སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་རང་སྐྱོང་ལྗོངས་ཀྱི་ཤང་གྲོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་སྲོལ་ཡིག
སྤེལ་དུས། 2017-08-09   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།  

(1992ལོའི་ཟླ10ཚེས23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་རྩ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ། 1995ལོའི་ཟླ9པའི་ཚེས28ཉིན་བོད་རང་སྐྱོང་ལྗོངས་སྐབས་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་དག་བཅོས་བྱས། 2004ལོའི་ཟླ11པའི་ཚེས26ཉིན་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔའི་ཐོག་དག་བཅོས་བྱས། 2016ལོའི་ཟླ3ཚེས30ཉིན་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་བྱས)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།[2016]ཡིག་ཨང4པ།

《བོད་རང་སྐྱོང་ལྗོངས་ཀྱི་ཤང་གྲོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི་2016ལོའི་ཟླ3ཚེས30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས། ཡོངས་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། 

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།2016ལོའི་ཟླ3ཚེས30ལ།

ལེའུ་དང་པོ། སྤྱིའི་རྩ་འཛིན།

དོན་ཚན་དང་པོ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་མཐར་ཕྱིན་སྤྱོད་ཐུབ་པ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་སྲིད་གཞུང་འཛུགས་ཁྲིམས》གཞིར་བཟུང་། (གཤམ་དུ《ས་གནས་ཀྱི་འཛུགས་ཁྲིམས》ཞེས་བསྡུ་རྒྱུ)ཐོག་རང་ལྗོངས་ཀྱི་དོན་དངོས་གཞིར་བཟུང་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཁག་ནི་གཞི་རིམ་དུ་ཡོད་པའི་ས་གནས་ཀྱི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཤིག་ཡིན་པས། 《ས་གནས་ཀྱི་འཛུགས་ཁྲིམས》དང་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་འགན་དབང་སྤྱོད་རྒྱུ།

ལེའུ་གཉིས་པ། ཤང་གྲོང་མི་དམངས་འཐུས་མི་ཚོགས་ཆེན།

དོན་ཚན་གསུམ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་ཡུན་ལོ་ལྔ་ཡིན།

དོན་ཚན་བཞི་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་འགན་དབང་རིགས་སྤྱོད་རྒྱུ།

(གཅིག)རང་ཁོངས་སྲིད་འཛིན་ས་ཁུལ་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ་བཅས་དང་། རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྲིད་འཛིན་སྒྲིག་སྲོལ། གོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་གྲོས་ཆོད་དང་གཏན་འབེབས་རིགས་སྲུང་བརྩི་དང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་རྒྱུ། 

(གཉིས)རང་ཁོངས་སྲིད་འཛིན་ས་ཁུལ་གྱི་དོན་ཆེན་རིགས་ལ་གཏན་འབེབས་བཟོ་རྒྱུ་དང་གྲོས་ཆོད་སྤེལ་རྒྱུ། ཡུལ་ཁྲིམས་བཟོ་རྒྱུ།

(གསུམ)རང་ཁོངས་སྲིད་འཛིན་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིར་ཞིབ་བཤེར་གཏན་འཁེལ་བྱེད་རྒྱུ། 

(བཞི)རང་ཁོངས་སྲིད་འཛིན་ས་ཁུལ་གྱི་ནོར་སྲིད་སྔོན་རྩིས་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུ། 

(ལྔ)རང་ཁོངས་སྲིད་འཛིན་ས་ཁུལ་གྱི་དམངས་སྲིད་ལས་དོན་གྱི་ལག་བསྟར་འཆར་གཞི་གཏན་འཁེལ་བྱེད་རྒྱུ། 

(དྲུག)རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་འདེམས་བསྐོ་བྱེད་རྒྱུ། 

(བདུན)ཤང་ཀྲང་དང་ཤང་ཀྲང་གཞོན་པ། ཀྲེན་ཀྲང་དང་ཀྲེན་ཀྲང་གཞོན་པ་བཅས་འདེམས་བསྐོ་བྱེད་རྒྱུ། 

(བརྒྱད)ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྒྱུ་དང་དེར་ཞིབ་བཤེར་བྱེད་རྒྱུ། 

(དགུ)ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་སྲིད་གཞུང་གི་གཏན་འབེབས་དང་བཀའ་རྒྱ་མི་འཚམ་པའི་རིགས་མེད་པ་བཟོ་རྒྱུ། 

(བཅུ) སྤྱི་ཚོགས་རིང་ལུགས་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་རྒྱུ་ནོར་དང་ངལ་རྩོལ་པ་མང་ཚོགས་མཐུན་མོང་ལ་དབང་བའི་རྒྱུ་ནོར་སྲུང་སྐྱོབ་བྱེད་རྒྱུ་དང་། སྤྱི་དམངས་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་སྲུང་སྐྱོབ་བྱེད་རྒྱུ། དེ་བཞིན་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་། དམངས་གཙོའི་དབང་ཆ། དེ་མིན་གྱི་དབང་ཆ་སོགས་འགན་སྲུང་བྱེད་རྒྱུ། 

(བཅུ་གཅིག)དཔལ་འབྱོར་ཚོགས་པ་འདྲ་མིན་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ། 

(བཅུ་གཉིས)བུད་མེད་རྣམས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཐོག་ནས་གཏན་ལ་འཁེལ་བའི་ཕོ་མོ་འདྲ་མཉམ་དང་། ལས་ཀ་གཅིག་མཚུངས་ལ་ཐོབ་ཆ་གཅིག་མཚུངས། གཉེན་སྒྲིག་རང་དབང་བཅས་ཀྱི་དབང་ཆ་འགན་སྲུང་བྱེད་རྒྱུ་དང་། ན་ཚོད་མ་ལོན་པའི་མིའི་ཁེ་དབང་ཁག་འགན་སྲུང་བྱེད་རྒྱུ་བཅས།

དོན་ཚན་ལྔ་པ། ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ལོ་རེར་ཉུང་མཐར་ཚོགས་འདུ་ཐེངས་རེ་ཚོགས་རྒྱུ་དང་། ཐེངས་རེའི་ཚོགས་ཡུན་ཉིན་གཅིག་ལས་མི་ཉུང་བ་བྱེད་དགོས། འདེམས་བསྐོའི་དོན་གནད་ཡོད་སྐབས་ཚོགས་ཡུན་འོས་འཚམ་རིང་དུ་བཏང་ཆོག འཐུས་མི་ལྔ་ཆ་གཅིག་ཡན་གྱིས་གྲོས་འགོ་བཏོན་ནས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་སྐབས་འཕྲལ་སྐོང་ཚོགས་བྱས་ཆོག

དོན་ཚན་དྲུག་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་ཚོགས་འདུ་ཐེངས་དང་པོ་དེ་སྐབས་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱས་རྗེས་ཀྱི་ཟླ་གཉིས་ནང་ཚུན་དུ་ཚོགས་དགོས། དེ་ཡང་རིམ་པ་དེ་གའི་སྐབས་གོང་མའི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་སྐོང་ཚོགས་བྱེད་དགོས།

དོན་ཚན་བདུན་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་སྐབས་ཀྲུའུ་ཞི་ཚོགས་པ་འདེམས་བསྐོ་བྱེད་དགོས། ཀྲུའུ་ཞི་ཚོགས་པས་ཚོགས་འདུ་གཙོ་སྐྱོང་བྱེད་དགོས་པ་མ་ཟད་རིམ་པ་དེ་གའི་ཐེངས་རྗེས་མའི་ཚོགས་འདུ་སྐོང་ཚོགས་བྱེད་འགན་འཁུར་དགོས། ཀྲུའུ་ཞི་ཚོགས་པས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་རིང་ལོ་རེར་ས་གནས་དེ་གའི་མང་ཚོགས་ཀྱི་ཁེ་ཕན་དངོས་དང་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་དོ་ཁུར་བྱེད་པའི་གནད་དོན་འགའ་ཞིག་བདམས་ནས་འཐུས་མིར་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ཆེད་དོན་ལས་དོན་སྙན་ཞུ་ཉན་པ་དང་གྲོས་བསྡུར་བྱེད་དུ་འཇུག་པ་དང་། ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་དུ་འཇུག་པ། ལྟ་ཞིབ་དང་རྟོག་ཞིབ་སོགས་བྱེད་སྒོ་འཆར་གཞི་ཡོད་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས། འཐུས་མི་དང་འདེམས་དམངས་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ལས་དོན་ཐད་བཏོན་པའི་བསམ་གྲོས་དང་། སྐྱོན་བརྗོད། བསམ་འཆར་ཉན་པ་དང་སྙན་ཞུ་འབུལ་དགོས། ཀྲུའུ་ཞི་ཚོགས་པས་ཚོགས་འདུ་གྲོལ་རིང་གི་ལས་དོན་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་སེང་ཞུ་དགོས། 

དོན་ཚན་བརྒྱད་པ། ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་སྐབས་འཐུས་མི་མིན་པའི་ཤང་ཀྲང་དང་ཤང་ཀྲང་གཞོན་པ། ཀྲེན་ཀྲང་དང་ཀྲེན་ཀྲང་གཞོན་པ་ཚོགས་འདུར་ཟུར་ཞུགས་བྱེད་དགོས། ཀྲུའུ་ཞི་ཚོགས་པའི་ཐག་གཅོད་བྱུང་མཚམས་འབྲེལ་ཡོད་ལས་ཁུངས་དང་ཚོགས་པའི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱེད་ཆོག

དོན་ཚན་དགུ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་སྐབས་ཀྲུའུ་ཞི་ཚོགས་པ་དང་རིམ་པ་དེ་གའི་སྲིད་གཞུང་གིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་ཁོངས་སུ་གཏོགས་པའི་གྲོས་གཞི་འདོན་ཆོག དེ་ཡང་ཚོགས་ཆེན་ལ་གྲོས་ཞིབ་གནང་རྒྱུར་འབུལ་མིན་ཀྲུའུ་ཞི་ཚོགས་པས་ཐག་གཅོད་དགོས།

ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལྔ་ཡན་གྱི་མིང་ཐོག་ནས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་ཁོངས་སུ་གཏོགས་པའི་གྲོས་གཞི་འདོན་ཆོག དེ་ཡང་ཚོགས་ཆེན་གྱི་གྲོས་རིམ་ནང་འཇུག་དགོས་མིན་ཀྲུའུ་ཞི་ཚོགས་པས་ཐག་གཅོད་དགོས། ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་གྲོས་གཞིའི་རིགས་ཚོགས་ཆེན་ལ་བརྡས་ཐག་གཅོད་རྒྱུར་མ་འབུལ་གོང་གྲོས་གཞི་འདོན་མཁན་གྱིས་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན་ན། ཀྲུའུ་ཞི་ཚོགས་པའི་མོས་མཐུན་བྱུང་མཚམས་ཚོགས་འདུས་གྲོས་གཞི་དེར་གྲོས་ཞིབ་བྱེད་མཚམས་འཇོག་རྒྱུ།

དོན་ཚན་བཅུ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་འཐུས་མི་ཚོགས་ཆེན་ཐོག་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་རིགས་ཀྲུའུ་ཞི་ཚོགས་པས་འབྲེལ་ཡོད་ལས་ཁུངས་དང་ཚན་པ་ཁག་ལ་ཞིབ་འཇུག་ཐག་གཅོད་དང་ལན་འདེབས་བྱེད་རྒྱུར་སྐྱེལ་དགོས།

དོན་ཚན་བཅུ་གཅིག་པ། ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་དགོས་རིགས་དང་། གཏན་འབེབས་དང་གྲོས་ཆོད་རིགས་གྲོས་འཆམ་བྱེད་སྐབས་འཐུས་མི་ཡོངས་ཀྱི་མི་གྲས་ཕྱེད་ཀ་ཡན་གྱིས་གྲོས་འཆམ་ཐུབ་པ་བྱེད་དགོས།

དོན་ཚན་བཅུ་གཉིས་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཤང་ཀྲང་དང་ཤང་ཀྲང་གཞོན་པ། ཀྲེན་ཀྲང་དང་ཀྲེན་ཀྲང་གཞོན་པ་བཅས་ཀྱི་མི་འགྲོ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའམ་ཡང་ན་འཐུས་མི་བཅུ་ཡན་མཉམ་ཐོག་ནས་མིང་འདོན་གྱི་ཞུ་ཡིག་འཐུས་མི་ཡོངས་ལ་ནང་མོལ་བྱེད་རྒྱུར་འབུལ་དགོས། དེ་ནས་འཐུས་མི་མང་ཆེ་བའི་བསམ་འཆར་གཞིར་བཟུང་དངོས་གཞིའི་འོས་མིའི་མིང་ཐོ་གཏན་འཁེལ་བྱེད་དགོས། འདེམས་བསྐོ་བྱེད་སྐབས་མིང་མ་བཀོད་པའི་འདེམས་ཤོག་འཕེན་ཐབས་སྤྱོད་རྒྱུ། གཏན་འཁེལ་བྱུང་བའི་འོས་མིར་འཐུས་མིས་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་ན་འགྲིག་ལ་མོས་མཐུན་མེད་པའི་འདེམས་ཤོག་འཕངས་ནའང་འགྲིག་པ་དང་། ཡང་ན་དབང་ཆ་དོར་ནའང་འགྲིག མོས་མཐུན་མེད་པའི་འདེམས་ཤོག་འཕེན་མཁན་ཚོས་མི་གཞན་བདམས་ནའང་འགྲིག ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཤང་ཀྲང་དང་ཤང་ཀྲང་གཞོན་པ། ཀྲེན་ཀྲང་དང་ཀྲེན་ཀྲང་གཞོན་པ་གསབ་འདེམས་བྱེད་སྐབས་འདེམས་བསྐོ་བྱེད་སྟངས་དང་གོ་རིམ་ཇི་དགོས་ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འཁེལ་བྱེད་རྒྱུ། ཚོགས་འདུའི་ཐོག་འདེམས་བསྐོ་བྱེད་སྐབས་གལ་ཏེ་བདམས་ཐོན་བྱུང་བའི་མི་གྲངས་དེ་འདེམས་དགོས་པའི་མི་གྲངས་ལས་ཉུང་བའམ། ཡང་ན་འདེམས་ཤོག་མང་ཉུང་གཅིག་པ་ཐོན་ནས་མི་གཏན་འཁེལ་བྱེད་མི་ཐུབ་པའམ། ཡང་ན་འོས་མི་ཚང་མར་འདེམས་ཤོག་ཕྱེད་ཀ་མ་ལོན་པ་སོགས་ཀྱི་གནས་ཚུལ་ཐོན་སྐབས་འདེམས་བསྐོ་བྱེད་སྐྱོར་རྒྱག་དགོས་མིན་ཀྲུའུ་ཞི་ཚོགས་པས་ཐག་གཅོད་རྒྱུ།

དོན་ཚན་བཅུ་གསུམ་པ། ཤང་དང་། མི་རིགས་ཤང་དང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་སྐབས་ཀྲུའུ་ཞི་ཚོགས་པའམ་ཡང་ན་འཐུས་མི་ལྔ་ཆ་གཅིག་ཡན་གྱི་མིང་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་རེན་གཞོན་པ། ཤང་ཀྲང་དང་ཤང་ཀྲང་གཞོན་པ། ཀྲེན་ཀྲང་དང་ཀྲེན་ཀྲང་གཞོན་པ་སོགས་གནས་དབྱུང་གཏོང་རྒྱུའི་གྲོས་གཞི་འདོན་ཆོག་ཅིང་། དེ་ཀྲུའུ་ཞི་ཚོགས་པས་ཚོགས་ཆེན་ལ་གྲོས་ཞིབ་བྱེད་རྒྱུར་འབུལ་དགོས། གནས་དབྱུང་གཏོང་རྒྱུའི་གྲོས་གཞིའི་རིགས་ལ་རྒྱུ་མཚན་ཁ་གསལ་འབྲི་དགོས། གནས་དབྱུང་གཏོང་རྒྱུའི་མི་དེས་ཀྲུའུ་ཞི་ཚོགས་པའམ། ཡང་ན་འཐུས་མི་ཡོངས་ཀྱི་ཚོགས་ཆེན་ཐོག་རང་གིས་རང་ལ་དག་འབུད་བྱེད་པའམ། ཡང་ན་ཡིག་ཐོག་ནས་དག་འབུད་བསམ་འཆར་ཞུ་དབང་ཡོད། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་ཞུས་པའི་དག་འབུད་བསམ་འཆར་རམ་ཡང་ན་ཡིག་ཐོག་གི་དག་འབུད་བསམ་འཆར་རྣམས་ཀྲུའུ་ཞི་ཚོགས་པས་པར་བརྒྱབ་ནས་ཚོགས་འདུར་འགྲེམས་དགོས།

དོན་ཚན་བཅུ་བཞི་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཤང་ཀྲང་དང་ཤང་ཀྲང་གཞོན་པ། ཀྲེན་ཀྲང་དང་ཀྲེན་ཀྲང་གཞོན་པ་སོ་སོས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་ལས་གནས་དགོངས་ཞུ་བྱེད་ཆོག་ཅིང་། དགོངས་པ་ཡོང་མིན་ཚོགས་ཆེན་ཐོག་ནས་ཐག་གཅོད་རྒྱུ།

དོན་ཚན་བཅོ་ལྔ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་སྐབས་འཐུས་མི་བཅུ་ཡན་གྱི་མིང་ཐོག་ནས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡིག་ཐོག་གི་འདྲི་རྩད་གྲོས་གཞི་འདོན་ཆོག་ཅིང་། འདྲི་རྩད་བྱེད་རྒྱུའི་ནང་དོན་རྣམས་ངེས་པར་དུ་ཁ་གསལ་འདྲི་དགོས། འདྲི་རྩད་གྲོས་གཞིའི་རིགས་ཀྲུའུ་ཞི་ཚོགས་པས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྤྲོད་དགོས། འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁུར་བས་དེ་དོན་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་དང་ཚོགས་ཆེན་ཐོག་ངག་ཐོག་ནས་ལན་འདེབས་བྱེད་དགོས། འདྲི་རྩད་གྲོས་གཞིར་ཡིག་ཐོག་ནས་ལན་འདེབས་བྱེད་རིགས་ལ་འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁུར་བའི་མིང་འགོད་དགོས་པ་དང་། དེ་ཀྲུའུ་ཞི་ཚོགས་པས་པར་བརྒྱབ་ནས་ཚོགས་འདུར་འགྲེམས་པའམ་ཡང་ན་འདྲི་རྩད་བྱེད་མཁན་འཐུས་མིར་སྤྲོད་དགོས།

དོན་ཚན་བཅུ་དྲུག་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གྲོས་གཞིར་གྲོས་ཞིབ་བྱེད་སྐབས་འཐུས་མིས་ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་སྲིད་གཞུང་ལ་འདྲི་རྩད་བྱེད་ཆོག་པ་དང་། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་སྲིད་གཞུང་གིས་མི་བཏང་ནས་གསལ་བཤད་བྱེད་དགོས།

ལེའུ་གསུམ་པ། ཤང་གྲོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ།

དོན་ཚན་བཅུ་བདུན་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ལ་ཀྲུའུ་ཞི་གཅིག་དང་ཀྲུའུ་ཞི་གཞོན་པ་གཅིག་ནས་གཉིས་བར་བསྐོ་དགོས། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་རྣམས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཁྲོད་ནས་འདེམས་དགོས། འགན་ཡུན་ནི་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་ཡུན་དང་གཅིག་མཚུངས་ཡིན། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ཚོས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནང་གོ་གནས་འཛིན་མི་ཆོག གལ་ཏེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནང་གོ་གནས་ཡོད་ན་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་གོ་གནས་དགོངས་པ་ཞུ་དགོས།

དོན་ཚན་བཅོ་བརྒྱད་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་རྣམས་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡིན།

དོན་ཚན་བཅུ་དགུ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་འགན་འཁྲི་ནི།

(གཅིག)རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འབྲེལ་བ་བྱེད་རྒྱུ་དང་། ཀྲུའུ་ཞི་ཚོགས་པའི་བཀོད་སྒྲིག་གཞིར་བཟུང་འཐུས་མི་སྒྲིག་འཛུགས་བྱས་ནས་བྱེད་སྒོ་སྤེལ་རྒྱུ། འཐུས་མིའི་བྱེད་སྒོའི་ཉམས་མྱོང་སྤེལ་རེས་དང་ཕྱོགས་བསྡོམས་བྱེད་རྒྱུ་དང་། 

(གཉིས)འཐུས་མི་དང་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དོན་རིགས་བདག་སྤྲོད་བྱེད་རྒྱུ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གལ་ཆེའི་གནད་དོན་རིགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ། འཐུས་མི་དང་མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་རྣམས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་རྒྱུ། 

(གསུམ)རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་གལ་ཆེའི་ཚོགས་འདུའི་རིགས་ལ་ཞུགས་རྒྱུ། 

(བཞི)རིམ་པ་དེ་གའི་འཐུས་མིས་བཏོན་པའི་གྲོས་གཞི་དང་། གྲོས་འཆར། སྐྱོན་བརྗོད། བསམ་འཆར་རིགས་མི་དམངས་སྲིད་གཞུང་ནས་ཐག་གཅོད་ཇི་བྱས་ལ་བརྟག་དཔྱད་དང་ལྟ་སྐུལ་བྱེད་རྒྱུ། 

(ལྔ)ཀྲུའུ་ཞི་ཚོགས་པའི་རྒྱུན་གཏན་ལས་དོན་ཐག་གཅོད་བྱེད་འགན་ཁུར་རྒྱུ། 

(དྲུག)ཀྲུའུ་ཞི་ཚོགས་པས་སྤྲད་པའི་དེ་མིན་གྱི་ལས་དོན་ཁག་བསྒྲུབ་རྒྱུ།

ལེའུ་བཞི་པ། ཤང་གྲོང་མི་དམངས་འཐུས་མི་ཚོགས་ཆེན།

དོན་ཚན་ཉི་ཤུ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་ཁྲིམས་ལུགས་གཞིར་བཟུང་འདེམས་དམངས་ཀྱིས་ཐད་ཀར་འདེམས་བསྐོ་བྱེད་རྒྱུ་དང་འཐུས་མིར་འདེམས་དམངས་ཀྱིས་ལྟ་ཞིབ་བྱེད་རྒྱུ། འདེམས་དམངས་ལ་རང་གིས་བདམས་པའི་འཐུས་མི་གནས་དབྱུང་གཏོང་དབང་ཡོད། འཐུས་མི་གནས་དབྱུང་གཏོང་སྐབས་ངེས་པར་དུ་སྔར་གྱི་འདེམས་ཁུལ་དེའི་འདེམས་དམངས་ཀྱི་ཕྱེད་ཀ་ཡན་གྱི་མོས་མཐུན་ཐོབ་པ་དགོས།

དོན་ཚན་ཉེར་གཅིག་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་ཡུན་ནི། སྐབས་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་པ་ནས་བཟུང་སྐབས་རྗེས་མའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་བར་ཡིན། འགན་ཡུན་རིང་གནས་ཚུལ་གཞན་གྱིས་རྐྱེན་པའི་ལས་འགན་འཁུར་མ་ཐུབ་ཚེ་དེ་སྔའི་འདེམས་ཁུལ་ནས་འཐུས་མི་གསབ་འདེམས་བྱེད་དགོས།

དོན་ཚན་ཉེར་གཉིས་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་མི་དམངས་འཐུས་མིའི་ཚོགས་ཆེན་དང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་སྤེལ་བའི་གཏམ་བཤད་དང་བརྡས་ཐག་བཅད་རིགས་ལ་ཁྲིམས་ལུགས་ཐོག་གི་རྩད་གཅོད་མེད།

དོན་ཚན་ཉེར་གསུམ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་འདེམས་དམངས་དང་འབྲེལ་བ་དམ་ཟབ་བཙུགས་ནས་ཁྲིམས་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་དགོས་པ་དང་། སྐབས་དེ་གའི་མི་དམངས་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་ལས་དོན་སྤེལ་རོགས་བྱེད་དགོས་པ་མ་ཟད། མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་རྣམས་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས།

དོན་ཚན་ཉེར་བཞི་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལས་བགོས་བརྒྱབ་ནས་འདེམས་དམངས་དང་འབྲེལ་གཏུགས་བྱེད་སྐབས་འཐུས་མིའི་ཚོགས་ཆུང་བཙུགས་ན་འགྲིག འཐུས་མི་ཅུང་ཉུང་བའི་གྲོང་ཚོ་དང་། གྲོང་ལྷན། ཐོན་སྐྱེད་ཚོགས་ཆུང་བཅས་ཀྱི་རིགས་འཐུས་མི་མཉམ་འབྲེལ་གྱི་ཚོགས་ཆུང་བཙུགས་ན་འགྲིག འཐུས་མིའི་ནང་ནས་མི་གཅིག་བདམས་ཏེ་དེས་འཐུས་མི་ཚོགས་ཆུང་དེའི་སློབ་སྦྱོང་དང་ལས་ཀའི་འགན་འཁུར་རྒྱུ།

ལེའུ་ལྔ་པ། ཤང་གྲོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།

དོན་ཚན་ཉེར་ལྔ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ལ་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་དགོས། འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རེན་གཅིག་དང་། ཀྲུའུ་རེན་གཞོན་པ་གཅིག ཨུ་ཡོན་འགའ་ཤས་བཅས་ལས་གྲུབ་དགོས་ཤིང་། དེ་ཡང་ཀྲུའུ་ཞི་ཚོགས་པས་སྐབས་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཁྲོད་ནས་མི་འགྲོ་གཏོང་དགོས་པ་དང་། དེ་དག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་མཚམས། དེས་སྐབས་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་ཡུན་མ་ཐིམ་བར་འགན་དབང་སྤྱོད་དགོས།

དོན་ཚན་ཉེར་དྲུག་པ། འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གསབ་འདེམས་བྱས་པའི་འཐུས་མི་དང་སྐབས་རྗེས་མའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འདེམས་ཐོན་བྱུང་བའི་འཐུས་མིའི་འོས་བབ་ཁྲིམས་ལུགས་ཀྱི་གཏན་འབེབས་དང་མཐུན་མིན་ཞིབ་བཤེར་བྱེད་དགོས་པ་མ་ཟད། འཐུས་མིའི་འོས་བབ་ཞིབ་བཤེར་བྱས་འབྲས་སྐབས་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུ་དགོས།

ལེའུ་དྲུག་པ། ཞར་བྱུང་།

དོན་ཚན་ཉེར་བདུན་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་དང་། འཐུས་མི། འཐུས་མིའི་ཚོགས་ཆུང་བཅས་ཀྱི་བྱེད་སྒོའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། ཤང་རིམ་པར་ནོར་སྲིད་མེད་རིགས་རང་ལས་རིམ་གཅིག་གིས་མཐོ་བའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདི་འགྲེམས་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716