སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སློབ་ཆེན་གྱི་མཐར་ཕྱིན་སློབ་མས་ལས་ཀ་འཚོལ་སྐབས་གཡོ་འོག་ཏུ་ཚུད་པར་གཟབ་དགོས།
སྤེལ་དུས། 2017-08-15   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  

༡༡༡༡༤༥༥༥༦.jpg

ལོ་རེ་རེའི་སྐབས་འདི་ནི་སློབ་ཆེན་སློབ་མ་སློབ་མཐར་ཕྱིན་པའི་དུས་ཡིན་པས།སློབ་གྲྭ་ནས་སྒོར་བུད་མ་ཐག་པའི་སློབ་གྲྭ་ཆེན་མོ་པར་མཚོན་ན།ལས་ཀ་འཚོལ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད།ཡིན་ན་ཡང་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་མང་པོ་གཡོ་འོག་ཏུ་ཚུད་ཀྱིན་ཡོད་པས།ལས་འཚོལ་བ་ཚོས་དེའི་ཐད་ལ་གཟབ་གཟབ་བྱས་ན་འགྲིག  དོན་དངོས་སུ་བཤད་ན།སློབ་ཆེན་སློབ་མས་མི་བཀོལ་སྡེ་ཁག་གིས་བཀྲམ་པའི་ལས་མི་བསྡུ་བའི་བརྡ་སྦྱོར་སྟེང་གི་ཆ་འཕྲིན་ཁ་ཤས་ལ་ཞིབ་ཏུ་བལྟས་ན་གཡོ་སྒྱུ་ཡིན་པ་ཤེས་ཐུབ།

དཔེ་མཚོན་དང་པོ།

མཐའ་འཁོབ་རི་མ་ས་ཁུལ་ནས་ཡོང་བའི་ཀླུ་མོ་སྒྲོལ་མ་ནི་སློབ་རོགས་དངུལ་བུན་ལ་བརྟེན་ནས་སློབ་གྲྭ་ཆེན་མོར་འགྲིམས་པ་རེད།2016ལོའི་ཟླ7པར།སློབ་གྲྭ་ནས་སྒོར་བུད་དེ་དངུལ་བུན་གྱི་སྐྱིན་ཚབ་སྤྲོད་དགོས་པའི་གནས་ཚུལ་འོག ཁོ་མོས་ལས་མི་བསྡུ་བའི་བརྡ་སྦྱོར་ཞིག་མཐོང་ཞིང་།བརྡ་སྦྱོར་གྱི་སྟེང་དུ“ལས་ཀ་ཡང་མོ་ལས་ནས་ཟླ་ཕོགས་སྒོར་ཁྲི་ལེན་རྒྱུ་ནི་ཕུགས་བསམ་ཙམ་མིན”དང“ལོ་ཕྱེད་ཀའི་ནང་དུ་རླངས་འཁོར་དང་སྡོད་ཁང་ཉོ་བའི་ཕུགས་བསམ་འགྲུབ་ཐུབ”ཅེས་པ་སོགས་མང་པོ་བྲིས་འདུག ཁོ་མོར་ཚོད་ལྟ་བྱེད་འདོད་ཀྱི་བསམ་བློ་ཞིག་འགོག་མེད་དུ་སྐྱེས།ཀླུ་མོ་སྒྲོལ་མ་ལས་ཀ་དེར་ཞུགས་རྗེས།ཀུང་སིས་ཁོ་མོར་ཡིག་ངོས་ཀྱི་གན་རྒྱ་སོགས་གང་ཡང་མ་བཞག་པར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལས་ཀར་ཞུགས་སུ་བཅུག  སྲང་ལམ་རེ་རེར་སོང་ནས་ཐོན་རྫས་སྐུལ་ཚོང་བྱེད་རྒྱུ་ནི་ཁོ་མོའི་ལས་ཀ་ཡིན།ཟླ་གཅིག་འགོར་རྗེས་ཀྱི་ཟླ་ཕོགས་སྟེར་བའི་སྐབས་སུ།ཀུང་སིས་ཁོ་མོར་ཟླ་རེའི་སྒོར་ཁྲི10ཡི་ལས་འགན་མ་འགྲུབ་པས།ཟླ་རེའི་ཆེས་དམའ་བའི་ཟླ་ཕོགས་སྒོར900ལས་མེད་ཚུལ་བཤད།སྐབས་དེར་ཀླུ་མོ་སྒྲོལ་མས་ད་གཟོད་རང་ཉིད་གཡོ་འོག་ཏུ་ཚུད་པ་ཤེས།

དཔྱད་གཏམ།

མི་བཀོལ་སྡེ་ཁག་གིས་ལས་མི་འཚོལ་བ་ནི་ཁེ་སྤོགས་འཚོལ་རྒྱུའི་ཆེད་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད།གལ་ཏེ་ལས་ཀར་ཞུགས་པའི་སློབ་ཆེན་པས་བསྐྲུན་པའི་ཁེ་སྤོགས་ཀྱིས་མི་བཀོལ་སྡེ་ཁག་གིས་དེར་བྱིན་པའི་ཟླ་ཕོགས་མ་སུབ་ན།ཟླ་ཕོགས་མཐོན་པོ་སྟེར་རྒྱུའི་ཁས་ལེན་དེ་ནི་གཡོ་སྒྱུ་ཞིག་ཏུ་འགྱུར་བ་ཁོ་ཐག་རེད།ལས་ཀ་འཚོལ་བའི་སློབ་ཆེན་པ་རྣམས་ཀྱིས་ལས་རིགས་དེའི་ཟླ་ཕོགས་ཀྱི་ཆུ་ཚད་ངེས་པར་ཤེས་དགོས་ལ།རང་ཉིད་ཀྱི་ནུས་པར་ཡང་ངོས་ཟིན་དང་གདེང་འཇོག་ཡང་དག་བྱེད་དགོས་པར་མ་ཟད། མི་བཀོལ་སྡེ་ཁག་གིས་སྟེར་རྒྱུའི་ཁས་བླངས་པའི་ཟླ་ཕོགས་དེ་རྒྱུན་ཚུལ་དང་འགལ་ཡོད་མེད་དབྱེ་ཞིབ་བྱེད་དགོས་པ་དང་།སེམས་རྣལ་མས་རང་ཉིད་ཀྱིས་བསྒྲུབས་པའི་ལས་ཀ་དེར་ཟླ་ཕོགས་དེ་འདྲ་མཐོན་པོ་ཞིག་འབབ་མིན་ལ་བསམ་བློ་ཞིབ་མོ་གཏོང་དགོས།གལ་ཏེ་དེ་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ལྡན་ན་ལས་ཀ་དེའི་རིགས་ལ་མ་ཞུགས་ན་བཟང་།

དཔེ་མཚོན་གཉིས་པ།

སློབ་གྲོགས་ཚང་མས་རང་རང་ས་ནས་ལས་ཀ་རྙེད་པ་མཐོང་རྗེས།དཔལ་ལྡན་གྱི་སེམས་ལ་བྲེལ་འཚུབ་ཆེན་པོ་ལངས།མཇུག་མཐར་ཁོས་སྔོན་ལ་ལས་ཀ་གང་རུང་བཙལ་རྗེས་ད་གཟོད་ལེགས་འདེམ་བྱེད་རྒྱུའི་སེམས་ཐག་བཅད།ཡིན་ན་ཡང་ཁོས་ཀུང་སི་ཞིག་ནས་ཟླ་གསུམ་རིང་ལས་ཀ་ལས་རུང་ཟླ་ཕོགས་སྐར་གང་ཡང་མ་ཐོབ་པ་རེད།ཉིན་ཞིག་ཁོ་རང་སྔར་བཞིན་ལས་ཀར་སོང་བ་ན།ཞག་གཅིག་གི་རིང་ལ་ཀུང་སིའི་ནང་དུ་མི་གཅིག་ཀྱང་མེད་པར་གར་སོང་ཆ་མེད་དུ་གྱུར་འདུག ཁོས་འདྲི་རྟོག་བྱས་རྗེས་ཤེས་པ་ལྟར་ན།ཀུང་སིའི་ཐོ་འགོད་བྱེད་ཡུལ་ནི་ཁྱིམ་མཚེས་རྫོང་ཡིན་པ་དང་། ཁོ་ཚོའི་ལས་སྒྲུབ་ཁང་དེ་ནི་ཀུང་སིས་གནས་སྐབས་སུ་གླས་པའི་གཞུང་ལས་ཁང་རེད། ཁྱིམ་མཚེས་རྫོང་གི་ཀུང་སི་དེ་ཡང་མིང་སྟོང་ཙམ་ཞིག་ཡོད་པ་ལས་མི་དང་རྒྱུ་ནོར་སོགས་གང་ཡང་མེད་དོ། །

དཔྱད་གཏམ།

ཁེ་ལས་ཀྱི་ཐོ་འགོད་བྱེད་ཡུལ་དང་དོན་དངོས་ཀྱི་བདག་གཉེར་བྱེད་ཡུལ་གཉིས་སོ་སོ་ཡིན་པའི་གནས་ཚུལ་མི་ཉུང་བ་ཡོད་མོད།འོན་ཀྱང་ཐོ་འགོད་བྱེད་ཡུལ་ནི་གཞིས་དམངས་ཀྱི་དུད་ཐོ་དང་འདྲ་བར་གཅིག་ལས་ཡོད་མི་སྲིད།སློབ་ཆེན་སློབ་མས་ལས་ཀ་འཚོལ་སྐབས།སྔོན་ལ་བཟོ་ཚོང་སྡེ་ཁག་གི་དཔོན་ཕྱོགས་དྲ་བར་ཞུགས་ནས་མི་བཀོལ་སྡེ་ཁག་དེའི་བཟོ་ཚོང་ཐོ་འགོད་ཆ་འཕྲིན་དང་རྒྱུན་ལྡན་མ་ཡིན་པའི་བདག་གཉེར་བྱེད་སྟངས་སོགས་ཡོད་མེད་ལ་བལྟ་དགོས།

གལ་ཏེ་མི་བཀོལ་སྡེ་ཁག་གི་ཐོ་འགོད་བྱེད་ཡུལ་དང་བདག་གཉེར་བྱེད་ཡུལ་གཉིས་མི་གཅིག་པ་དང་།ཐོ་འགོད་བྱེད་ཡུལ་དུ་མིང་སྟོང་ཙམ་ལས་མེད་ལ།བདག་གཉེར་བྱེད་ཡུལ་དུའང་ལས་སྒྲུབ་ཆ་རྐྱེན་ཆ་མི་ཚང་བ་ཡིན་ན།ལས་ཀ་དེའི་རིགས་ལ་མ་ཞུགས་ན་བཟང་།

དཔེ་མཚོན་གསུམ་པ།

ཚེ་སྒྲོན་ཀུང་སི་ཞིག་ཏུ་ལས་ཀར་ཞུགས་སྐབས།ཀུང་སིས་ཁོ་མོར་ཡིག་ངོས་ཀྱི་ངལ་རྩོལ་གན་རྒྱ་མ་བཞག་པར་མ་ཟད།ད་རུང་ཟླ་ཕོགས་སྟེར་སྐབས་སྟབས་བདེ་བར་ཁ་གཡར་ཏེ།རྗེས་ཕྱོགས་ཟླ་ཕོགས་སྟེར་སྐབས“ཀྲའོ་ཀྲི་ཏུང”ཟེར་བའི་སྒེར་གྱི་རྩིས་ཐོ་ཞིག་གི་སྟེང་ནས་ཁོ་མོར་ཟླ་ཕོགས་སྟེར་རྒྱུ་ཡིན་ཚུལ་བཤད།ཁོ་མོས་ཀྱང་ཡང་བསྐྱར་ལས་ཀ་འཚོལ་རྒྱུ་ནི་སླ་མོ་ཞིག་མིན་པར་བསམས་ནས་ཁས་བླངས་པ་རེད།ཟླ་དང་པོ་དང་གཉིས་པར་ཚེ་སྒྲོན་ལ་ཟླ་ཕོགས་ཉུང་ངུ་ཙམ་ཞིག་འབྱོར་མོད།ཡིན་ན་ཡང་དེའི་རྗེས་ཀྱི་ཟླ་བཞིའི་རིང་ལ་ཟླ་ཕོགས་སྒོར་མོ་གཅིག་ཀྱང་མ་འབྱོར་བ་རེད།ཐབས་ཟད་འུ་ཐུག་གི་གནས་ཚུལ་འོག་ཚེ་སྒྲོན་གྱིས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་ལ་གཏུག་བཤེར་བྱས་པ་ན། ཀུང་སིས་མོ་དང་ཀུང་སིའི་བར་དུ་ངལ་རྩོལ་འབྲེལ་བ་མེད་ཚུལ་དང་ཀུང་སིས་ཁོ་མོར་ཟླ་ཕོགས་བྱིན་མ་མྱོང་བར་བཤད་དེ།ཁོ་མོ་དང་ངལ་རྩོལ་འབྲེལ་བ་ཡོད་པ་ཁས་མ་བླངས།

དཔྱད་གཏམ།

《ངལ་རྩོལ་འབྲེལ་བ་ཐག་གཅོད་པའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་སྦྱོར》ཁྲོད་བསྟན་དོན།མི་བཀོལ་སྡེ་ཁག་གིས་ལས་མི་བསྡུས་རྗེས་ཡིག་ངོས་ཀྱི་ངལ་རྩོལ་གན་རྒྱ་མ་བཞག་ན།ལས་བཟོ་པས“ཟླ་ཕོགས་བྱིན་པའི་དཔང་རྟགས་དང་ཟིན་ཐོ”ལ་བརྟེན་ནས་ཕྱོགས་གཉིས་ཀར་ངལ་རྩོལ་འབྲེལ་བ་ཡོད་པ་བདེན་དཔང་བྱེད་ཆོག་པ་དང་།  དེ་བཞིན་དུ་གལ་ཏེ་ཚེ་སྒྲོན་གྱིས་མོ་དང་ཀུང་སིའི་བར་ལ་ངལ་རྩོལ་འབྲེལ་བ་ཡོད་པ་བདེན་དཔང་བྱེད་མ་ཐུབ་ན།རང་ཉིད་ལ་མི་ཕན་པའི་མཇུག་འབྲས་ངན་པ་དེའི་འགན་འཁུར་དགོས་པ་རེད།གྱོད་དོན་འདི་ལས་ཐོབ་པའི་བསླབ་བྱ་ནི་ཟླ་ཕོགས་སྟེར་བའི་ཐབས་ལམ་རྒྱུན་ལྡན་མིན་ན།དོགས་ཟོན་བྱེད་ཞོར་དཔང་རྟགས་འཚོལ་སྡུད་བྱེད་དགོས་པ་དེ་རེད།  །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716