སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ་པར་གསར་གྱི་སྐོར།
སྤེལ་དུས། 2014-07-14   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།   རྩོམ་པ་པོ།  འབྲུག་མོས་བསྒྲིགས།

                                                               
      རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ།
པར་སྐྲུན་ཁང་། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་། གཙོ་སྒྲིག་པ། སངས་རྒྱས་མཁར། ཀན་སུའུ་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། གསུང་འབུམ་གྱི་པར་གཞིའི་མ་ཕྱི། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུང་འབུམཔོད་དྲུག་གི་མ་ཡིག་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་དཔར་ཡིན་ཞིང་། འདིའི་དཔར་ཤིང་རིག་གསར་སྐབས་ཆག་འཇིག་མ་བྱུང་བར་རང་ཅག་གི་བགོ་སྐལ་དུ་ཐོབ་པ་ད་ལྟ་བླ་བྲང་དགོན་པའི་དཔར་ཁང་ཆེན་མོར་བཞུགས། དེ་ལ་པར་བའི་གསུང་འབུམ་ལེགས་སྒྲིག་གི་རྩ་འཛིན་མ་ཡིག་ནི་རྨ་ཆུ་རྫོང་ཚ་གན་བེ་ཤིང་དགོན་གྱི་རྟེན་གྲས་ལ་བཞུགས། གསུང་འབུམ་གྱི་ནང་དོན་བསྡུས་བཤད། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུང་རྩོམ་ལ་སྤྱོད་འཇུག་དང་མདོ་སྡེ་རྒྱན་གྱི་འགྲེལ་བ་སོགས་གཞུང་འགྲེལ་གྱི་སྐོར་དང་། འདུལ་བ་ལུང་སྡེ་བཞིའི་དཀའ་གནད་ཡོངས་སུ་རྫོགས་པར་བསྡུས་པ་དང་། འདུལ་བའི་དཀའ་གནས་རྣམ་པར་དཔྱད་པ་སོགས་འདུལ་བའི་གཞུང་བཤད་ཀྱི་སྐོར། འཇིགས་བྱེད་ཀྱི་བསྐྱེད་རིམ་དང་རྒྱུད་སྡེ་བཞིའི་ལྷའི་བསྙེན་པ་བྱེད་ཚུལ་སོགས་ཉམས་ལེན་གྱི་སྐོར། སྟོན་པ་མཉམ་མེད་ཐུབ་པའི་དབང་བོའི་མཛད་པ་བཅུ་གཉིས་མདོར་བསྡུས་ཏེ་བརྗོད་པ་མུ་ཏིག་ཕྲེང་བ་དང་། མཉམ་མེད་ཤཱཀྱའི་རྒྱལ་བོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་སོགས་རྟོགས་བརྗོད་ཀྱི་སྐོར། རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་གསང་བའི་རྣམ་པར་ཐར་བ་ནོར་བུའི་དོ་ཤལ་སོགས་རྣམ་ཐར་གྱི་སྐོར། གསེར་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་བྱང་ཆེན་ཐར་ལམ་བགྲོད་པའི་ཐེམ་སྐས་སོགས་དཀར་ཆག་གི་སྐོར། བསྟོད་ཚོགས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་དང་རི་བོ་རྩེ་ལྔའི་གནས་བསྟོད་དོན་ལྡན་ཚངས་པའི་སྒྲ་དབྱངས་སོགས་སྙན་རྩོམ་གྱི་སྐོར། ཆབ་ཤོག་མཐོ་རིས་དཔལ་མོའི་རྣ་རྒྱན་ཨུཏྤལ་ཕྲེང་མཛེས་སོགས་འཕྲིན་ཡིག་གི་སྐོར། སློབ་གཉེར་གྱི་འདུན་མ་སྐུལ་བའི་མགུར་ཚིག་གནད་བསྡུས་སོགས་མགུར་མའི་སྐོར། བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་སོགས་བྱིན་རླབས་མྱུར་འཇུག་གི་སྐོར། རྗེ་བཙུན་མི་ལའི་གསོལ་འདེབས་གྲུབ་དབང་དགྱེས་པའི་མཆོད་སྤྲིན་སོགས་གསོལ་འདེབས་ཀྱི་སྐོར་བཞུགས་ཡོད་པ་མ་ཟད། ད་དུང་སྒྲུབ་ཐབས་དང་བསང་ཡིག སྨོན་བྱང་དང་ཚིག་བཀྲ། ཟིན་བྲིས་དང་དྲིས་ལན་སོགས་རིགས་དབྱེ་བསམ་གྱིས་མི་ཁྱབ་པའི་ཆོས་ཚན་ཤིན་ཏུ་མང་པོ་བཞུགས་པས། གཞུང་ཆེན་མོའི་གནད་འདུས་ཤིང་ལུང་རྒྱུན་གྱིས་ཕྱུག་པ། ཁྲིད་ཀྱི་རིམ་པ་ཚང་ཞིང་མན་ངག་གིས་བརྒྱན་པ། གདུལ་བྱའི་བློ་དང་འཚམས་ལ་དགོས་མཁོས་མ་བཏང་བ་སྟེ། དགེ་ཚོགས་ཡོན་ཏན་གྱིས་ཀུན་ནས་གཏམས་པའི་གསུང་རྩོམ་ཇི་སྙེད་ཁྲིགས་ཆགས་སུ་བསྡེབས་པ་ལ་བསྡོམས་པས་པོད་དྲུག་བཞུགས་པ་དང་། གཞན་ཡང་། གསུང་འབུམ་འདིར་བསྟོད་ཚོགས་ཀྱིས་གཙོས་པའི་སྙན་རྩོམ་སྐོར་ཤིན་ཏུ་མང་པོ་འབྱུང་བས། བརྗོད་བྱ་སྐབས་ཐོག་དེའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཡོན་ཏན་ལ་འབྲེལ་བས་ལོ་རྒྱུས་ཀྱི་ཆ་དང་ལྡན་པའི་ཐོག་ཏུ། རྩོམ་རྩལ་གོ་སླ་བ་གཞིར་བྱས་ཀྱིས་བྲིས་པས་ཁ་གསལ་ཞིང་། སྒྱུ་རྩལ་མེ་ལོང་ལུགས་ཀྱི་མཚོན་ཐབས་ལ་བྱས་པས་ཤིན་ཏུ་སྙན་ལ། དགོས་པ་ཞུ་མཁན་གྱི་བློ་ཚོད་དང་བསྟུན་པས་ཡུལ་མཆོག་དམན་བར་གསུམ་ལ་འཚམས་པ་སྟེ། བརྗོད་བྱ་ཐུན་མོང་བའི་རིགས་ཅན་གང་ཞིག་མཚོན་ཐབས་ཀྱི་སྒྱུ་རྩལ་ཐུན་མོང་མ་ཡིན་པས་དཀྱུས་སུ་བླངས་པ་སོགས་ཀྱིས་ཤིན་ཏུ་སྙན་པོར་བྱུང་ཡོད་པ་དང་། ད་དུང་ཚིགས་བཅད་ཀྱི་ལམ་ནས་བྲིས་པའི་རྣམ་ཐར་དང་བསླབ་བྱ། ཆབ་ཤོག མགུར་མ། སྨོན་ཚིག་སོགས་ཇི་སྙེད་བཞུགས་པ་རྣམས་ཀྱང་། ཚིག་དོན་གཉིས་ཀྱི་སྡེབ་སྦྱོར་གྱི་ཆ་ནས་སྙན་ངག་གི་ཉམས་ཀྱིས་ཕྱུག་ཅིང་། བསྟན་དོན་གྱི་ཆ་ནས་ལྷག་བསམ་གྱི་མདངས་ཀྱིས་བཟུང་བས་སྙན་ངག་པའི་མཚན་སྙན་ལྷུར་བཞེས་ཡོད་པ་མངོན་གསལ་དོད་པོར་བྱུང་འདུགདེའི་ཕྱིར་ང་ཚོས་ཁོང་གི་གསུང་འབུམ་ལས་སྙན་རྩོམ་དང་ཐུན་མོང་ཤེས་བྱའི་སྐོར་ལོགས་སུ་ཕྱེ་ནས། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་སྙན་རྩོམ་ཕྱོགས་བསྒྲིགསཞེས་པ་ཟུར་དུ་དཔེ་སྐྲུན་གནང་ཡོད། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན(སྤྱི་ལོ༡༧༦༢-༡༨༣༧)(མདོ་སྨད་ལྷོ་རྒྱུད་ཀྱི་འབོ་རའི་རྒྱ་སྒར་ཐང་ཞེས་པར་འཁྲུངས)ནི་ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་གིས་འབྲས་སྤུངས་བླ་མ་སངས་རྒྱས་རྡོ་རྗེའི་སྤྲུལ་སྐུར་བླུས་ནས་སྐུ་མདུན་དུ་བསྐྱངས་ཤིང་། དབུས་ཀྱི་གདན་ས་ཁག་ལ་ཐོས་བསམ་འཚོལ་བའི་སློབ་གཉེར་དུ་མངགས་པས་སྦྱང་བ་རྡོ་རུས་ཐུག་པར་གནང་། རིག་པ་རྩེར་སོན་གྱིས་སྙན་པའི་གྲགས་པ་རྒྱས་པར་བསྟུན་ཆོས་འཁོར་རྒྱལ་གྱི་མཁན་པོར་བསྐོས། དེ་གར་འཆད་ཉན་བསྐྱངས་མུས་སུ་ལོ་ངོ་དུ་མར་གདན་བཞུགས་གནང་། མཁན་པོའི་ལས་ཁུར་རྫོགས་རྗེས་དབུས་ཀྱི་གདན་ས་ཁག་འགྲིམས་ནས། འཆད་ཉན་གྱིས་གཙོས་པའི་དབང་ལུང་རྗེས་གསུམ་གྱི་མན་ངག་ཟབ་མོའི་ཆུ་རྒྱུན་གྲུབ་མཐའ་རིས་མེད་ཀྱི་ངོས་ནས་མནོས། སྐབས་ཐོག་དེ་ག་ཙམ་ལ་ཀུན་མཁྱེན་ཚང་མི་སྣ་ཆེད་མངགས་ཀྱིས་དབུས་ལས་ཁོང་ཉིད་བླ་བྲང་དགོན་པར་གདན་དྲངས། རྒྱལ་མཁན་ཆེན་ཞེས་བརྗོད་དགོས་པའི་མཚན་སྙན་གཡུ་འབྲུག་གི་ང་རོ་འདུ་མང་རྒྱ་མཚོའི་དབུས་སུ་བཀའ་གསུང་དྲོན་མོས་མངོན་པར་བསྒྲགས། དེ་ནས་བཟུང་སྟེ་ཁོང་གི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་རྒྱལ་མཁན་ཆེན་ནམ་རྒྱལ་མཁན་པོ་ཚང་ཞེས་དད་ལྡན་སྐྱེས་པོའི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བོས། ཁོང་ཉིད་བླ་མ་སངས་རྒྱས་རྡོ་རྗེའི་ཞལ་ནས་རྩིས་ཏེ་རྒྱལ་མཁན་པོའི་སྐུ་ཕྲེང་གཉིས་པར་འདྲེན། ཚོགས་ཆེན་ཁྲིར་བསྐོས་ཏེ་དགོན་པའི་འགྲིག་གི་རིམ་པ་དང་། བསླབ་ཁྲིམས་སྲུང་ཚུལ། འཆད་ཉན་གནང་སྟངས། ཕྱག་ལེན་འགྲོ་ཚུལ་སོགས་འདུལ་བ་ནང་བཞིན་བཟུང་། དེས་དགོན་པའི་ཆོས་སྲིད་གཉིས་ཀ་ཕྱོགས་ཡོངས་ནས་སྒོ་ཀུན་ལས་འཕེལ་རྒྱས་མངོན་གསལ་བྱུང་། ཁྲིའི་ལོ་གྲངས་གཙང་རྗེས་གདུལ་བྱའི་མོས་པ་ལྟར་མདོ་སྨད་ལྷོ་བྱང་གི་ཡུལ་གྲུ་ཀུན་ལ་ཕེབས་ནས། དབང་ལུང་རྗེས་གསུམ་གྱིས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ཀྱིས་བཀུག་ནས་རྗེས་སུ་བཟུང་། ཁྱད་པར་དུ་རྨ་ཀློང་སྔོན་མོའི་འགྲམ་གྱི་ཉམས་དགའི་གནས་བྱིན་ཅན་དབེན་པའི་རི་ཁྲོད་ག་ལ་བ་དེར་ཆགས་པའི་ཚ་གན་བེ་ཤིང་དགོན་དགའ་ལྡན་རབ་རྒྱས་གླིང་གི་ཁྲིར་ཕེབས་ནས། རྒྱུད་སྡེ་བཞིའི་ཉམས་ལེན་དང་བཀའ་པོད་ལྔའི་འཆད་ཉན་ཡ་མ་བྲལ་བར་བསྐྱངས། དེ་ལྟར་བསྟན་འགྲོར་སྨན་པའི་དོན་རྒྱ་ཆེར་མཛད་པ་སོགས་ཀྱིས་ཡུལ་མདོ་སྨད་ཀྱི་བསྟན་སྲིད་རིག་གནས་དང་བཅས་པའི་ལས་དོན་ལ་ཕྱག་རྗེས་ཤིན་ཏུ་ཆེའོ།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060