སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
བོད་ཀྱི་དཔར་ཁང་ཆེན་པོ་གསུམ་ལས་སྣར་ཐང་དཔར་ཁང་།
སྤེལ་དུས། 2014-03-19   ཡོང་ཁུངས། རེབ་གོང་ཤེས་རིག་གླིང་།   རྩོམ་པ་པོ།  འབྲུག་མོས་བསྒྲིགས།

     བོད་གངས་ཅན་ལྗོངས་ཀྱི་དཔར་ཁང་ཆེན་པོ་རྣམ་གསུམ་སྟེ། ཞོལ་པར་ཁང་དང༌། སྣར་ཐང་པར་ཁང༌། སྡེ་དགེ་པར་ཁང་བཅས་ཀྱི་གནས་ཚུལ་བསྡུས་པ།
     
སྣར་ཐང་དཔར་ཁང༌།
    
གངས་ཅན་ལྗོངས་ཀྱི་བོད་ཡིག་དཔར་ཁང་ཆེན་མོ་གསུམ་གྱི་ཡ་གྱལ་སྣར་ཐང་དགོན་ནི་བཀའ་གདམས་པའི་གདན་ས་ཆེན་པོ་ཞིག་ཡིན། བཀའ་བསྟན་གྱི་འགྱུར་ཆོས་མང་བོ་ཁྱད་སྡུར་གྱིས་བསྡུ་སྒྲིག་གནང་བའི་ཐོག་མའི་གནས་ཡུལ་ཡིན་པས་ལོ་རྒྱུས་ཀྱི་བརྗོད་གཞིར་སྙན་གྲགས་ཤིན་ཏུ་ཆེ། དང་ཐོག་དཔར་ཁང་ཡོད་རབས་ཡིག་ཆ་རྣམས་ལ་གཏམ་དུ་མ་གྲགས་པས་གསལ་ཆ་མི་མཆིས་ཀྱང༌། ནང་བསྟན་རིག་གནས་དར་སྤེལ་གནང་བའི་ལྟེ་བ་ཞིག་ཡིན་པའི་ཆ་ནས་བསམ་ན། དཔར་སྐྲུན་ལག་རྩལ་གཉེར་བའི་ལས་གྲྭ་ཞིག་བར་སྐབས་དེར་བྱུང་ཡོད་པ་གོར་མ་ཆགཡིན་ཀྱང་ཡོངས་གྲགས་ཀྱི་ངོས་འཛིན་ལ་དུས་རབས་བཅོ་བརྒྱད་པར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་གནང་ནས་བཀའ་བསྟན་གྱི་དཔར་ཤིང་བཞེངས་པ་དེ་གར་བཞུགས་སུ་གསོལ་བ་ལས་དཔལ་སྣར་ཐང་དགོན་གྱི་དཔར་ཁང་ཆེན་མོ་གསར་དུ་གཞི་གྲུབ་པར་འདོད། གང་ལྟར་བཀའ་བསྟན་གྱི་དཔར་ཤིང་དེ་གར་ཕུལ་བ་ལས་དགོན་པའི་དཔར་ཁང་གི་ལས་གྲྭའི་རྒྱ་ཁྱོན་ལ་འགྱུར་ལྡོག་བྱུང་ཐོགབདག་གཉེར་གྱི་སྒྲིག་གཞི་དང་བཅའ་ཡིག་གི་བསྲུང་བྱ་སོགས་ཀྱང་གསར་དུ་བཞག་ནས་འཐུས་ཚང་དུ་གྱུར་ཡོད་པ་ཤིན་ཏུ་གསལ།
     
སྣར་ཐང་བཀའ་བསྟན་གྱི་ཐོག་མའི་ལས་གྲྭ་ཤེལ་དཀར་རྫོང་འདབས་ནས་ཚུགས། དེར་དབུས་གཙང་ཁུལ་ནས་དཔར་རྐོའི་རིག་བྱེད་པ་རྒན་གཞོན་སྟོང་ཕྲག་ལྷག་འདུས་པ་མ་ཟད། ལས་ཀ་དངོས་གཞིའི་ཁྲོད་གཙོ་ཆེའི་རིག་པ་འཛིན་པ་ལ་འགོ་བྱེད་མི་སྣ་མངའ་བདག་བྲག་པ་དང་ཇུ་རིགས་ཐུ་ཁོ་ཤོའུ་ཆི་དཔོན་སློབ་གཉིས། ཨེ་དཔོན་ཚང༌། ཡིག་མཁན་དབུ་མཛད་བསྟན་འཛིན་བག་དྲོ། དཔར་བ་དབུ་འཛིན་བློ་བཟང་ཀུན་ཐུབ་དང་དབུ་ཆུང་བརྒྱ་བྱིན། རྟ་མགྲིན། ཕུན་ཚོགས་དར་རྒྱས། སྙེ་མོ་པདྨ་ཚེ་རིང༌། ཞུ་དག་པ་ཤེལ་དཀར་ཆོས་སྡེའི་ཕྱོགས་ཀྱི་བཙུན་པ་གཉིས་སོགས་ཀྱིས་གྲུབ། ལས་ཀའི་སྟངས་འཛིན་ལ་རྐོས་གྲུབ་ཡི་གེའི་གཟུགས་མཛེས་པ་དང༌། དག་ཆ་ཐོན་པ། བརྐོས་མྱུར་བ་རྣམས་གཙིགས་ཆེར་བཟུང་ནས། བྱ་དགའི་སྐྱེས་དང་ཕོགས་ཐོབ་ཀྱི་འཕྲི་འབབ་ཀྱིས་བརྩོན་སེམས་ཐབས་ཀྱིས་སྐུལ་བ་དོན་དུ་གཉེར། འདི་ལས་མཐོང་ཐུབ་པ་ནི་དཔར་རྐོན་ལག་བྱེད་པའི་ཀུན་སློང་དབང་ཤེད་སོགས་ཀྱིས་གཏན་ནས་མ་སྦགས་པར་རང་རྟོག་གི་ཐོབ་ཐང་ལ་རྩི་བཀུར་གནང་ནས་གྲུབ་པ་ཤིན་ཏུ་གསལ། སྐབས་དེར་བཙུགས་པའི་བཀའ་བསྟན་དཔར་བརྐོའི་ལས་གྲྭ་དེ་ནི། སྐབས་ཀྱི་དགོས་དབང་གིས་བཀའ་བསྟན་དཔར་སྐྱོན་གྱི་བགྱི་བ་གཉེར་བའི་ལས་ཀ་ཁོ་ནར་བཙུགས་པ་ཤིན་ཏུ་གསལ་ཡང༌། ལག་རྩལ་རང་ངོས་ནས་བསམ་ན་སློབ་རྒྱུན་རྐང་ཆགས་པ་དང་ལག་རྩལ་ཁྱབ་བརྡལ་གཏོང་བའི་ལས་དོན་སོགས་ལ་ལག་ལས་རིག་པའི་སློབ་གྲྭ་ཆེན་མོ་ཞིག་དངོས་སུ་བཙུགས་པ་རེད། ལས་གྲྭ་དེར་བོད་ཡིག་གི་དཔར་སྐྲུན་ལས་ཀ་ཇི་ལྟར་རྒྱག་པའི་ཐབས་ལམ་སློབ་སྤེལ་དང་ལག་ལེན་གནང་བ་མ་ཟད། རི་མོའི་སྒྱུ་རྩལ་དཔར་ཤིང་ལ་ཇི་ལྟར་སྦྱོར་བའི་རིག་ལམ་གནད་ཀྱི་མདུད་པ་ཡང་སྐབས་དེ་ནས་གྲོལ་ཞིང་སློབ་རྒྱུན་སོགས་སྤེལ་པར་གྲགས། དེ་ལྟ་བས་ན་སྣར་ཐང་དཔར་ཁང་གི་ཐོག་མའི་རྨང་གཞྀར་གྱུར་བ་ཤེལ་དཀར་རྫོང་གི་དཔར་རྐོའི་ལས་གྲྭ་དེས། བོད་ཀྱི་དཔར་སྐྲུན་ལག་རྩལ་གྱི་རིག་གནས་ལ་རྨང་གཞི་བཏིང་ཐོག་དཔར་རྐོའི་ལག་ལས་རིག་བྱེད་པ་སྟེ་ལག་ཤེས་བཟོ་བའི་དཔུང་ཁག་ཆེན་མོ་ཞིག་སྐྱེད་སྲིངས་བྱས་པར་མངོན་པས།པར་བརྐོའི་རིག་བྱེད་འཛིན་པ་ཁྱོན་ཆེ་ཙམ་ཞིག་སྐབས་དེའི་དུས་སུ་བསྐྱེད་བསྲིངས་བྱུང་བར་གྲགས་ཞེས་ཚེ་རིང་ཕུན་ཚོགས་ལགས་ཀྱིས་གསུངས། 

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060