི་བར་གཞི་རྒྱ་བསྐྱེད་པའི་ཕོ་བྲང་དཀར་པོ་ཐོག་སོ་བཞི་མ་གཏོགས་ཕོ་བྲང་དམར་པོ་ནི་སྤྱི་ལོ 1682 ལོ་ནས 1694 ལོའི་བར་ལ་བཞེངས་པ་ཡིན་པས། འདིར་དེ་ཡང་མི་སྣང་། དེས་ན་སྲོང་བཙན་གྱི་དུས་ལ་འོག་ཏུ་དགུ་ཐོག་དང་སྟེང་དུ་ཉིས་ཐོག་ཡོད་པ་ལ་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་རིང་ལ་སྟེང་དུ་ཉིས་ཐོག་བསྣན་པ་ཡིན་ནམ་སྙམ། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཆོས་རྒྱལ་དུས་ཀྱི་གཟིམ་ཁང་ཐོག་སོ་བཅུ་གཅིག་ཅན་ཞེས་སྔར་གྱི་གནས་ཡིག་འགར་ཡང་བཤད་འདུག་ཅེས་གསལ་བར་གསུངས་ཤིང་། འདིའི་དབྱིབས་བཀོད་ཙམ་ཞིག་རྒྱལ་པོའི་བཀའ་འབུམ་དུ་ཡང་གསལ་ལ་ད་ལྟ་སྔོན་གྱི་ཕོ་བྲང་དེའི་དཔེ་རིས་ཁུངས་དག་ཅིག་རྙེད་པ་ནི། རྩེ་ཕོ་བྲང་ཤར་ཁྱམས་ཀྱི་ལྡེབས་རིས་འདི་ཡིན་ཏེ། གོང་ས་ལྔ་བའི་ལྷ་ལྡན་དཀར་ཆག་ཏུ་གཙུག་ལག་ཁང་ན་དཔེ་རིས་རྙིང་པ་དེ་ཡོད་པར་གསུངས་པ་དེང་སང་དུད་དྲེགས་ཆགས་པས་མི་གསལ་མོད། དེ་དུས་མཐོང་ནས་དེ་ལ་ལད་མོ་བྱས་པར་ངེས་སོ།།(འདི་ཡང་དགེ་ཆོས་ཀྱི་གསུང) དེས་རྒྱལ་དབང་ལྔ་པའི་གོང་གི་ཕོ་བྲང་པོ་ཏ་ལ་དེ་ཉིད་ཆོས་རྒྱལ་དུས་ཀྱི་ཕོ་བྲང་དེ་མ་འགྱུར་བར་ཇི་ལྟ་བ་བཞིན་ཡིན་པ་ལས་མེ་ལ་བསྲེགས་མེད་པའི་ཚུལ་ཤེས་ནུས་པ་ལགས། །
          གཉིས་པ། ཕོ་བྲང་པོ་ཏ་ལ་མེར་བསྲེགས་པའི་སྒྲོས་ཇི་ལྟར་བྱུང་ཚུལ།
          《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “ རྒྱལ་པོ་མང་སྲོང་གཤེགས་ཚེ་རྒྱ་དམག་འབུམ་ལྔ་བོད་དུ་བྱུང་། ཕོ་བྲང་ཁྲི་རྩེ་དམར་པོ་བསྲེགས། ”ཞེས་འབྱུང་བ་དང་། དེ་བཞིན《རྒྱལ་རབས་གསལ་བའི་མེ་ལོང》(བརྩམས་པའི་ལོ་མི་གསལ)དང་། 《དེབ་དམར་གསར་མ》(སྤྱི་ལོ1538ལོར་མཛད)།《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》(སྤྱི་ལོ1643ལོར་མཛད)། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》(སྤྱི་ལོ1748ལོར་མཛད)སོགས་ན་ཡང་ཚིག་སྣ་རིང་ཐུང་ཅི་རིགས་པར་དེ་བཞིན་གསུངས་སོ།
          འོ་ན་གཏམ་དེའི་ཁུངས་གང་ལས་བྱུང་བ་ནི་རྒྱལ་རབས་དེ་དག་གི་རྟེན་གཞིར་གྱུར་པ་དུས་རབས་བཅུ་བཞི་བའི་ནང་(སྤྱི་ལོ1346)ལ་བརྩམས་པའི་ཚལ་བ་ཀུན་དགའ་རྡོ་རྗེའི《དེབ་ཐེར་དམར་པོ》ཡིན་ལ། དེའི་ནང་གི་ཐང་རྒྱལ་རབས་ཀྱི་ཡི་གེ་བོད་ཡིག་ཏུ་བསྒྱུར་པ་ལས“ཁྱད་པར་དུ་ལྕགས་ཕོ་རྟའི་ལོ་(སྤྱི་ལོ670)ལ་བོད་ཀྱི་དམག་མིས་ཐང་གི་རྒྱལ་ཁམས་ལ་བརྒྱབ། ཡུ་གུར་གྱི་ཡུལ་ཐམས་ཅད་བླངས་པས། རྒྱའི་རྒྱལ་པོས་བློན་པོ་སེ་བཞིན་ཁུ་དམག་ཁྲི་ཚོ་བཅུ་དང་བཅས་བཏང་ནས། ལྷ་སའི་བར་དུ་སླེབས། ”ཞེས་པ་འདི་ལ་ཐུག་ཅིང་། དེབ་དམར་གྱི་ལུང་འདི་ཡང་ཚལ་བ་རང་གི་གསུང་མ་ཡིན་པར་རྒྱའི་ལོ་ཙཱ་བ་ཧུ་གྱང་ཇུས་ཀྱིས་བོད་ཡིག་ཏུ་བསྒྱུར་ཏེ་འགྲོ་མགོན་འཕགས་པའི་རིང་ལ་ས་སྐྱ་བའི་བླ་མ་གུ་ཤྲི་རིན་ཆེན་གྲགས་པས་(སྤྱི་ལོ1265ལོ)སྤར་དུ་བཏབ་པ་ལས་བཤུས་པ་ཡིན་ནོ།
          ཚལ་བའི་དེབ་དམར་གྱི་ཡར་སྔོན་དུ་བྱུང་བའི་ལོ་རྒྱུས་བསྟན་བཅོས་གྲགས་ཅན་མཁས་པ་ལྡེའུས་མཛད་པའི《ལྡེའུ་ཆོས་འབྱུང》(དུས་རབས་བཅུ་གཉིས་པའི་ནང་བརྩམས)དང་། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》(དུས་རབས་བཅུ་གཉིས་པའི་ནང་བརྩམས)། ནེལ་བ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》(དུས་རབས་བཅུ་གསུམ་པའི་ནང་བརྩམས)སོགས་སུ་རྒྱ་དམག་བོད་དུ་སླེབས་པའི་གཏམ་གྱི་ཚིག་ཟུར་ཙམ་ཡང་མི་སྣང་ལ། དེ་ལས་སྔ་བ་《རྦ་བཞེད།》《བཀའ་ཐང་སྡེ་ལྔ》། 《ཏུན་ཧོང་གཏེར་ཡིག》སོགས་སུ་ཡང་མ་མཆིས་སོ། ། དེ་ན་ཚལ་བའི་དེབ་དམར་ལ་མེད་པའི་ཕོ་ཏ་ལ་མེ་ལ་བསྲེགས་པ་དང་ཇོ་བོ་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་སུ་བཅུག་པ་སོགས་ཕྱིས་ཀྱི་ལོ་རྒྱུས་ལ་བྱུང་བ་ཅི་ཞེ་ན་དེ་ནི་གཏམ་ལ་རྐང་བ་ཐོགས་པ་ཙམ་མོ། །
          གསུམ་པ། ཚལ་བའི་དེབ་དམར་གྱི་འགྱུར་ཡིག་དེ་ནོར་བའི་ཚུལ་བཤད་པ།
          པན་ཆེན་བསོད་ནམས་གྲགས་པས་རྒྱ་དམག་བོད་དུ་སླེབས་ཤིང་ཕོ་བྲང་པོ་ཏ་ལ་མེ་ལ་བསྲེགས་པའི་ཚུལ་རྒྱའི་དེབ་ཐེར་ལས་བྱུང་། ”ཞེས་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“ཕོ་བྲང་དེ་མེ་ལ་བསྲེགས་ཞེས་ལོ་རྒྱུས་འགར་བྲིས་ཀྱང་། རྒྱ་དམག་བོད་དུ་སླེབས་པའི་གཏམ་ནི་རྒྱའི་རྒྱལ་རབས་གང་ནའང་མེད་པ་ཡིན་འདུག་ལ། ”ཞེས་གསུངས་པ་གཉིས་འགལ་བར་སོང་ངོ་།
          དེས་ན། རྒྱའི་རྒྱལ་རབས་དངོས་ངོ་སྤྲད་ན། པན་ཆེན་བསོད་ནམས་གྲགས་པས་རྒྱལ་རབས་འཆད་པའི་རྟེན་གཞི་ནི《ཚལ་བའི་དེབ་དམར》ཡིན་འདུག་ལ། 《ཚལ་བའི་དེབ་དམར》གྱི་ལུང་ནི་གོང་དུ་བཤད་པའི་རྒྱའི་ལོ་ཙཱ་བ་གྱང་ཇུས་སམ་གྱང་དྲུ་ཞེས་པ་དེས་བསྒྱུར་བའི་ཤོག་ལྡེབས་དེ་ཡིན་ཅིང་། ཕྱི་མོ་ནི《ཐང་ཡིག་གསར་མའི་གླེགས་བམ་ཉིས་བརྒྱ་དང་བཅུ་དྲུག་པའི་སྟོད་ཆའི》ནང་བཀོད་པ་དེ་ཡིན་ལ། དོན་གྲུབ་རྒྱལ་གྱི《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ཞེས་པར། “ཞན་ཧིན་ཁྲི་ལོ་དང་པོར།(སྤྱི་ལོ670) བྷོད་དམག་སླེབས་ཏེ་ཀྲིག་བཅོ་བརྒྱད་བཅོམ། བྷོད་པས་ལི་ཡུལ་བ་རྣམས་གྲོགས་སུ་བསྡེབས་ནས་ཆིག་ཚི་གྲོང་ཁྱེར་གྱི་པོ་ཧན་མཁར་ཡང་དབང་དུ་བསྡུས། དེ་ནས་ཨན་ཞི་སྡེ་བཞི་བྷོད་ལ་ཤོར། གོང་མས་ཡུག་ཝེ་ཝེ་དམག་དཔོན་ཆེན་མོ་ཞོས་རིན་ཀོས་སྐྱིད་ཤོད་ཏའོ་ཡི་གཡུལ་འདེགས་སྤྱི་ཁྱབ་དམག་དཔོན་ཆེན་མོར་བཀའ་ཕབ། ཙོ་ཝེ་ཡོན་ཝེ་དམག་དཔོན་ཆེན་མོ་ཨ་ཧྲི་ན་ཏའོ་ཀྲིན་བྱ་བ་དང་། ཙོ་ཝེ་དམག་དཔོན་ཀོ་ཏེ་ཧྥིན་གཞོན་པར་ལུང་གནང་སྟེ་བྷོད་དམག་ལ་འཐབ་ཏུ་བཏང་ཞིང་། འ་ཞ་རྣམས་ཁབ་ཏུ་ཕྱིར་ལོག་པའི་སྲུང་མ་བགྱིད་པར་བསྒོས། དམག་འབུམ་ཕྲག་གཅིག་ལྷག་ཁྲིད་ནས་ཏ་ཧྥེ་ཁྲོན་དུ་སླེབས་པ་ཁྲི་འབྲིང་གིས་བཀག་སྟེ་རྒྱ་དམག་ཕམ། དེ་ནས་བྷོད་ཀྱིས་འ་ཞ་བཅོམ་སྟེ་ས་ཡང་བདག་གིར་བཟུང་། གོང་མས་སི་རུང་ཐེ་ཁྲང་པེའམ་ཏུན་ཞི་ཐེ་སན་ཕཱིན་གྱི་གོ་ས་དང་མཉམ་པའི་ཇང་ཁི་བྱ་བ་ལེང་ཀྲིག་ཏའོ་ཡི་གཡུལ་འདེགས་སྤྱི་ཁྱབ་དམག་དཔོན་ཆེན་མོར་བཀའ་ཕབ་སྟེ་གཡུལ་དུ་ཆས། ཇང་ཁི་ལམ་དུ་གྲོངས་པས་དམག་རྣམས་ཕྱིར་ལོག ”ཅེས་སོ།
          དེ་བས། བོད་འགྱུར་གྲགས་ཅན་འདིར་ཐང་དམག་ལྷ་སར་སླེབས་པའི་གཏམ་ནི་རི་བོང་གི་རྭའི་སྤུན་ཟླར་གྱུར་མོད། ཚལ་བའི་དེབ་དམར་དུ་དྲངས་པའི་འགྱུར་ལ“རྒྱའི་རྒྱལ་པོས་བློན་པོ་སེ་བཞིན་ཁུ་དམག་ཁྲི་ཚོ་བཅུ་དང་བཅས་བཏང་ནས། ལྷ་སའི་བར་དུ་སླེབས། ”ཞེས་པའི་ཚིག་ཅིག་དོན་མེད་དུ་བྱུང་བ་ནི་འགྱུར་ནོར་བ་ཙམ་མོ།
          འོ་ན། ཚལ་བའི་དེབ་དམར་དུ་དྲངས་པའི་ལོ་ཙཱ་བ་གྱང་ཇུས་ཀྱི་འགྱུར་དེ་ལ་ནོར་འཁྲུལ་ཇི་ལྟར་བྱུང་བ་ཡིན་ཞེ་ན། དམག་དཔོན་སེ་བཞིན་ཁུ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཟེ་ཞིན་ཀེ་ཞེས་དང་དོན་གྲུབ་རྒྱལ་གྱིས་ཞོ་རིན་ཀོས་ཞེས་པ་དེ་ཡིན་ལ་རྒྱ་ཡིག་གི་ཕྱི་མོར薛仁贵ཞེས་འབྱུང་བ་འདིའི་སྐད་དོད་ཡིན། སྐབས་དེར་ཐང་དམག་སླེབས་པའི་ས་མཚམས་ནི་རྒྱ་ཡིག་ཏུ་ཏ་ཧྥེ་ཁྲོན(大非川)ཡིན་པ་ཤིན་ཏུ་གསལ་བར་ཡོད་ཅིང་། དེའི་ཡན་གྱི་ཡུལ་དུ་སླེབས་ཚུལ་གང་ཡང་མི་སྣང་།
          དེས་ན། ཏ་ཧྥེ་ཁྲོན་ཞེས་པའི་ཡུལ་འདི་ཏུན་ཧོང་གཏེར་ཡིག་ཏུ་ཇི་མ་ཁོལ་ལམ་དྲི་མ་ཁོལ་བྱ་བ་དེ་ཡིན་ལ་ད་ལྟའི་མཚོ་ལྷོ་ཁུལ་གྱི་ཆོས་རྗེ་ཞང་གི་ཁོངས་སུ་ཡོད་པར་བོད་རིག་པའི་མཁས་པ་གྲགས་ཅན་ཧོང་པུའུ་ཧྥན་གྱིས་བཤད་པ་ཤིན་ཏུ་མད་དེ། 《ཐང་ཡིག་གསར་མ》ལས། “ཝང་ཅུན་ཁྲའོ་དང་ཆིན་ཀྲིག་གི་ཏུའུ་ཏུའུ་ཀྲང་ཅིན་ཁྲུན་བྱ་བ་སོགས་ར་མདར་མངགས་ནས། མཚོ་སྔོན་པོའི་ནུབ་ཕྱོགས་སུ་སླེབས་ཚེ། མཚོ་མོ་དར་ཁ་འགྲིག་པའི་དུས་དང་འཕྲད་དེ་དམག་དཔུང་དར་ཐོག་ནས་བཤར། དེ་དུས་སྟག་སྒྲའི་འཁོར་རྣམས་ཆུ་བོ་ཏ་ཧྥེ་ཁྲོན་བརྒྱུད་དེ་ལོག་ཟིན་ཅིང་། གཡུལ་གྱི་ཞབས་ཞུ་བ་དང་ངལ་བས་དུབ་པའི་དམག་མི་སྐོར་ཞིག་མཚོ་སྔོན་པོའི་འགྲམ་དུ་སྡོད་པ་མཐོང་ནས་དེ་དག་བཟུང་ནས་འཁྲིད།” ཅེས་འབྱུང་བས། ཏ་ཧྥེ་ཁྲོན་ནི་མཚོ་སྔོན་པོ་དང་ཤིན་ཏུ་ཉེ་བར་ཡོད་པས་སོ།
          འོན་ཀྱང་ཚལ་བའི་དེབ་དམར་དུ་དྲངས་པའི་འགྱུར་འདི་ལ་“ལྷ་སའི་བར་དུ་སླེབས”ཞེས་པའི་ཚིག་འདི་ཇི་ལྟར་བྱུང་ཚུལ་ལ་བསམ་པར་བྱ་བ་འདི་ཡོད་དེ། 《ཐང་ཡིག》གི་ཕྱི་མོ་ན“གོང་མས་ཡུག་ཝེ་ཝེ་དམག་དཔོན་ཆེན་མོ་ཞོས་རིན་ཀོས་ལྷ་ས་ཏའོ་ཡི(逻娑道)གཡུལ་འདེགས་སྤྱི་ཁྱབ་དམག་དཔོན་ཆེན་མོར་བཀའ་ཕབ།”ཅེས་པ་ཞིག་ཡོད་དེ། ཏའོ་ནི་ཐང་རྒྱལ་རབས་ཀྱི་སྲིད་འཛིན་ས་ཁུལ་དུ་ཏའོ་དང་། ཧྥུའུ། ཀྲིག ཞན་བཅས་བཞི་ཡོད་པ་དང་། ཏའོ་ཞེས་པ་སྲིད་འཛིན་ས་ཁུལ་དུ་བགོས་པ་ཙམ་ལས། དོ་དམ་གྱི་ལས་ཁུངས་བཙུགས་མེད་པས་ད་ལྟའི་ཞིང་ཆེན་དང་ཅུང་མི་འདྲ།
          གོང་མ་ཐང་ཐེ་ཙུང་གི་རིང་ལ་རྒྱལ་ཡོངས་སུ་ཏའོ་བཅུ་བཙུགས་ཤིང་། གོང་ཐང་ཞོན་ཙུང་གི་རིང་ལ་རྒྱལ་ཡོངས་སུ་ཏའོ་བཅོ་ལྔ་བྱུང་། ར་ས་ཏའོ(དོན་གྲུབ་རྒྱལ་གྱིས་སྐྱིད་ཤོད་ཏའོ་ཞེས་་བསྒྱུར་འདུག་པ་དེའོ)་ནི་རྒྱལ་ཡོངས་ཀྱི་ཏའོ་བཅུ་འམ་བཅོ་ལྔའི་གྲས་སུ་བརྩི་ཀྱིན་མེད་དེ། དེ་ནི་ད་ལྟའི་ཟི་ལིང་གི་ཕྱོགས་ཆ་ཙམ་རེ་ཞིག་རྒྱས་བཟུང་བ་ལ་བརྟེན་ནས་ཡུལ་འདི་ལ་ར་ས་ཏའོ་ཞེས་བཏགས་པ་ཡང་མ་ཡིན་པར། ར་ས་ཞེས་པ་ནི་ལྷ་སའི་དོན་ཡིན་མོད། ར་ས་ཏའོ་ཞེས་པ་ཞིག་དོན་དངོས་སུ་བྱུང་མེད་དེ། སྐབས་དེར་ཐང་དམག་གིས་ལྷ་ས་དབང་དུ་འཇུག་འདོད་ཀྱིས་ནུབ་ཕྱོགས་ལ་བསྐྱོད་པའི་དམག་གི་མིང་ལ་དེ་ལྟར་བཏགས་པ་ཙམ་ལས། ཟུར་དུ་ར་ས་ཏའོ་ཟེར་བ་ཞིག་མེད་ཅིང་། ར་ས་ཏའོ་ཡི་དམག་དཔུང་དེ་མཚོ་སྔོན་པོའི་ཉེ་འཁོར་གྱི་ཡན་ཙམ་ལ་སླེབས་མ་མྱོང་སྟེ། ལུང་སོ་དང་ལིན་ཏེ་ཁྲི་ལོའི་བར་དུ་བོད་དང་འ་ཞ་གཉིས་མ་མཐུན་པར་བོད་ཀྱིས་འ་ཞ་ལ་དམག་དྲངས་པས་འ་ཞར་ཕམ་ཉེས་ཚབས་ཆེ་བར་བྱུང་བ་ལ་ཧི་ཡོན་རྗེ་བོ་མོ་རུང་ནོ་པོ་དང་ཧུང་ཧྭ་ཀོང་གཉིས་ཐར་ཏེ་ལེང་ཀྲིག་ཏུ་བྲོས། གོང་མས་ཞོས་རིན་ཀོས་སོགས་འ་ཞ་རྣམས་ལེང་ཀྲིག་ནས་ཕྱིར་ད་ལྟའི་མཚོ་སྔོན་དུ་ལོག་པར་སྲུང་མ་བགྱིད་པར་མངགས་པ་ཡིན་ཚུལ་སོགས་ཐང་ཡིག་གསར་རྙིང་གཉིས་ཀར་གསལ་བས་ར་ས་ཏའོ་ནི་ད་ལྟའི་ཟི་ལིང་གི་ལྷོ་ནུབ་བམ་མཚོ་སྔོན་པོའི་ནུབ་བྱང་གི་རྒྱུད་ཙམ་ལ་མ་གཏོགས་སླེབས་མ་མྱོང་བ་ཐག་ཆོད་དུ་ཡོད་ཀྱང་། ལོ་ཙཱ་བ་གྱང་ཇུས་ཀྱིས་དེ་ལ་མ་བསམ་པར་ལྷ་ས་ཏའོ་ཞེས་པའི་མིང་ཙམ་ལ་འཁྲུལ་ནས་བོད་དམག་ལྷ་སར་སླེབས་པར་བྲིས་པ་གདོན་མི་ཟ་ཞིང་། དེ་ལྟར་བྲིས་པས་ཕྱིས་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་དེ་ལ་དགོས་མེད་ཀྱི་སྣོན་མ་བཏབ་སྟེ་ཕོ་བྲང་ཕོ་ཏ་ལ་མེ་ལ་བསྲེགས་ཤིང་ཇོ་བོ་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་སུ་བཅུག་སོགས་གསུངས་པ་ཡིན་ནོ།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716