སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་ལོ་ཙཱའི་གཞུང་ལུགས《སྒྲ་སྦྱོར་བམ་གཉིས》གཏན་ལ་ཕབ་པའི་དགེ་མཚན་གླེང་བ།
སྤེལ་དུས། 2017-10-12   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  ཚེ་རིང་རྣམ་རྒྱལ།
          རིགས་པའི་གཞུང་ལུགས་གང་དང་གང་ཞིག་ཡིན་རུང་ཚང་མ་ནི་ལག་ལེན་དངོས་ལས་བྱུང་བའི་ཉམས་མྱོང་དང་བསླབ་བྱ་སྤྱི་སྡོམ་བྱས་ཏེ་དེས་ཕྱིར་ལག་ལེན་ལ་མཛུབ་སྟོན་གྱིས་ཞིབ་འཇུག་གི་ཆུ་ཚད་འཕེལ་རིམ་གསར་པ་ཞིག་ཏུ་གཏོང་རྒྱུ་དེ་རེད།《སྒྲ་སྦྱོར་བམ་གཉིས》ཡང་དེ་ལས་མ་འདས་པར། བཙན་པོ་སྲོང་བཙན་སྐབས་ནས་མགོ་བརྩམས་པའི་ལོ་ཙཱའི་ལག་ལེན་སྟེང་གི་ཆོས་ཉིད་རང་བཞིན་རྣམས་ཕྱོགས་བསྡུས་སུ་བཀོད་པར་མ་ཟད།སྔ་འགྱུར་ལས་ཆོས་ཀྱི་གཞུང་སྟེ་བསྒྱུར་བྱ་ཆོས་གཞུང་གང་གི་བརྗོད་བྱ་ལོག་པར་བསྒྱུར་པ་དང་།བྱཱ་ཀ་ར་ཎ་སྟེ་སྒྱུར་བྱེད་སྐད་ཀྱི་བརྡ་སྤྲོད་ལུགས་དང་མི་མཐུན་པའི་འགྱུར་སྐྱོན་ཅི་མཆིས་ལ་དག་ཐེར་དང་།སླད་དུ་མིང་དང་ཚིག་གི་ལོ་ཙཱ་བྱེད་ཐབས། ཆོས་གཞུང་བསྒྱུར་པ་དོན་དང་མི་འགལ་བ་དང་། བོད་སྐད་ལ་ཡང་གང་བདེ་བར་སྒྱུར་ཅིག་ཅེས་ལོ་ཙཱའི་བྱ་བའི་སྟེང་གི་དོན་གནད་འགངས་ཆེན་གང་མང་གཏན་ལ་ཕབ་པ་དེས་ཕྱིས་ཀྱི་ལོ་ཙཱའི་བྱ་བར་གཞི་འཛིན་ས་དང་ཁུངས་གཏུགས་ས་ཞིག་ཏུ་གྱུར་པར་མ་ཟད། བཀས་བཅད་པ་ལས་སུས་ཀྱང་གཞན་དུ་འཆོས་སུ་མི་རུང་བ་དང་འདི་ཉིད་ལ་བསླབ་པར་བྱ་བའི་བཀའ་བཙན་པོའི་རྟིང་གནོན་ལ་བརྟེན་ནས། བཙན་པོ་རྒྱལ་རབས་སྐབས་རྒྱ་དཀར་ནག་གི་བསྟན་བཅོས་བོད་དུ་འགྱུར་བ་རྣམས་རང་རེའི་སྐད་འགྲོས་དང་མཐུན་ཞིང་གོ་བདེ་བ་ཤ་སྟག་ཡིན། ལོ་ཙཱ་བ་རྣམ་པས་སྔ་མའི་གཞུང་ལུགས་སུ་བསྟན་པ་ལྟར་སྒྱུར་ཐབས་སྣ་མང་གང་འོས་སུ་སྤྱད་པ་དང་། རྩ་བའི་རེ་འདུན་ལྟར་བསྒྱུར་པས་མཐར་རྒྱལ་བའི་བཀའ་འགྱུར་རོ་ཅོག་གངས་ཅན་བོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་བཏང་སྟེ་ནང་བའི་བསྟན་པ་རྒྱ་གར་ལས་ལྷག་པ་ཞིག་དར་ཐུབ་སོང་། བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་སྒྲ་སྦྱོར་བམ་གཉིས་གཏན་ལ་ཕབ་པ་དེས་ལོ་ཙཱའི་བྱ་བ་སྤྱིར་ཁྱབ་པའི་ཆོས་ཉིད་རང་བཞིན་རྣམས་གསལ་བར་བཏོན་པ་དང་། དེ་མིན་གྱི་ལོ་ཙཱ་བ་སྐོར་ཞིག་གིས་ཆོས་ཀྱི་གཞུང་དང་མི་བསྟུན་པར་མ་ཟད་བོད་མིས་གོ་བདེ་མིན་ལ་བསམ་གཞིག་མ་བཏང་བར་རང་གི་མཚན་སྙན་དང་ཁེ་བཟང་འབའ་ཞིག་ཡིད་ལ་བརྣགས་ཏེ་སྒྱུར་བའི་སྲོལ་རྣམ་པར་བཅད་དེ། ཆོས་གཞུང་བསྒྱུར་བ་ལ་ཁུངས་གཏུགས་སའི་ཚད་གཞི་དང་ལོ་ཙཱའི་བྱ་རིམ་ཚགས་དམ་པོ་ཞིག་སྒྲིག་འཛུགས་གནང་བ་བརྒྱུད་གོ་སླ་ཞིང་འཛིན་བདེ་བའི་ནང་པའི་བསྟན་བཅོས་དང་རྩོམ་རིག་བརྩམས་ཆོས་མང་པོ་རིམ་པར་བྱུང་ཞིང་།དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེས“བོད་གཞུང་ལས་རྒྱ་གཞུང་ནུས་པ་ཆེ། དོན་དྲིལ།གོ་བདེ་བས་རྒྱ་གཞུང་ལ་བལྟ་དགོས”ཞེས་གསུངས་པར་བསམས་ནའང་སྔོན་བྱོན་ལོ་པཎ་དག་གིས་བོད་མི་རང་གིས་གོ་བདེ་བ་དང་བརྗོད་དོན་གཞུང་དང་མི་འགལ་བ་རྩ་བར་དམིགས་ཏེ་སྒྱུར་ཐབས་དུ་མ་གང་འོས་སུ་སྤྱད་པས་ཕྱིས་བོད་རང་གི་མཁས་པས་རྒྱ་གཞུང་ལ་བལྟས་ཏེ་བརྩམས་པས་ཀྱང་ལྷག་པ་གང་མང་མང་བྱུང་བ་རྣམས་ནི་སྔོན་བྱོན་ལོ་ཙཱ་བ་རྣམ་པའི་ཆོས་གཞུང་སྒྱུར་སྐབས་ལོ་ཙཱའི་གཞུང་ལུགས《སྒྲ་སྦྱོར་བམ་གཉིས》ལ་སྒོ་བསྟུན་པ་དང་། དེ་རུ་གདམས་པའི་ལོ་ཙཱའི་ལག་ལེན་དང་སྒྱུར་ཐབས་རྣམས་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཞིག་རེད།
          དཔྱད་བརྗོད་སྤེལ་བ་ནི་རྩོམ་རིག་བརྩམས་ཆོས་འཕེལ་རྒྱས་སུ་གཏོང་བྱེད་ཀྱི་ཐབས་མི་དམན་པ་ཞིག་ཡིན་ཏེ། དེས་བརྩམས་ཆོས་ཀྱི་ལེགས་ཉེས་ཀྱི་ཆ་རྣམས་གསལ་སྟོན་བྱས་ཏེ་བརྩམས་ཆོས་ཕྱི་ཆ་རྣམས་སྔར་བས་འཕེལ་རྒྱས་སུ་གཏོང་བ་བཞིན། ལོ་ཙཱའི་འགྱུར་དཔྱད་ཀྱང་དེ་དང་འདྲ་བར། ལོ་པཎ་རྣམས་ཀྱིས་སྔ་མའི་འགྱུར་གྱི་བཟང་ངན་ལ་རྣམ་པར་དཔྱད་དེ་དེའི་ཁྲོད་ཀྱི་ལེགས་བཤད་ཀྱི་རིགས་ལ་བསྟོད་པ་དང་རྒྱུན་འཛིན་བྱས་པ། ཞན་ཆ་རྣམས་ལ་རྣག་ཐོག་ཁབ་གཙག་ལྟར་དག་ཐེར་དང་སྐྱོན་བརྗོད་གནང་སྟེ་ཡང་དག་པར་བཅའ་རྒྱུ་ནི་ལོ་ཙཱའི་བྱ་བ་སྔར་བས་བདེ་བླག་ཏུ་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན། བཙན་པོའི་སྐབས་ཀྱི་ལོ་ཙཱའི་སྒྲིག་གཞི་དང་བྱ་རིམ། བླང་བྱ། དེ་མིན་འགྱུར་གྱི་གྲངས་འབོར་དང་སྤུས་ཚད་བཅས་གང་ལ་དམིགས་ནའང་སྐབས་དེར་བོད་ལ་འགྱུར་དཔྱད་ཀྱི་སྲོལ་དར་བ་ནི་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་ཏེ། སྒྲ་སྦྱོར་བམ་གཉིས་མའི་རྒྱ་བོད་ཤན་སྦྱར་གྱི་མིང་བརྡ་དང་དེའི་སྒྱུར་ཚུལ་བཀོད་པ་ནི་དོན་དངོས་སུ་སྔ་འགྱུར་མི་ལེགས་པ་རྣམས་ཡོ་བསྲང་བྱས་ཏེ་ཚད་ལྡན་ཅན་དུ་བཏང་བ་ཡང་དཔེས་བསྟན་པར་མ་ཟད། ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་སྐད་འགྱུར་མ་སྐོར་ཞིག་ཆོས་གཞུང་དང་མི་མཐུན་པ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས་ཞེས་པས་ལོ་པཎ་རྗེས་མ་རྣམ་པས་སྔ་འགྱུར་ཁྲོད་ཀྱི་འགྱུར་སྐྱོན་གང་མཐོང་ཁོལ་དུ་ཕྱུངས་ནས་འགྱུར་བཅོས་ཅི་ལེགས་མཛད་པ་ཤེས་ཐུབ་པ་དང་། དེའི་སྲོལ་ལུགས་རྒྱུན་འཛིན་བྱས་ཏེ་ས་སྐྱ་པས་སྔ་འགྱུར་ཁ་ཤས་ལ་དཔྱད་སྡུར་གྱིས་མུན་སྤྲུལ་དུ་བསྒྱུར་པ་དང་།ཁམས་མ་ཤེས་པར་བསྒྱུར་པ། ལོག་པར་བསྒྱུར་པ་ཞེས་འགྱུར་སྐྱོན་འགའ་བསྟན་པ་དང་། དགེ་ཆོས་ཀྱིས་ཀྱང་རྒྱ་གར་གྱི་དཔེ་ཁུངས་ངོ་མ་དང་བོད་འགྱུར་གཉིས་བསྡུར་ཏེ་རྩ་ཤེས་དང་།མེ་ལོང་མ། སློབ་སྤྲིངས། བཤེས་སྤྲིངས།རིགས་ཐིགས། མདོ་སྡེ་རྒྱན་སོགས་ཀྱི་སྒྱུར་རྩལ་དང་རྒྱ་བོད་གཉིས་ཀྱི་བརྡ་གོམས་སྲོལ་མི་འདྲ་བའི་སྟེང་ནས་དཔྱད་པ་བཏང་སྟེ། སྐྱོན་གང་མཐོང་རྣམས་གསལ་བར་བསྟན་ཏེ་ཕྱིས་འབྱུང་ལོ་ཙཱ་བ་དང་ལོ་ཙཱའི་བྱ་བར་ཕན་ནུས་མི་དམན་པ་ཞིག་བསྐྲུན་ཡོད། ཡིན་ཡང་རྣམ་དཔྱོད་ཀྱི་རྩལ་རྫོགས་པའི་ཕྱིས་བྱུང་ལོ་ཙཱ་བ་རྣམ་གཉིས་ཀྱིས་སྔ་འགྱུར་དག་ལས་གང་འཚམ་ཞིག་མ་དཔེ་དང་བསྡུར་ཏེ་དཔྱད་མཐར།བརྗོད་བྱ་གང་གི་བརྡ་ལོག་པར་བསྒྱུར་པ་དང་།སྒྱུར་བྱེད་སྐད་ལ་རང་རེའི་བརྡ་སྤྲོད་ལུགས་དང་མི་མཐུན་པའི་འགྱུར་ཉེས་མ་རྙེད་པར་དཔགས་ན། དུས་ཕྱིས་ཀྱི་ལོ་ཙཱ་བ་རྣམ་པས་སྔ་མའི་གཞུང་ལུགས་སུ་བསྟན་པའི་ལོ་ཙཱའི་ཚད་གཞི་དང་སྒྱུར་ཐབས་རྣམས་ལ་རྩེ་གཅིག་ཏུ་བསྙེགས་པས། ད་གཟོད་ཁོ་ཚོའི་ལོ་ཙཱའི་བྱ་བར་གཡུར་དུ་ཟ་བའི་འབྲས་བུ་དེ་དག་ཐོབ་པ་རེད་སྙམ་མོ། །སྐད་གཉིས་སྨྲ་སྒྲོན་དུ་ཞ་ལུ་ལོ་ཙཱ་བར་མཁས་པའི་རྣམ་བཤད་ཅེས་པའི་ལོ་ཙཱ་བའི་དཔྱད་རྩོམ་ཞིག་བསྟན་པ་དེ་ཡང་། སྔ་འགྱུར་རྣམས་ལ་དཔྱད་པ་དང་རང་གི་མྱོང་གྲུབ། བཙན་པོ་སྐབས་ཀྱི《སྒྲ་སྦྱོར་བམ་གཉིས》ལ་ཁུངས་བཅོལ་ནས་ལོ་ཙཱ་བྱ་ཚུལ་ཐད་ལྟ་བ་བརྗོད་དེ་གཞུང་ལུགས་ཀྱི་ཁ་བསྐངས་པ་ཞིག་ཡིན་རྒྱུ་ཡང་བར་ནས་བོར་སྟོར་བྱུང་བས་ང་ཚོའི་མིག་གི་སྤྱོད་ཡུལ་དུ་གྱུར་མ་སོང་བར་བརྗོད་ཡོད། གལ་ཏེ་ཞ་ལུ་ལོ་ཆེན་གྱི་བརྩམས་ཆོས་དེ་ང་ཚོའི་མིག་གི་ལོངས་སྤྱོད་དུ་མཐོང་དུ་ཡོད་པ་ཞིག་ཡིན་ན་ང་ཚོས་དེ་རུ་ཁོང་གིས་ལོ་ཙཱའི་སྐབས་སུ་སྔ་གཞུང་གི་བསླབ་བྱ་གང་དག་རྒྱུན་འཛིན་བྱས་ཡོད་པ་དང་། ཁོང་ལ་ས་བོད་ལོ་ཙཱའི་མྱོང་སྣང་ག་འདྲ་བསྐྱེད་པ།ལྕང་སྐྱ་ཚང་བཞིན་སྔར་གཞུང་ལ་ཁ་གསབ་གང་དག་མཛད་པ་སོགས་ཕྱི་རབས་བོད་ཀྱི་ལོ་ཙཱའི་བྱ་བར་སྨན་པའི་ལེགས་བཤད་ཅི་མང་ལ་ཡིད་ཆེས་ཀྱིས་ཁེངས་ནའང་རྐྱེན་དབང་གིས་ལོ་རྒྱུས་ཀྱི་ཟེར་སྒྲོས་ཙམ་དུ་ལུས་པས་ང་ཚོས་ཡིད་ཚོད་མི་བྱེད་ཀ་མེད་བྱུང་།
          ལོ་རྒྱུས་ཀྱི་རྩིབས་སྟོང་འཁོར་ལོ་ཇི་ལྟར་འཁོར་ནའང་རང་རེའི་རིག་གནས་དང་མི་རིགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ང་ཚོས་ངེས་པར་མིག་རྒྱང་འཛམ་གླིང་ལ་གཏད་དེ་སྔོན་ཐོན་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མ་ལག་ནང་འདྲེན་བྱ་དགོས་པ་དང་། དེ་ལྟར་བྱེད་པའི་ཐོག་མཐའ་བར་གསུམ་དུ་སྔར་གྱི་ལོ་ཙཱའི་གཞུང་ལུགས་སུ་བསྟན་པའི་ཚད་གཞི་དང་སྒྱུར་ཐབས་གཞིར་འཛིན་པར་བམ་གཉིས་མས་ནམ་ཡང་རང་རེ་དང་འཛམ་གླིང་གི་ཕྱིས་འབྱུང་ལོ་ཙཱའི་བྱ་བར་མཛུབ་སྟོན་གྱི་འོད་སྣང་སྤྲོ་ངེས་རེད། དེང་གི་དུས་འདིར། ང་ཚོའི་རིག་གནས་ནང་འདྲེན་གྱི་ཁ་ཕྱོགས་ལ་འགྱུར་བ་བྱུང་བར་མ་ཟད།རིག་གནས་ཀྱི་ནང་དོན་ཡང་སྔ་དུས་བཞིན་ཆོས་ལུགས་ཙམ་ལས་རིང་དུ་བརྒལ་ཏེ་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཤེས་བྱ་མི་ཉུང་བ་ཞིག་སྤྱི་ཚོགས་འཕེལ་རྒྱས་ལ་དགོས་ངེས་ཆེ་ཞིང་།ལྷག་པར་བསམ་བློ་བཅིངས་འགྲོལ་བྱས་པ་ལ་ང་ཚོས་ནུབ་ཕྱོགས་པའི་སྔོན་ཐོན་གྱི་རིག་གནས་མང་པོ་ནང་འདྲེན་བྱེད་དགོས་པ་ཁ་ཚ་དགོས་གཏུག་ཅིག་ཏུ་གྱུར་པ་དང་། དེ་ཡང་རྒྱ་འགྱུར་ལ་བརྟེན་ནས་སློབ་པའམ་བོད་འགྱུར་བྱ་བ་ལ《སྒྲ་སྦྱོར་བམ་གཉིས》ལས་བསྟན་པའི་ལོ་ཙཱའི་ཚད་གཞི་དང་སྒྱུར་ཐབས་རྣམས་སྲོག་ཏུ་འཛིན་དགོས་པ་ལས་འོས་མེད་དོ། །
          མིའི་རིགས་ཀྱི་སྤྱི་ཚོགས་ནི་དམའ་རིམ་ནས་མཐོ་རིམ་དང་ཁེར་རྐྱང་ནས་རྙོག་འཛིང་ཅན་དུ་འཕེལ་བ་ལྟར། མིའི་རིགས་ཁོ་ནར་མངའ་བའི་སྐད་ཆའང་དེ་བཞིན་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་འཐུས་ཚང་དང་སྣ་མང་ཅན་དུ་འགྲོ་བཞིན་ཡོད། སྤྱི་ཚོགས་ལ་མ་བརྟེན་པར་ཁེར་རྐྱང་དུ་སྡོད་པའི་མིའམ་མི་རིགས་ཤིག་ཡོད་མི་སྲིད་པ་དང་། སྤྱི་ཚོགས་ལས་རིང་དུ་གྱུར་པའི་སྐད་ཆ་ཞིག་ནམ་ཡང་ཡོད་མི་སྲིད། སྤྱི་ཚོགས་འབྲེལ་འདྲིས་ལས་མིའི་རིགས་ཀྱི་བསམ་བློ་བརྗེ་རེས་བྱེད་པའི་སྐད་ཆ་བྱུང་བ་དང་།སྐད་ཆ་དེས་སྤྱི་ཚོགས་དང་མིའི་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད། དེ་བས་སྐད་ཆ་དང་མིང་བརྡའི་མང་ཉུང་གིས་མི་རིགས་ཤིག་གི་འཕེལ་རྒྱས་མཚོན་ཞིང་། དེ་གཅིག་གྱུར་ཡིན་མིན་གྱིས་མི་རིགས་དེའི་སྤྱི་ཚོགས་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད། རང་རེ་འཚོ་གནས་བྱེད་པའི་རང་བྱུང་ཁོར་ཡུག་དང་འཚོ་བ་སྐྱེལ་སྟངས་ལས་སྡོད་གནས་ཐར་ཐོར་དང་ལུང་སྐད་མང་དུ་གྱེས་ཤིང་།ལོ་ཙཱ་བ་སོ་སོས་ཁ་ཆེ་དང་བལ་ཡུལ་སོགས་ཡིག་སྣ་མང་པོ་ལས་བསྒྱུར་པའི་འགྱུར་ཆོས་ལ་གཅིག་གྱུར་གྱི་མིང་བརྡ་ཞིག་མེད་པ་དེས་བཙན་པོའི་དབང་སྒྱུར་སྲ་བརྟན་དུ་གཏོང་བ་དང་། ཆོས་ལུགས་རིག་གནས་ཁྱོན་ཡོངས་ནས་དར་སྤེལ་དུ་གཏོང་བ། ཡུལ་ཕྲན་སོ་སོའི་མཐུན་སྒྲིལ་ལ་གེགས་རྐྱེན་ཡོད་པ་དེར་དམིགས་ནས་བཙན་པོས་ཐོག་མར་དབང་སྒྱུར་བྱེད་ཀྱི་ཆོས་ལུགས་ནང་ཆོས་སུ་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་གཅིག་ལ་ཆོས་ལུགས་གཉིས་ཀྱི་མི་མཐུན་པའི་འགལ་བ་དེ་སེལ་ཐབས་བྱས་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལས་མིང་བརྡ་དང་བརྡ་སྤྲོད་ལུགས་ཚུལ་དང་མི་མཐུན་པ་རྣམས་རྒྱ་བོད་ཀྱི་ལོ་པཎ་དང་ཆོས་བྱེད་མི་སྣ།རྗེ་བློན་སོགས་གདན་འཛོམས་སར་དག་ཐེར་བགྱིས་ཏེ་བྱེ་བྲག་རྟོགས་བྱེད་གཏན་ལ་ཕབ་པ་ལས།མིང་བརྡ་གཅིག་གྱུར་དང་ལོ་ཙཱ་བྱ་ཐབས་ཀྱི་མིང་མཛོད་བྱུང་སྟེ་སྐད་བརྡ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་མིང་བརྡ་མང་པོ་ཞིག་གཅིག་གྱུར་གྱི་ལམ་དུ་བསྐུལ།དེས་བཙན་པོ་དང་ལོ་ཙཱ་བ་ཕྱི་མ་རྣམས་ལ་བོད་ཀྱི་སྤྱི་ཚོགས་དང་ཆོས་ལུགས་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་མིང་བརྡ་གཅིག་གྱུར་ལ་དྲན་སྐུལ་དང་མ་དཔེ་བཟང་པོ་ཞིག་བསྟན་པས་དུས་ཐོག་ཏུ་འགྱུར་ཆོས་ནང་གི་ཚད་ལྡན་དང་གཅིག་གྱུར་མ་ཡིན་པའི་མིང་བརྡ་རྣམས་གཅིག་གྱུར་དང་། དེང་ཕྱིན་ཇི་ལྟར་སྒྱུར་ཚུལ་ཐད་སྔ་མའི་ཉམས་མྱོང་ལས་བསླབ་བྱའམ་མཉམ་འཇོག་དགོས་རིགས་རྣམས་གཞུང་ལུགས་ཀྱི་སྒོ་ནས་གཏན་ཕབ་མཛད་པ་དེ་ནི་བོད་ཀྱི་ལོ་རྒྱུས་སུ་བཀས་བཅད་རྣམ་གསུམ་དུ་གྲགས་པ་ལས་གཉིས་པ་དང་ད་ལྟ་མཐོང་དུ་ཡོད་པའི་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་གི་མིང་མཛོད་ཐོག་མའང་ཡིན། ཐེངས་འདིར་བཀས་སུ་བཅད་པ་དེ་སྙིང་སྟོབས་དང་བརྗོད་དོན།ལག་ལེན་རིག་པ་སོགས་སྔོན་ལས་ཁྱད་དུ་འཕགས་པ་ཞིག་གཏན་ཕབ་མཛད་ཡོད་དེ། ཆོས་གཞུང་སྒྱུར་བ་ལ་ཚད་གཞི་དང་། མིང་ཚིག་གི་སྒྱུར་ཐབས་སོགས་གསར་དུ་བསྟན། འགྱུར་ཆོས་ཀྱི་བརྡ་སྤྲོད་ལུགས་ཚང་མ་གཅིག་གྱུར་གྱི་ལམ་དུ་བསྐུལ་བར་མ་ཟད། སྔོན་བཙན་པོ་ཡབ་སྲས་གོང་མའི་རིང་ལ་ཆོས་སྐད་བོད་ལ་མ་གྲགས་པའམ་དོན་གཅིག་ལ་འགྱུར་མིང་དུ་མ་བྱུང་བ་རྣམས་ཁོལ་དུ་ཕྱུང་ནས་སྒྱུར་ཚུལ་དང་འགྲེལ་ཚུལ་གཉིས་གཅིག་ཏུ་བསྡུས་པས་ཕྱིས་འབྱུང་གི་ལོ་ཙཱ་བ་རྣམ་པའི་རང་གི་ཞེ་འདོད་ལྟར་བསྒྱུར་བ་བཀག་སྟེ།བཀས་བཅད་པའི་མིང་བརྡ་བཞིན་བསྒྱུར་བར་གཏན་དུ་འཁེལ་བས་བོད་ཀྱི་ཡི་གེ་དང་མིང་བརྡ་རྣམས་སྔོན་ན་མེད་པའི་ཚད་ལྡན་དང་གཅིག་གྱུར་བྱུང་བ་དང་། མིང་བརྡ་གཅིག་གྱུར་བྱས་པའི་གཞུང་ལུགས་འདི་ཉིད་ཀྱི་རྨང་གཞིའི་སྟེང་ལོ་ཙཱ་བ་རྣམ་པས་སྔ་འགྱུར་ལས་མིང་བརྡ་མང་པོ་དཀྱུས་སུ་དྲིལ་བའི《བྱེ་བྲག་རྟོགས་བྱེད་ཆེན་མོ》མཛད་དེ་བོད་ཀྱི་སྐད་དང་མིང་བརྡའི་བརྗོད་སྲོལ་མི་མཐུན་པ་རྣམས་གཅིག་གྱུར་བྱས་ཏེ། རང་རེའི་རིག་གནས་སྔར་བས་འཕེལ་རྒྱས་སུ་འགྲོ་བར་ཕྱག་རིས་ཕུལ་བ་ནི་ང་ཚོས་ནམ་ཡང་སློབ་སྦྱོང་བྱེད་འོས་པ་ཞིག་རེད། སྔོན་བྱོན་གྱི་ལོ་ཙཱ་བ་སྐུ་དྲིན་ཅན་དེ་དག་གིས་བོད་ཀྱི་སྐད་དང་མིང་བརྡ་གཅིག་གྱུར་གྱི་ལམ་དུ་སྐུལ་བའི་མཛད་རྗེས་ལས་མཐོ་སྒང་མི་རིགས་འདི་ཉིད་མཐུན་སྒྲིལ་དང་སྟོབས་ལྡན། འཕེལ་རྒྱས་ཀྱིལམ་དུ་སྤོབས་པའི་ངང་བསྐྱོད་པ་དང་། གནའ་བོའི་ཤེས་ལྡན་རྒྱལ་ཁབ་རྒྱ་གར་སོགས་ལ་འགྲན་བཟོད་པའི་འཕེལ་རྒྱས་བྱུང་བ་ནི་གཅིག་གྱུར་གྱི་ཡི་གེ་དང་མིང་བརྡ་ཕུན་སུམ་ཚོགས་པ་ཡོད་པས་ཡིན་ཞིང་། ང་ཚོའི་མི་རིགས་འདི་ཉིད་ཤེས་རིག་ལ་དགའ་བ་དང་། ཡོན་ཏན་ཅན་ལ་བརྩི་འཇོག་དང་གོང་བཀུར་བྱེད་པའི་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ཡོད་པས། རྗོད་བྱེད་སྒྲའི་མཚོན་བྱེད་ཡིག་གཟུགས་ཚུན་ཆད་ལའང་དོ་སྣང་ཆེན་པོ་བྱས་ཏེ་ལོ་རྒྱུས་ཐོག་སོ་ཕག་གཤིབ་འདྲ་དང་ནས་སྔོན་ཕྱིང་དཀར་གྱི་ཐོག་ཏུ་བཀྲམ་འདྲ། སྦལ་ནག་ན་ལ་བགྲད་འདྲ་སོགས་མང་དུ་བྱུང་བ་འཛམ་གླིང་གི་མི་རིགས་གང་ཞིག་ལས་ཀྱང་བྲི་སྲོལ་སྣ་མང་ལྡན་པའི་མི་རིགས་ཤིག་ཏུ་ཅི་ནས་ཀྱང་བསྙོན་དུ་མེད། ད་ལྟ་ང་ཚོར་སྐད་ཀྱི་ཆ་ནས་ཁམས་དབུས་ཨམ་གསུམ་དུ་ཁྱད་ཆེ་བར་ཡོད་ནའང་།ཡི་གེ་དང་མིང་བརྡ་བཀོལ་སྤྱོད་ཀྱི་ཐོག་ནས་སྟོད་མངའ་རིས་ནས་སྨད་བོད་རྒྱའི་ས་མཚམས་བར་གཅིག་གྱུར་བྱུང་སྟེ་ཚང་མས་གོ་ཐུབ་པ་འདི་ནི་བཙན་པོ་གོང་མ་རྣམས་ཀྱིས་བོད་ཀྱི་ཡི་གེའི་མིང་བརྡ་རྣམས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས། རིམ་བཞིན་གཅིག་གྱུར་མཛད་པའི་ཕྱག་རིས་དང་ལྷག་པར་ཁྲི་ལྡེ་སྲོང་བཙན་གྱིས་ལོ་པཎ་རྣམས་ཀྱིས་གཞུང་ལུགས་ཀྱི་སྒོ་ནས་བསྟན་པ་རྣམས་བཀས་བཅད་པ་ཡི་གེའི་ལམ་དུ་དྲངས་ནས་ཀུན་ལ་བསྒྲགས་པས། ཕྱིས་རྗེ་བློན་དང་ལོ་པཎ་རྣམས་ལ་ཁུངས་གཏུགས་ས་དང་གཞི་འཛིན་སའི་དཔེ་གཞི་ཞིག་ཆགས་པ་ལས་བོད་ཀྱི་ཡི་གེ་དང་མིང་བརྡ་སྔར་བས་ཚད་ལྡན་དང་འཐུས་ཚང་།གཅིག་གྱུར། གྲ་ཇེ་ལེགས་ཀྱི་ལམ་དུ་ཕྱོགས་ཏེ་ད་ལྟའི་རྣམ་པ་འདི་གྲུབ་པ་ཡིན། བཙན་པོ་རྒྱལ་རབས་ཀྱི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། རྒྱ་གར་གཙོ་བྱས་པའི་ཡུལ་གྲུ་དུ་མའི་ནང་བསྟན་ཆོས་ལུགས་ཀྱི་བསམ་བློ་བོད་འགྱུར་བྱས་པའི་བརྒྱུད་རིམ་ཁྲོད། ལོ་ཙཱ་བ་སོ་སོས་རྒྱ་དཀར་ནག་དང་། ལི་ཡུལ། བལ་ཡུལ་སོགས་ནས་ཐུབ་པའི་གསུང་རབ་སྣ་ཚོགས་བརྡ་ཡང་མི་འདྲ་བ་སྣ་ཚོགས་སུ་བསྒྱུར་པས། བོད་ཀྱི་སྐད་ལ་བཀླག་མི་བདེ་བའི་བརྡ་སྣ་ཚོགས་བྱུང་བ་རྣམས་གཅིག་གྱུར་འབྱུང་ཆེད་སྔ་གཞུག་ཏུ་རིམ་པ་བཞིན་མིང་བརྡའི་འཕེལ་རྒྱས་དང་བསྟུན་ནས་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་གཏན་ཕབ་མཛད་པ་ལས། ང་ཚོས་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་སྟེང་མིང་བརྡ་གཅིག་གྱུར་གྱི་ལས་འགུལ་ལན་གསུམ་ལ་བསླངས་པ་ཤེས་ཐུབ།ལས་འགུལ་དེ་ནི་གཞན་གྱི་རིག་གནས་རང་གི་བསམ་པའི་ལོངས་སྤྱོད་དུ་བདེ་བླག་དང་གཏིང་ཟབ་མོ། ཡོངས་ཁྱབ་ངང་ནང་འདྲེན་བྱེད་པའི་རིག་གནས་ལས་འགུལ་ཞིག་ཡིན་པར་མ་ཟད། སྔ་མའི་རྨང་གཞི་ལས་ཕྱི་མ་བསྐྱེད་པའི་རིག་གནས་མཆོང་སྐྱོད་ཀྱི་ལས་འགུལ་ཞིག་ཀྱང་རེད། དེ་རྗེས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་མིང་བརྡ་དང་སྐད་ཡིག་གཅིག་གྱུར་ལ་ཉེ་བར་མཁོ་བའི་མིང་མཛོད་དང་དག་ཡིག་གི་བརྩམས་ཆོས་སྣ་ཚོགས་བྱུང་བའང་སྒྲ་སྦྱོར་བམ་གཉིས་མའི་ལོ་རྒྱུས་ཀྱི་བསླབ་བྱའམ་དགེ་མཚན་ལ་བརྟེན་ནས་གྲུབ་པ་ཞིག་ཨེ་ཡིན་སྙམ། ང་ཚོས་རིག་གནས་ལོ་རྒྱུས་ཀྱི་བསླབ་བྱ་འདི་དག་དཔྱད་གཞིར་བཟུང་ནས། མིག་སྔའི་བོད་རྒྱའི་ལོ་ཙཱའི་སྟེང་གི་འགྱུར་མིང་གཅིག་གྱུར་འོང་བར་སྐབས་དོན་ལ་ཉེ་བར་མཁོ་བའི་ལོ་ཙཱའི་གཞུང་ལུགས་ཤིག་འཕྲལ་འཕྲལ་བསྐྲུན་མི་ཐུབ་ནའང་། མདོ་དབུས་ཁམས་གསུམ་དང་ཡང་ན་དེ་ལས་ཡུལ་གྲུ་གཅིག་གི་ནང་ཁུལ་དུའང་བསྒྱུར་བྱའི་མིང་བརྡ་གཅིག་ལ་འགྱུར་མིང་སྣ་མང་འབྱུང་བཞིན་པའི་སྣང་ཚུལ་འདི་རིགས་རྩ་བ་ནས་བསལ་ཕྱིར།ལོ་ཙཱ་བ་གྲགས་ཆེན་མང་པོ་མཉམ་གྲོས་སྒོས་འགྱུར་གྱི་བརྡ་ཆད་རྣམས་གཅིག་གྱུར་གཏན་འཁེལ་བྱེད་པའི་འགྱུར་མིང་ཕྱོགས་བསྡུས་ཀྱི་མིང་མཛོད་ཅིག་ཅི་མྱུར་སྒོས་བསྒྲིག་རྒྱུ་ནི་བོད་ཀྱི་རིག་གནས་དང་ལོ་ཙཱའི་ལས་རིགས་སྒོ་ཀུན་ནས་འཕེལ་བར་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད། རྒྱུ་མཚན་ནི་རིག་གནས་འཕེལ་རྒྱས་ནི་ནམ་ཡང་མི་རིགས་གཉིས་ཀྱི་རིག་གནས་ཕན་ཚུན་བར་གྱི་ལེགས་ཆ་སྡུད་ལེན་དང་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན་པས། རང་རེའི་རིག་གནས་འཕེལ་རྒྱས་ལ་མཚོན་ནའང་རྒྱ་རིགས་རིག་གནས་སོགས་ཀྱིས་ཤན་ཐེབས་ངེས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། ལྷག་པར་ད་ལྟ་ང་ཚོ་ས་བོད་ཆོས་ལུགས་ལོ་ཙཱའི་དུས་རབས་ལས་རིང་དུ་བརྒལ་ཏེ་རྩོམ་རིག་གཞུང་ལུགས་དང་མཛེས་དཔྱོད་རིག་པ། མིའི་རིགས་རིག་པ། རྫས་འགྱུར་རིག་པ། དངོས་ལུགས་རིག་པ། གནའ་རྫས་རྟོག་ཞིབ་རིག་པ་སོགས་རིག་གཞུང་གང་མང་རྒྱ་ཡིག་གི་སྐད་ལས་བསྒྱུར་ཏེ་སློབ་གཉེར་གྱིས་རང་གི་རིག་གནས་འཐུས་ཇེ་ཚང་ལ་གཏོང་བའི་དུས་རབས་ཡིན་ཙ་ན། ལོ་ཙཱ་བ་སོ་སོས་རང་རང་གི་གོ་བབ་ལྟར་རིག་གཞུང་དེ་དག་གི་མིང་བརྡ་ལོག་པར་བསྒྱུར་པ། རྣམ་གྲངས་ཅན་དུ་བསྒྱུར་པ། ཚིག་ངོས་ལྟར་བསྒྱུར་པས་གནད་ལ་མ་རེག་པ་ལ་སོགས་པའི་འགྱུར་སྐྱོན་གྱིས་བོད་ཀྱི་སྐད་བརྡ་གཅིག་གྱུར་དང་འཕེལ་རྒྱས་ལ་ངན་ཤན་ཐེབས་ངེས་རེད། སྣང་ཚུལ་དེ་རིགས་འགོག་ཕྱིར་བཙན་པོའི་སྐབས་ཀྱི་བརྡ་གཅིག་གྱུར་གྱི་དོན་སྙིང་གཞིར་བཟུང་ནས་ང་ཚོས་མདོ་དབུས་ཁམས་གསུམ་གྱི་སྐད་ལ་གཅིག་གྱུར་ཡོང་བའི་འགྱུར་མིང་གསར་པའི་རིགས་ཕྱོགས་བསྒྲིགས་དང་། དེ་དག་ལས་འདའ་མི་ཆོག་པའི་འབྲེལ་ཡོད་གཏན་ཕབ་ནན་མོ་མཛད་ན། བོད་ཀྱི་རིག་གནས་དེ་དུས་རབས་དང་འཚམ་ཞིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་ཁྱབ་གདལ་དང་སྲ་བརྟན། འཐུས་ཚང་དུ་སོང་སྟེ་རིག་གནས་མ་ལག་བརྟན་པོ་ཞིག་ཆགས་པར་གདོན་མི་ཟའོ། །
          སྤྱི་ཚོགས་འཕེལ་རྒྱས་ཀྱིས་དུས་རབས་དང་མཐུན་པའི་རིག་གནས་མང་པོ་ཞིག་གི་ཆུ་ཚད་མཚོན་ཐུབ་པ་དང་།དུས་རབས་ངེས་ཅན་ཞིག་གི་རིག་གནས་ཆུ་ཚད་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་མཚོན་གྱིན་ཡོད། དེ་བས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་རིག་གནས་རྣམ་གྲངས་མང་པོ་ཞིག་གསར་སྐྲུན་བྱེད་པའམ་ནང་འདྲེན་བྱ་དགོས་པ་ནི་བཟློག་མེད་ཀྱི་ཁ་ཕྱོགས་ཤིག་རེད། སྤྱི་ཚོགས་འཚོ་བ་ལས་བྱུང་བའི་རིག་གནས་ཀྱི་སྣང་ཚུལ་གང་ཞིག་ཡིན་རུང་འཐུས་ཇེ་ཚང་དང་ཁྱབ་ཇེ་ཆེ།སྤྱི་ཚོགས་འཚོ་བ་དང་ཉེ་བར་ཕྱིན་ན་ད་གཟོད་རིག་པའི་གཞུང་ལུགས་དེ་ལ་གསོན་ཤུགས་དང་ཕན་ནུས་ཟད་དུ་མེད་པ་ཞིག་མཆིས། དེ་བས་ཕྱིའི་རིག་པའི་ཉིང་བཅུད་སྡུད་ལེན་བྱས་ཏེ་རང་གི་རིག་གནས་ཕུན་ཚོགས་སུ་གཏོང་བྱེད་ཀྱི་ལོ་ཙཱའི་གཞུང་ལུགས་དེའང་དུས་རབས་དང་མཐུན་པ་ཞིག་འོང་བར་བྱ་རྒྱུ་ནི་ཧ་ཅང་དགོས་གལ་ཆེ།མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་སུ་སྤྱི་ཚོགས་དང་དུས་རབས་མི་འདྲ་བའི་ནང་དུ་རིག་གནས་འཕེལ་རྒྱས་ཀྱི་རྣམ་པ་དེ་དོ་མཉམ་པ་ཞིག་གཏན་ནས་མིན། རྒྱུ་མཚན་ནི་ཤེས་རིག་ལ་ཁ་ལོ་སྒྱུར་མཁན་ནམ་དུས་རབས་ཀྱི་ཚབ་བྱེད་མི་སྣ་དག་གི་བསམ་བློ་འདུ་ཤེས་དེ་སྤྱི་ཚོགས་ཀྱི་འཕེལ་རྣམ་དང་བསྟུན་ནས་འགྱུར་བ་འདྲ་མིན་བྱུང་དང་འབྱུང་བཞིན་པས་ཡིན་ལ། དེའི་ཕྱིར་རིག་གནས་འཕེལ་རྒྱས་ཀྱི་རྣམ་པར་ང་ཚོས་དུས་རབས་རང་བཞིན་ཡོད་ཅེས་བརྗོད་པ་ཡིན་ནོ། །བོད་ཀྱི་ལོ་རྒྱུས་སྟེང་གི་ནང་བསྟན་ལོ་ཙཱ་དང་དེའི་བྱེད་ལས་ལས་བསྐྱེད་པའི་ལོ་ཙཱའི་གཞུང་ལུགས《སྒྲ་སྦྱོར་བམ་གཉིས》དེ་ཡང་དུས་རབས་དང་མཐུན་པའི་རིག་གནས་ལས་འགུལ་ཞིག་གི་འབྲས་བུ་ཡིན། རིག་གནས་ལས་འགུལ་དེ་དང་ལོ་ཙཱའི་གཞུང་ལུགས་དེས་ཕྱིར་སྐབས་དེའི་རིག་གནས་ཀྱི་སྣང་ཚུལ་དང་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ལྷང་ངེར་མཚོན་བཞིན་ཡོད་པས། 《སྒྲ་སྦྱོར་བམ་གཉིས》ལ་མཚོན་ན་དེ་ལས་ང་ཚོས་སྐབས་དེར་བོད་ཀྱི་སྤྱི་ཚོགས་ཧྲིལ་པོར་ནང་ཆོས་དར་སྤེལ་དང་དེ་ལ་དད་མོས་བྱས་པའི་འདུ་ཤེས་ཀྱིས་ཁ་ལོ་བསྒྱུར་ཡོད་པ་ཤེས་ཐུབ་པར་མ་ཟད། གཞུང་ལུགས་དེ་ཉིད་གཏན་ཕབ་གནང་བ་དེས་ལོ་ཙཱ་བ་དང་ལོ་ཙཱའི་བྱ་བར་མཛུབ་སྟོན་གྱི་ནུས་པ་ཐོན་ཏེ། རྒྱ་གར་གྱི་ནང་ཆོས་བསམ་བློ་ཁྱོན་ཡོངས་ནས་བདེ་བླག་ངང་ནང་འདྲེན་བྱས་པ་དང་།བོད་ཀྱི་རིག་གནས་སྔ་ན་མེད་པའི་འཐུས་ཚང་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐུལ་བ་ཤེས་ཐུབ། དེ་ཡང་ཉེ་རབས་སུ། ཆིང་རྒྱལ་རབས་ཀྱི་གོང་མའི་དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེས་རྒྱལ་པོའི་བཀའ་སྤྱི་བོར་མནོས་ཏེ་བཀའ་འགྱུར་རིན་པོ་ཆེ་ཧོར་སྐད་དུ་ཕབ་སྒྱུར་བྱེད་སྐབས་སྐད་རིགས་ཕན་ཚུན་གྱི་བརྡ་སྤྲོད་ལུགས་དང་རིག་གནས་ཁྱད་པར་མི་མཐུན་པས《སྒྲ་སྦྱོར་བམ་གཉིས》ཀྱི་ཚད་གཞི་དང་སྒྱུར་ཐབས་རྣམས་རྩ་བར་བཟུང་སྟེ།སྒྱུར་བྱེད་སྐད་ཀྱི་འགྲོ་ལུགས་ལྟར་བམ་གཉིས་སུ་མ་བསྟན་པའི་སྒྱུར་ཐབས་ཏེ་གཞུང་ཆེན་པོའི་འགྲེལ་བ་རྣམས་དང་སྔ་རྒོལ་ཕྱི་རྒོལ་གྱི་རྩོད་པའི་ཚིག བསྟོད་པའི་ཚིག གཞུང་དོན་ཅི་ལྟ་བ་བཞིན་སྒྱུར་བ་དང་གྲུབ་མཐའ་གཉིས་ཀྱི་ཐུན་མོང་གི་བརྡ་ཆད་གཅིག་ཡིན་ཡང་དོན་ལ་འགྲེལ་ཚུལ་མི་གཅིག་པ་སོགས་མང་དུ་བསྟན་པ་ནི་སྒྲ་སྦྱོར་བམ་གཉིས་སུ་མི་གསལ་བ་སྐོར་ཞིག་ཟུར་དུ་ཕྱུངས་ཏེ་ཧོར་བོད་ཡིག་སྒྱུར་ལ་སྤྱད་པས་དོན་དངོས་ལྟར་ན་དེ་ནི་ལོ་ཙཱའི་གཞུང་ལུགས་འཐུས་ཚང་དུ་བཏང་བ་ཞིག་རེད།སྒྲ་སྦྱོར་བམ་གཉིས་དང་ལྕང་སྐྱ་ཚང་གི་ལོ་ཙཱའི་ཐད་ཀྱི་ལྟ་ཚུལ་གཉིས་ཀ་ཆོས་ལུགས་ལོ་ཙཱའི་རྨང་གཞིའི་སྟེང་བྱུང་བ་འདྲ་ཡང་། སྒྱུར་བྱེད་སྐད་ཀྱི་བརྡ་སྤྲོད་ལུགས་དང་མི་རིགས་ཕན་ཚུན་གྱི་རིག་གནས་རྒྱབ་ལྗོངས་མི་འདྲ་བས་སྒྱུར་ཐབས་ཀྱང་ཕྱོགས་ཡོངས་ནས་ཆ་མཚུངས་པ་ཞིག་མིན། འོན་ཀྱང་རྩ་བའི་ཆ་ནས་བམ་གཉིས་མའི་གཞུང་ལུགས་རྣམས་རྒྱུན་འཛིན་བྱས་ཐོག་བྱེ་བྲག་གི་ཆ་རྣམས་ཁ་སྣོན་མཛད་པས་ཟུར་ལྟའི་དཔྱད་གཞི་རིན་ཐང་བྲལ་བ་ཞིག་རེད།སྒྲ་སྦྱོར་བམ་གཉིས་ནི་ཆོས་ལུགས་ལོ་ཙཱའི་གཞུང་ལུགས་ཤིག་ཡིན་ཡང་ལོ་ཙཱའི་ཚད་གཞི་དང་སྒྱུར་ཐབས་སོགས་ནི་ལོ་ཙཱའི་བྱ་བ་སྤྱིར་ཁྱབ་པའི་ཆོས་ཉིད་ཡིན། དེང་གི་དུས་འདིར་དེ་སྔའི་བོད་ཀྱི་འགྱུར་ཆོས་འབྱུང་ཁུངས་ཀྱི་ཁ་ཕྱོགས་རྒྱ་གར་ལས་བརྒལ་ཏེ་ཤར་ཕྱོགས་སམ་འཛམ་གླིང་ཡོངས་ལ་ཁ་གཏད་པ་དང་། འགྱུར་ཆོས་ཀྱི་བརྗོད་དོན་ཡང་དེ་སྔའི་ཆོས་ལུགས་ཙམ་ལས་བརྒལ་ཏེ་འཛམ་གླིང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་དང་རིག་གཞུང་གསར་པ། ཚན་རིག་ལག་རྩལ་གསར་པ། བསམ་བློ་གསར་པ་སོགས་སྔོན་ཐོན་གྱི་རིག་གནས་མང་པོ་འདྲེན་དགོས། དུས་རབས་ཀྱི་དགོས་མཁོའམ་འཕེལ་ཕྱོགས་དང་ཡོངས་སུ་བསྟུན་ཆེད་ང་ཚོས་སྔར་ཡོད་ལོ་ཙཱའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་ལོ་ཙཱ་བ་དང་ཆེད་ལས་མཁས་པས་ཡུན་རིང་ལ་ལོ་ཙཱ་བྱས་པའི་ཉམས་མྱོང་ངམ་བསླབ་བྱ་དག་གིས་ཟུར་བརྒྱན་ཏེ་དེང་རབས་རིག་གནས་སྣ་སྒོར་མོ་ནས་ལོ་ཙཱ་དང་ནང་འདྲེན་བྱ་ཐུབ་པའི་གཞུང་ལུགས་ཤིག་འཛུགས་སྐྲུན་བྱ་རྒྱུ་ནི་དགོས་གལ་ཧ་ཅང་ཆེ་སྟེ། རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་གནས་ལོ་རྒྱུས་རྒྱབ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། རྗོད་བྱེད་སྐད་ཀྱི་བརྡ་སྤྲོད་ལུགས་མི་འདྲ་བས་བྱེ་བྲག་གི་ལོ་ཙཱའི་གཞུང་ལུགས་ཤིག་མ་བྱུང་ན་སྤྱི་ལ་ཁྱབ་པའི་གཞུང་ལུགས་ཤིག་གིས་དེ་འདྲའི་ཁ་གསལ་པོ་འབྱུང་མི་ཐུབ། དེ་བས་ང་ཚོས《སྒྲ་སྦྱོར་བམ་གཉིས》ལ་གཞི་བཅོལ་ཏེ་བྱེ་བྲག་ཡིག་རིགས་དང་རིག་གཞུང་མ་ལག་སོ་སོའི་སྒྱུར་ཐབས་ཀྱི་ཆོས་ཉིད་འཚོལ་བ་དང་། མི་རིགས་གཞན་པའི་ལོ་ཙཱའི་ཉམས་མྱོང་སོགས་ལ་ཟུར་ལྟ་བྱས་ཏེ་རིག་གཞུང་མང་པོ་ནང་འདྲེན་གྱི་དགོས་མཁོ་དང་འཚམ་པར་ཚན་རྩལ་ལོ་ཙཱ། གཞུང་ལུགས་ལོ་ཙཱ། རྩོམ་རིག་ལོ་ཙཱ། ལོ་རྒྱུས་ལོ་ཙཱ། གསར་འགྱུར་ལོ་ཙཱ་སོགས་དུས་རབས་དང་མཐུན་ཞིང་། དངོས་ཡོད་སྤྱི་ཚོགས་འཚོ་བ་དང་ཐག་ཉེ་བའི་ཤེས་རིག་ནང་འདྲེན་ལ་མཁོ་གལ་ཆེ་བའི་ལོ་ཙཱའི་གཞུང་ལུགས་མང་པོ་བསྐྲུན་ན་ད་གཟོད་གཞུང་ལུགས་དང་རིག་གནས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ཏེ་བོད་ཀྱི་སྤྱི་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་སུ་སོང་སྟེ་སྔར་བས་འཐུས་ ཚང་ཞིང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྤྱི་ཕུང་ཞིག་འགྲུབ་ཐུབ་པས། ང་ཚོས་ངེས་པར་དུས་རབས་དང་མཐུན་པའི་གཞུང་ལུགས་དག་གི་ཁྱད་ཆོས་དང་བརྡ་སྤྲོད་ལུགས་སོགས་ལ་ཞིབ་ཏུ་དཔྱད་དེ་སྤྱིའི་གཞུང་ལུགས་ཀྱིས་བྱེ་བྲག་གི་ལོ་ཙཱའི་གཞུང་ལུགས་ལ་མཛུབ་སྟོན་བྱ་ཐུབ་པ་དང་བྱེ་བྲག་གིས་སྤྱི་ལ་གཞོགས་འདེགས་བྱ་ཐུབ་པའི་གཞུང་ལུགས་ཤིག་ལ་འབད་ན་བོད་ཀྱི་སྤྱི་ཚོགས་འཚོ་བར་ཐད་ཀར་ཞབས་འདེགས་ཞུ་ཐུབ་པར་མ་ཟད་དངོས་ཡོད་ཀྱི་དོན་སྙིང་ཡང་ཆེན་པོ་ལྡན་པར་སེམས་སོ། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716