སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྐད་ཡིག་དང་མི་རིགས།
སྤེལ་དུས། 2011-12-27   ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར།       རྩོམ་པ་པོ།  སྒྲོལ་མས་བསྒྲིགས།
     དེ་ཡང་གོ་ལ་ཟླུམ་པོའི་སྟེང་དུ་གནས་པའི་མི་རིགས་གང་ཞིག་ཡིན་ནའང་རང་ཉིད་ལ་རང་ཉིད་ཀྱི་སྐད་དང་ཡི་གེ་རེ་ཡོད་པ་རེད། ལྷག་པར་དུ་ང་ཚོ་བོད་མི་རིགས་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་བྱུང་བའི་སྐད་ཡིག་ཆ་ཚང་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི་སྔོན་བྱོན་མེས་པོ་ཚོའི་དཔའ་མཛངས་རྟུལ་ཀྱི་སྙིང་སྟོབས་དང་ཟླ་མེད་ཀྱི་བློ་གྲོས།   རང་རིགས་ལ་བཅངས་པའི་ལྷག་བསམ་བཅས་ཀྱིས་བསྐྲུན་པ་ཞིག་ཡིན།   འུ་ཅག་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གཞུང་ལུགས་མཐའ་ཡས་ཤིང་གཏིང་ཟབ་པ་མང་བོ་ཞིག་ཡོད་པའི་རྐྱེན་གྱིས་གདོང་དམར་བོད་པ་ཚང་ས་སྒང་འདིའི་ཐོག་ཏུ་མ་འཇིག་པར་ད་བར་དུ་གནས་ཐུབ་སོང་བ་རེད།
   
དེ་བས་ས་སྒང་འདིའི་ཐོག་ཏུ་འཚོ་ཞིང་གནས་པའི་བོད་མི་རྒན་དར་གཞོན་གསུམ་ཚང་མས་རང་ཉིད་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་དང་ཡི་གེ་དར་སྤེལ་དུ་གཏོང་བར་མ་སྐུལ་དང་ལེན་བྱ་རྒྱུ་ནི་རང་རང་གི་འོས་འགན་ཡིན་པ་རེད།

མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་བའི་འགག་རྩ་དེ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ཡིན། ད་ལྟ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུའང“མི་རིགས་སོ་སོའི་མི་དམངས་ཚང་མར་རང་ཉིད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ་དུ་གཏོང་བའི་དབང་ཆ་ཡོད”ཅེས་གཏན་འབེབས་བྱས་ཡོད་པས།
    
ང་ཚོས་རང་ཉིད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་དགོས་མོད། དེང་སྐབས་བོད་མི་འགའ་རེས་བོད་ཡིག་སྦྱངས་ན་རང་གཞན་གང་ལའང་མི་ཕན་ཚུལ་དང་བཀོལ་སྤྱོད་ཀྱི་རིན་ཐང་ཆུང་ཚུལ་བཅས་དགོས་མེད་ཀྱི་སྐད་ཆ་མང་དུ་བཤད་འདུག་པ་དང་། ཐ་ན་རང་རང་གི་བུ་རབས་ཚ་རྒྱུད་ལ་རྒྱ་ཡིག་དང་དབྱིན་ཡིག་སྦྱང་དགོས་ཚུལ་དང་དེ་དག་མ་སྦྱངས་ན་སྤྱི་ཚོགས་ཐོག་ན་གོ་གནས་ཞན་པ་དང་། བོད་ཡིག་སྦྱངས་ན་མདུན་ལམ་མེད་པ་རེད་ཅེས་ཁུངས་མེད་ལུང་སྟོང་གི་འཆལ་གཏམ་སྣ་ཚོགས་ཤིག་གླེང་བཞིན་ཡོད། བོད་རིགས་ཤིག་ཡིན་ཕྱིན་བོད་སྐད་བོད་ཡིག་ཤེས་པ་གཞིར་བཞག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་ཡིན་པ་དང་། བོད་མི་ཞིག་གིས་བོད་སྐད་མི་ཤེས་པར་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱ་ཡུལ་དུ་འགྱུར་བ་ལས་བསྔག་བརྗོད་བྱ་ཡུལ་དུ་འགྱུར་བ་ནི་འཛམ་གླིང་གི་ཁྱོན་ན་ཡོད་ཚོད་མི་འདུག་གོ   །དེ་བས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས“ང་ཚོ་ཚང་མ་བོད་པ་རེད། བོད་རིགས་རེད།   སྔོན་ལ་བོད་ཡིག་ཡག་པོ་ཞིག་སྦྱང་དགོས”ཞེས་གསུངས་པ་དང་། ཞང་སྟོན་བསྟན་པ་རྒྱ་མཚོས་ཀྱང“སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན”ཞེས་སྔོན་བྱོན་མཁས་དབང་དམ་པ་དང་སྐྱེས་ཆེན་ཚང་མས་འདིའི་ཕྱོགས་ལ་ཐུགས་ཁུར་ནན་ཆེར་གནང་ཡོད་པ་ཡིག་ཚང་དག་ན་གསལ། ཡིན་ཡང་བླུན་རྨོངས་དང་རྗེས་ལུས་ཀྱི་དྲ་རྒྱར་ཚུད་པའི་བོད་མི་འགའ་རེས་ཕ་མེས་ཡང་མེས་ཀྱི་དཀའ་སྤྱད་སྡུག་རུས་ལས་བྱུང་བའི་གཅེས་ནོར་འདི་རྒྱུན་འཛིན་དང་དར་སྤེལ་མི་གཏོང་བར་མ་ཟད།   ད་དུང་ཤེས་མདོག་ཆེན་པོས་གད་སྙིགས་སུ་འདོར་བཞིན་ཡོད། སྤྱིར་ང་ཚོས་སྐད་རིགས་སྣ་མང་ཞིག་སྦྱངས་ན་བཟང་མོད། འོན་ཀྱང་ཐང་ནས་རྡོ་ལེན་ཕྱིར་རུམ་ནས་བྲོ་ལྷུང་བའི་དཔེ་རུ་གཏན་ནས་འགྱུར་མི་རུང་ངོ་།
 
མདོར་ན། སྐད་ཡིག་ཅེས་པ་ནི་མི་རིགས་ཤིག་མི་རིགས་གཞན་ལས་དབྱེ་བ་དགར་བྱེད་ཀྱི་རྟགས་མཚན་གཙོ་བོ་ཞིག་ཡིན་པ་དང་། མི་རིགས་ཤིག་གི་འཕེལ་རྒྱས་དེ་མཐར་གཏུགས་ན་མི་རིགས་དེའི་སྐད་དང་ཡི་གེ་འཕེལ་རྒྱས་སུ་ཕྱིན་ཡོད་མེད་ལ་རག་ལས་པ་རེད། དེ་བས་རང་རིགས་ཀྱི་བླ་སྲོག་ལྟ་བུའི་སྐད་ཡིག་དེ་མི་རིགས་རང་ཉིད་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པར་མ་ཟད། སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཚུད་དགོས་ན་ངེས་པར་དུ་རང་མི་རིགས་ཀྱི་སྐད་དང་ཡི་གེ་དར་སྤེལ་དུ་གཏོང་དགོས། རང་ཉིད་བོད་མི་རྣལ་མ་ཞིག་ཡིན་ཕྱིན་བོད་སྐད་དང་བོད་ཡིག་གཙང་མ་ཞིག་ཤེས་དགོས་ལ། ཚང་མས་རང་རང་གི་ས་ནས་བོད་སྐད་བོད་ཡིག་འདི་བཀོལ་སྤྱོད་དང་སློབ་སྦྱོང་ཡག་པོ་ཞིག་བྱས་ན་ང་ཚོ་བོད་མི་རིགས་འདི་ཉིད་བསྐལ་བ་མ་སྟོང་བར་དུ་འཇིག་མི་སྲིད་དོ།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060