སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
བོད་ཀྱི་གསོ་རིག་དང་སྨན་རིག་ནི་ཚན་རིག་ཅིག་ཡིན་ཞེས་བཞུགས་སོ།
སྤེལ་དུས། 2013-07-30   ཡོང་ཁུངས།    རྩོམ་པ་པོ།  ཁྲོ་རུ་ཚེ་རྣམ། འབྲུག་མོས་ཞུ་དག་བྱས།

    སྤྱིར་གསོ་བ་རིག་པ་ནི་མིའི་རིགས་ལ་ཕན་པ་འབའ་ཞིག་སྒྲུབ་པའི་རིག་པ་ཞིག་ཡིན་སྟབས།  དམིགས་བསལ་གང་ཡང་མེད་པར་མི་ཚང་མས་ནད་བཅོས་སྲོག་སྐྱོབ་ཆེད་དུ་གསོ་རིག་དང་སྨན་རིགས་ལ་བརྟེན་དགོས་ཀྱི་ཡོད་པ་རེད།  དེར་བརྟེན་རྒྱལ་ཁབ་དང་། མི་རིགས།  ས་ཁུལ་སོ་སོར་གསོ་རིག་གི་གཞུང་ལག་ལེན་དང་བཅས་ཚད་གཞི་མི་འདྲ་བའི་སྒོ་ནས་དར་ཁྱབ་བྱུང་ཡོད་པའི་ནང་།  བོད་ཀྱི་གསོ་བ་རིག་པ་འདི་ནི་རང་ཅག་ཚོའི་ཕུལ་དུ་བྱུང་བའི་སྙིང་སྟོབ་ས་དང་བློ་གྲོས་ལྡན་པའི་མེས་པོ་མཁས་མཛངས་ལྡན་པ་རྣམས་ཀྱིས་གསར་གཏོད་དང་དར་སྤེལ་མཛད་ནས་ད་བར་ལོ་ངོ་༢༠༠༠ལྷག་གི་ལོ་རྒྱུས་ལྡན་པ་ཞིག་རེད།  རྨང་གཞི་དེའི་སྟེང་རྒྱལ་ཁབ་ཁག་དང་མི་རིགས་ཁག་གི་གསོ་རིག་གི་སྙིང་བཅུད་བསྡུས་ལེན་གྱིས་བོད་རང་གི་གནམ་གཤིས་དང་།  ས་ཁམས་ཆགས་ཚུལ།  མིའི་ལུས་ཁམས་ཆགས་ཚུལ་སོགས་རང་བྱུང་ཁམས་ཀྱི་ཁྱད་ཆོས་དང་མཐུན་པར་ལེགས་སྒྲིག་བྱས་ཏེ་རིམ་པར་བརྒྱུད་པའི་རྒྱུན་སྲོལ་གྱི་ཆུ་བོ་ཆེན་པོ་གསུམ་ཕྱོགས་གཅིག་ཏུ་འདུས་པའི་གསོ་རིག་དང་།སྨན་རིག་གི་རྒྱ་མཚོ་ཆེན་པོ་སྟེ་ད་ལྟ་ང་ཚོས་བདག་ཉར་དང་ལག་ལེན་བྱེད་བཞིན་པའི་དཔལ་ལྡན་རྒྱུད་བཞི་འདི་གྲུབ་པ་ཡིན།  འདི་ནི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིང་རིན་ཐང་བྲལ་བའི་ལག་ལེན་གྱི་ཉམས་མྱོང་ལྡན་པའི་ནོར་མཛོད་ཆེན་པོ་སྤྱད་ན་འཛད་མཐའ་མེད་པ་ཞིག་ཡིན་སྟབས།  རིགས་གཞུང་དང་ལག་ལེན་ཟུང་དུ་འབྲེལ་བར་བྱེད་པའི་རྩ་བའི་གཞུང་ལུགས་ཤིག་ཡིནཔའི་ཕྱིར་ཞིབ་འཇུག་བྱ་རིན་ཡོད་པ་ཞིག་རེད་ལ། ཞིབ་འཇུག་བྱས་ནས་གོང་འཕེལ་དུ་གཏོང་དགོས་པ་དང་འོས་པ་ཞིག་ཀྱང་ལོས་ཡིན། བོད་ཀྱི་གསོ་བ་རིག་པ་ནི་མིའི་རིགས་ཀྱི་གཟུགས་པོ་བདེ་ཐང་ཡོང་ཐབས་ཀྱི་ནད་བཅོས་སྨན་སྦྱིན་བྱེད་པའི་རིག་པ་ཞིག་ཡིན་པར་མ་ཟད།  མིའི་སེམས་ཁམས་ཀྱི་ཐོག་མ་ཞི་བདེའི་སློབ་གསོ་གཏོང་བའི་རིག་པ་ཞིག་ཀྱང་ཡོན་པས།བོད་ཀྱི་གསོ་བ་རིག་པ་དང་སྨན་རིག་ནི་མིའི་རིགས་ལ་ཞབས་འདེགས་ཞུ་བའི་ནུས་ལྡན་གྱི་ཚན་རིག་ཅིག་ཡིན་པ་གོར་མ་ཆག་ཚན་རིག་ནི་དངོས་པོ་དང་བྱ་བ་མཐའ་དག་གི་གནས་མཚུལ་ཇི་མ་ཇི་བཞིན་སྟོན་པའི་དྲང་བདེན་གྱི་རིག་པ་ཞིག་ཡིན།  དེང་གི་དུས་ལ་ཆ་མཚོན་པ།  འཇིག་རྟེན་གྱི་བདེ་སྐྱིད་ཕུན་ཚོགས་མཐའ་དག་བསྐྲུན་པར་བྱེད་པ་ལ་ཚན་རིག་ནི་མེད་དུ་མི་རུང་ཞིང་།  ཚན་རིག་ལ་བརྟེན་ནས་འཇིག་རྟེན་གྱི་ཕན་བདེ་མཐའ་དག་སྐྲུན་མཁན་ནི་མི་ཡིན།  དེ་ཡང་མི་ནད་མེད་པ་དང་བདེ་བར་གནས་པ་ཞིག་གིས་བྱེད་ཐུབ་པ་ལས།  ནད་པ་ཞིག་གིས་འགྲོ་བའི་བདེ་སྐྱིད་མཐའ་དག་བསྒྲུབ་པ་ཤིན་ཏུ་དཀའ་ལ།  ཚེ་ཡུན་རིང་དུ་མི་གནས་པ་ཞིག་གིས་ནི་དེ་བས་ཀྱང་བསྒྲུབ་པར་མི་ནུས།  དེའི་ཕྱིར་མི་སུ་འདྲ་ཞིག་ཡིན་རུང་མི་ནང་བར་བདེ་བར་གནས་པ་དང་།  ན་བ་གསོ་བར་བྱེད་པ།  ཚེ་ཡུན་རིང་དུ་གནས་པའི་ཐབས་ལ་འབད་པ་ནི་གལ་ཆེ་བ་ཞིག་ཡིན་ལ་མིའི་རིགས་ནི་དམིགས་བསལ་གང་ཡང་མེད་པར་དེ་འདྲའི་རེ་འདོད་ཡོད་མཁན་ཤ་སྟག་ཡིན།
    
དེ་ན་དེ་དག་སྒྲུབ་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ནི་གསོ་བ་རིག་པ་དང་། སྨོན་རིག་ལ་བརྟེན་དགོས་པ་སྟེ།  དེའང་རྒྱུད་བཞིའི་གླེང་སློང་སྐབས་སུ་ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག  མི་ན་བ་བདེ་བར་གནས་པར་འདོད་པ་དང་།  ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ་ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།   ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་སོག་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།  འགྲོ་བ་གང་ཞིག་ནང་ཀྱི་སྡུག་བསྔལ་ལས་ཐར་བར་འདོད་པ་དང་གཞན་གྱི་སྤྱི་བོས་བཀུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།  ཞེས་གསུངས་པ་ལྟར་རོ། 
    
དོན་དེ་དག་རེ་རེ་སྒྲུབ་པའི་ཐབས་ཀྱི་རིག་པ་ནི་གཞན་དག་ཡོད་མོད། རིག་པ་གཅིག་གིས་དོན་དེ་ཚོ་མཐའ་དག་སྒྲུབ་པར་ནུས་པ་ནི་གསོ་བ་རིག་པ་འདི་ཁོ་ན་ཡིན། དེའི་ཕྱིར་འདི་ནི་རིག་པའི་གནས་གཞན་དག་ལས་ཕུལ་དུ་བྱུང་བའི་རིག་པ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ། རིགས་པའི་གཞུང་ལུགས་ཀྱི་ཐད་ནས་དེ་ལྟར་དུ་གྲུབ་མོད།  འོན་ཀྱང་དེ་དག་དངོས་སུ་སྒྲུབ་པར་བྱེད་པ་ལ་ལག་ལེན་ལ་མི་བརྟེན་མཐུ་མེད་ཡིན་ཞིང་།  དེའང་བོད་སྨན་གྱི་ངོས་ནས་བཤད་ན་གཙོ་ཆེ་བ་སྨན་རྫས་ལ་བརྟེན་ནས་ནུས་པ་ཐོན་དགོས་པ་ཞིག་ཡིན།  
                                                 
གཅིགབོད་ཀྱི་ཡུལ་ནི་སྨན་རྫས་ཀྱི་འབྱུང་ཁུངས་བླ་ན་མེད་པ་ཞིག་ཡིན།
    
སྤྱིར་སྨན་ནི་འགྲོ་བ་མིའི་རིགས་ཀྱི་ནང་གསོ་ཞིང་ལུས་ལ་ཕན་པར་བྱེད་པའི་ནུས་པ་ཁྱད་པར་ཅན་ཞིག་ལ་ཟེར་བ་ཡིན།   རྒྱལ་ཁབ་ཁག་དང་།  མི་རིགས་ཁག།  ཡུལ་ཁམས་མི་འདྲ་བ་སོ་སོར་སྨན་གྱི་རྣམ་གྲངས་དང་ངོས་འཛིན་མི་འདྲ་བ་མཐའ་ཡས་པ་ཞིག་ཡོད་མོད། ང་ཚོ་བོད་ཀྱི་སྨན་གཞུང་ནང་དུ་གཏན་ལ་ཕབ་པ་ལྟར་ན་རིན་པོ་ཆེའི་སྨན་དང་།  སའི་སྨན།  རྡོ་སྨན།  ཤིང་སྨན།  རྩི་སྨན།  ཐང་སྨན།  སྔོ་སྨན།  སྲོག་ཆགས་ཀྱི་སྨན་བཅས་སྡེ་ཚན་༨དུ་དབྱེ་བ་ཕྱེ་ནས་སྨན་དེ་དག་གི་རོ་དང་།   ནུས་པ།  བསིལ་དྲོད་།  ཕན་གནོད་བཅས་གསལ་བཤད་བྱས་ཡོད།  རྣམ་པ་༨པོ་དེ་ཡང་རིགས་བསྡུ་ན།  རིན་པོ་ཆེའི་སྨན་དང་ས་རྡོའི་སྨན་ཕལ་ཆེར་ནི་གཏེར་ཁ་ལས་བྱུང་བའི་སྨན་གྱི་རིགས་ཡིན་པ་དང་།  སྲོག་ཆགས་ཀྱི་སྨན་ནི་སྲོག་ཆགས་ལས་བྱུང་བའི་སྨན་དང་།  དེ་བྱིངས་ཚང་མ་སྐྱེ་དངོས་རྩི་ཤིང་གི་རིགས་ཡིན་པས།  སྤྱིར་རིགས་རྣམ་པ་༣དུ་གྲངས་ངེས་པ་དེ་ལྟར་ཡིན།  རིགས་གསུམ་གྱིས་བསྡུས་པའི་སྨན་རྫས་དེ་དག་གི་ནང་ནས་གླ་ང་ཆེན་གྷི་ཝཾ་དང་།  ཁ་ཆེ་གུར་གུམ།  བསེ་རུ་སོགས་སྤུས་ཚད་ལེགས་པའི་སྨན་རྫས་ཁག་གཅིག་ཕྱི་ཕྱོགས་ནས་བརྩལ་སྒྲུབ་བྱེད་དགོས་པ་ཕུད།  དེ་བྱིངས་སྨན་རྫས་ཕལ་ཆེར་བོད་ཡུལ་སྟོད་སྨད་རང་ནས་ཐོན་གྱི་ཡོད།  དེས་ན་འཛམ་གླིང་གི་རྩེ་མཐོ།  ཁོར་ཡུག་གངས་རིས་བསྐོར་བའི་སྨན་ལྗོངས་གཙང་ཞིང་ཉམས་དགའ་བ། གངས་ཅན་བོད་ཀྱི་ཡུལ་ཁམས་ནི་སྨན་རིགས་ཀྱི་འབྱུང་ཁུངས་བླ་ན་མེད་པ་ཕུན་སུམ་ཚོགས་པ་ཞིག་ཡིན་སྟབས་སྨན་རིགས་སྣེ་མང་འཛོམས་པ་སྤྱད་ན་འཛད་མཐའ་མེད་པ་ཞིག་ཡོད་པ་འདི་ནི།  ང་ཚོ་བོད་མི་རིགས་ཡོངས་ཀྱི་ནང་ནོར་རྩ་འགངས་ཆེ་ཤོས་ཤིག་ཡིན་པར་མ་ཟད།   ཀྲུང་ཧྭ་མི་རིགས་ཧྲིལ་པོའི་ནང་ནོར་རྩ་འགངས་ཆེ་ཤོས་ཤིག་ཀྱང་རེད།  དེར་བརྟེན་གཏེར་རི་དང་།  སྐྱེ་དངོས།  སྲོག་ཆགས་བཆས་ལས་བསྡུས་པའི་སྨན་རིགས་ཀྱི་འབྱུང་ཁུངས་མཐའ་དག་ནམ་ཡང་སྲུང་ཉར་འཐུས་ལེགས་དང་།  བེད་སྤྱོད་ཚུལ་མཐུན་བྱས་ནས་དེ་དག་གི་འབྱུང་ཁུངས་རྩ་སྟོངས་སུ་མི་འགྲོ་བའི་ཐབས་ལ་འབད་འབུངས་གནང་རྒྱུ་ནི་ཤིན་གལ་ཆེ་བ་འདུག་སྙམ་། 
                                                                
གཉིསསྨན་གྱི་སྤུས་ཚད་ལ་དོ་སྣང་བྱེད་དགོས།
    
དེ་ལྟར་བོད་ཁམས་ཀྱི་ས་གཞི་ཆེན་པོ་འདི་ནི་སྨན་རིགས་སྣེ་མང་འཛོམས་པའི་སྨན་གྱི་བང་མཛོད་ཆེན་པོ་ཞིག་ཡིན་ནའང་སྨན་བཙལ་སྒྲུབ་དང་།  བདག་གཉེར།  ལས་སྣོན་སྦྱོར་བ།  བེད་སྤྱོད་བྱེད་སྟངས་བཅས་མི་འདྲ་བ་ལ་བརྟེན་ནས་སྨན་གྱི་ནུས་པ་ལེགས་ཉེས་ཀྱི་ཁྱད་པར་ཡོང་གི་ཡོད་པ་རེད།  སྨན་གྱི་སྤུས་ཚད་ལེགས་ཉེས་ཟེར་བ་ནི།  སྨན་གང་ཞིག་སྨན་རང་རང་གི་ངོ་བོ་ངོས་འཛིན་མ་ནོར་བའི་སྟེང་དུ་འཐུ་སྒྲུབ་དང་།  བདག་གཉེར།  ལས་སྣོན།  སྦྱོར་བ་བཅས་ཚུལ་བཞིན་དུ་བྱས་ནས་སྨན་རང་རང་ལ་ཡོད་པའི་ནུད་པ་དེ་ཇི་མ་ཇི་བཞིན་སྲུང་ཉར་བྱེད་ཐུབ་པ་ལ་སྨན་གྱི་སྤུས་ཚད་ལེགས་པ་ཞེས་ཟེར་བ་དང་།  དེ་ལས་ལྡོག་པ་ནི་སྨན་གྱི་སྤུས་ཚད་ཞན་པ་ཡིན།  སྤུས་ཚད་ཞན་པའི་སྨན་གྱིས་ནི་གཞུང་ལས་ཇི་སྐད་གསུངས་པའི་ནུས་པ་ཇི་བཞིན་ཐོན་མི་ཐུབ།  དཔེར་ན་སྨན་རྫས་ལ་བཤད་ན།  བཏུས་ནས་ལོ་༣་ཡན་ཆད་ལོན་པའི་པྲི་ཡངྐུ་དང་།  གཡའ་ཀྱི་མ་ལྟ་བུ་སྔོ་སྨན་ལོ་མའི་རིགས་དང་།  ལུག་རུ་སེར་པོ་ལྟ་བུ་སྔོ་སྨན་མེ་ཏོག་གི་རིགས་ལྟ་བུ་ཡིན།  སྔོ་སྨན་གྱི་རིགས་མཐའ་དག་དེས་མཚོན་བཙལ་སྒྲུབ་བདག་གཉེར་ལེགས་པར་བྱས་ཏེ་སྨན་གྱི་སྤུས་ཚད་ཡག་པོ་ཡོང་བ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།
                                                                 
གསུམསྨན་རྫས་བཙལ་སྒྲུབ་དང་བདག་གཉེར་བྱེད་སྟངས།

   འོ་ན་སྨན་རྫས་བཙལ་སྒྲུབ་དང་བདག་གཉེར་ཇི་ལྟར་བྱེད་དགོས་སམ་ཞེ་ན།  དེ་ལ་སྨན་རྫས་རིགས་གསུམ་གྱི་ནང་ནས་གཏེར་ཁ་ནས་བྱུང་བའི་སྨན་ཏེ་གསེར་དང་།  དངུལ།  ཟངས།  གཤའ་དཀར།  གཟི།  པད་རག།   བྱུ་རུ།  སྤོས་ཤེལ།  མུ་མེན་སོགས་རིན་པོ་ཆེའི་རིགས་ཀྱི་སྨན་དང་།  བཙགས་དང་།  སི་ནྡྷུ་ར།  གསེར་བྱེ་སོགས་ས་སྨན་གྱི་རིགས།  ཅོང་ཞི་དང་།  མདུང་རྩེ་དཀར་སྨུག  སྦལ་རྒྱབ།  གྲུ་བཞི།  ལྷང་མཚེར་སོགས་རྡོ་སྨན་གྱི་རིགས་ཕལ་ཆེ་བ་དུས་ཚོད་སྔ་ཙམ་ནས་བཙལ་སྒྲུབ་དང་བདག་གཉེར་ལེགས་པར་བྱས་ན།  དུས་ཚོད་ཅུང་རིང་པོ་སོང་ཡང་ནུས་པ་ལ་གནོད་སྐྱོན་ཆེར་ཐེབས་མི་ཐུབ།  དེ་བཞིན་དུ་སྲོག་ཆགས་སྨན་གྱི་ནང་ནས་བསེ་རུའི་རྭ་སོགས་རྭ་ཅོའི་རིགས་དང་།  འབྲུག་རུས་སོགས་རུས་པའི་རིགས།  ཆུ་སྲིན་སྡེར་མོ་སོགས་སྡེར་མོའི་རིགས་རྣམས་ཀྱང་དུས་ཚོད་གང་ཙམ་སོང་ཡང་ནུས་པ་ལ་གནོད་སྐྱོན་མེད།  དེ་མིན་རྨ་བྱའི་ཤ་དང་།  འབྲོང་གི་སྙིང་དང་ཁྲག་སོགས་སྲོག་ཆགས་ལས་བྱུང་བའི་ཤ་ཁྲག་སྨན་གྱི་རིགས་རྣམས་ནི།  དུས་ཚོད་རིང་པོ་སོང་ན་ནུས་པ་ལ་གནོད་སྐྱོན ་ཐེབས་ངེས་ཡིན་པས།མ་རུལ།  མ་བམ་པར་བདག་གཉེར་ཡག་པོ་བྱེད་པ་དང་།  དུས་ཚོད་གང་ཙམ་ནང་གསར་འཚོལ་རྙིང་བརྗེ་བྱེད་དགོས།  འོན་ཀྱང་གྷི་ཝཾ་དང་།  དོམ་མཁྲིས།  གླ་རྩི་སོགས་རྩི་སྨན་གྱི་རིགས་འགའ་ཞིག་ནི་བདག་གཉེར་ཡག་པོ་བྱུང་ན་དུས་ཚོད་ཅུང་རིང་དུ་སོང་ཡང་ནུས་ཉམས་མི་ཐུབ་མོད། འོན་ཀྱང་ཧ་ཅང་དུས་ཚོད་རིང་དྲགས་ན་ནུས་པར་གནོད་སྐྱོན་ཐེབས་སྲིད།  སྐྱེ་དངོས་སྨན་གྱི་རིགས་ལས་ཨ་བར་སྐྱུར་གསུམ་དང་།  ཙན་དན་དཀར་དམར་སོགས་འབྲས་བུ་དང་།སྡོང་པོའི་རིགས་ཀྱིས་སྨན་ཕལ་ཆེ་བ་ཡང་བཙལ་སྒྲུབ་བྱས་ནས་མ་རུལ།མ་སེང་བར་བདག་གཉེར་ཡག་པོ་བྱས་ཚེ་དུས་ཚོད་ཅུང་རིང་པོ་སོང་ཡང་ནུས་པ་ལ་གནོད་སྐྱོན་མི་ཡོང་།   ཡང་དབང་ལག་དང་།  མ་ནུ།  རུ་རྟ་སོགས་རྩ་བར་གཏོགས་པའི་སྨན་གྱི་རིགས་རྣམས་ཀྱང་བརྐོ་སྒྲུབ་བྱས་ནས་ལོ་ཤས་རིང་ནུས་པ་ལ་གནོད་སྐྱོན་མི་ཡོང་།  དེ་མིན་ཡལ་ག་དང་།  ལོ་མ།  མེ་ཏོག་བཅས་ཀྱི་སྨན་རིགས་ཤིང་རྩི་ཐང་སྔོ་བཅས་ལས་བསྡུས་པའི་སྨན་རྣམས་ནི་ལོ་གཅིག་གཉིས་ལས་འདས་པའི་རྙིང་པར་སོང་ན་ནུས་པ་ལ་གནོད་སྐྱོན་ཐེབས་ངེས་ཡིན་པར་ངེས་པར་དུ་ལོ་དུས་སུ་གསར་འཚོལ་རྙིང་བརྗེ་དང་བཟང་འཚོལ་ཞན་བརྗེ་བྱེད་དགོས། ལར་སྐྱེ་དངོས་རྩི་ཤིང་སྨ་གྱི་རིགས་གང་ལ་ཡང་རང་རང་གི་ངོ་བོའི་ནུས་པ་ལ་ཁྱད་པར་ཡོད་པ་མ་ཟད་སྐྱེ་གནས་དང་།  བཏུས་དུས་སོགས་ལས་ཀྱང་ནུས་པ་ལེགས་ཉེས་ཀྱི་ཁྱད་པར་ཡོང་གི་ཡོད་པས།  སྐྱེ་དངོས་སྨན་གྱི་རིགས་མཐའ་དག་བསིལ་དྲོད་རང་གནས་སུ་སྐྱེ་བ་དང་།  དུས་ཐོག་ཏུ་བརྐོ་སྒྲུབ་བྱས་ན་ནུས་མཐུ་ཕུལ་དུ་བྱུང་བ་ཞིག་ཡོད་ཅིང་།གལ་ཏེ་བསིལ་དྲོད་སྐྱེ་ས་གོ་ལོག་དང་།  དུས་སུ་མ་བཏུས་པ་སོགས་ཡིན་ན་ནུས་མཐུ་དམན་པ་ཡིན་སྟབས་སྐྱེ་དངོས་སྨན་གྱི་རིགས་གང་ལ་ཡང་བཙལ་སྒྲུབ་དང་།བདག་གཉེར་བྱེད་སྟངས་ཐད་ངེས་པར་དུ་དོ་སྣང་བྱེད་དགོས། 
                                                    
བཞིཁྱད་པར་དུ་སྔོ་སྨན་ལ་གཅེས་པའི་ཡན་ལག་བདུན་ཚང་དགོས།
        
 སྔོ་སྨན་འཐུ་སྒྲུབ་དང་སྦྱོར་བ་གང་ལའང་སྐྱེ་སར་སྐྱེ་བ་དང་།དུས་སུ་བཏུ་བ།  སྐམ་གསེད་ལེགས་པ།  སོ་མ་རྙིང་པ།  དུག་འདོན་པ།  འཇམ་བཙལ་བ།  འཕྲོད་པར་སྦྱར་བ་བཅས་ཤིན་ཏུ་གཅེས་པའི་ཡན་ལག་བདུན་དང་ལྡན་པ་ཞིག་དགོས་པ་ཡིན།
          
༡.སྐྱེ་སར་སྐྱེ་བ་ནི།  སྨན་གང་ཡང་བསིལ་དྲོད་རང་གནས་སུ་སྐྱེ་བ་ནས་བཏུ་དགོས་པ་ལ་ཟེར།  དེ་ཡང་རྒྱུད་ལས།  གངས་ཅན་འབིགས་བྱེད་བསིལ་དྲོད་རང་གནས་སྐྱེས།  །ཞེས་གསུངས་པ་ལྟར།  རི་བོ་ཁ་བྱང་ལྟ།  རྒྱུན་དུ་བསིལ་ཤས་ཆེ་བ།  གངས་ཅན་གྱི་མཚན་ཉིད་དང་ལྡན་པའི་སྲིབ་ཕྱོགས་ལ་བསིལ་སྨན་སྐྱེས་པ་ཡིན་ན།  སྐྱེ་སར་སྐྱེས་པ་ཞེས་བསིལ་བའི་སྟོབས་ཕུལ་དུ་བྱུང་བ་ཡིན་ཏེ།དཔེར་ན་ས་ཕྱོགས་དེར་སྐྱེས་པའི་སྨན་ཧོང་ལེན་དང་།  སྲོ་ལོ་དཀར་པོ་ལྟ་བུའོ།  བསིལ་བའི་ས་ཕྱོགས་དེ་རིགས་ལ་དྲོད་སྨན་སྐྱེས་ན་བསིལ་དྲོད་གོ་ལོག་ཏུ་སྐྱེས་པ་ཡིན་པས་སྨན་དེ་འདྲ་ནུས་པ་དམན་པ་དཔེར་ན།  ས་ཕྱོགས་དེར་སྐྱེས་པའི་སྨན་ར་མཉེ་དང་།  ཟྭ་འབྲུ་ལྟ་བུ་ཡིན།  ཡར་རི་བོ་ཁ་ལྷོ་ཕྱོགས་སུ་གཏད་པ་རྒྱུན་དུ་དྲོད་ཤས་ཆེ་བ་དང་འབིགས་བྱེད་ཀྱི་མཚན་ཉིད་ལྡན་པའི་གདགས་ཕྱོགས་སུ་དྲོད་སྨན་སྐྱེས་པ་ཡིན་སྐྱེ་སར་སྐྱེ་བ་ཡིན་པས་སྨན་དེ་ནི་དྲོད་ཕུལ་དུ་བྱུང་བ་ཡིན།  དཔེར་ན་ས་ཕྱོགས་དེར་སྐྱེས་པའི་སྒོག་པ་དང་།རུག་པ།  ཟྭ་འབྲུ་ལྟ་བུ་ཡིན།  ས་ཕྱོགས་དེ་ལྟ་བུར་བསིལ་སྨན་སྐྱེས་པ་ཡིན་ན་བསིལ་དྲོད་གོ་ལོག་ཏུ་སྐྱེས་པ་ཡིན་སྟབས་སྨན་དེ་རིགས་ཀྱི་ནུས་པ་དམན་པ་དཔེར་ན།  ས་ཕྱོགས་དེར་སྐྱེས་པའི་པྲི་ཡང་ཀུ་དང་།།  པར་པ་ཏ་ལྟ་བུ་ཡིན།  དེའི་ཕྱིར་སྨན་གྱི་ངོ་བོ་གཅིག་པ་ཡིན་ཡང་སྐྱེ་གནས་ཀྱི་ཁྱད་པར་ལས་ནུས་པ་མཆོག་དམན་དུ་འགྱུར་འགྲོ་གི་ཡོད།  དེའང་བསིལ་སར་དྲོད་སྨན་སྐྱེ་བ་དང་།  དྲོ་སར་བསིལ་སྨན་སྐྱེ་བ་ཡིན་ན་སྨན་དེ་ལ་ནུས་པ་གཏན་ནས་མེད་པ་ཞིག་མ་ཡིན་ནའང་ནུས་པ་དམན་པ་སྟེ།  བསིལ་སར་བསིལ་སྨན་སྐྱེ་བ་དང་།  དྲོ་སར་དྲོད་སྨན་སྐྱེས་པ་ལྟ་བུའི་ནུས་པ་མེད།   དེའི་ཕྱིར་དུས་རྟག་དུ་སྨན་སོ་སོའི་སྐྱེ་གནས་ལ་ལེགས་པར་བརྟགས་ཏེ་རྐོ་སྒྲུབ་བྱེད་དགོས། གཞན་ཡང་སྨན་སྐྱེ་སའི་ས་ཕྱོགས་གཙང་ཞིང་།  ས་ཕྱོགས་དེར་སླེབས་མ་ཐག་སེམས་སྤྲོ་བ་དང་།  དགའ་སྐྱིད་ཀྱི་སྣང་བ་འཆར་བ།  སྐྱེས་བུ་དམ་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ།   ས་ཕྱོགས་སྐམ་རློན་རན་པ།  ལུད་རྫིང་དང་ལམ་གྱི་སྲང་མདོ་དུར་ཁྲོད་སོགས་མི་གཙང་བས་སྦགས་པ་མ་ཡིན་པ་ས་གཞི་གཤིན་ལ་བཀྲ་ཤེས་དགེ་མཚན་གྱི་ཡོད་ཏན་ལྡན་པའི་ས་ཕྱོགས་སུ་སྐྱེ་བའི་སྨན་ནི་མཐུན་རྐྱེན་གྱི་ཁྱད་པར་ལས་སྨན་གྱི་ནུས་པ་ཁྱད་འཕགས་ཅན་དུ་འགྱུར་འགྲོ་གི་ཡོད་པས།  སྨན་རིགས་གང་ཡང་ས་གཙང་ས་ནས་བཏུ་དགོས།  དེ་ལས་ལྡོག་སྟེ་ལམ་དཀྱིལ་དང་།ལུད་རྫིང་སོགས་མི་གཙང་བའི་ས་ཕྱོགས་སུ་སྐྱེ་བ་ནི་འགལ་རྐྱེན་གྱི་ཁྱད་པར་ལས་སྨན་གྱི་ནུས་པ་དམན་པར་འགྱུར་འགྲོ་བས་སྤངས་དགོས།  ད་དུང་སྨན་གང་ཡང་སད་སེར་གྱིས་གདུངས་པ་དང་།སྦྲུལ་སོགས་སྲོག་ཆགས་ཀྱིས་བཟས་ནས་བསླད་པ། འབྲས་བུའི་རིགས་བཏུ་བའི་དུས་ལས་འདས་ནས་སྐྱ་སྐེམ་སོང་བ།  ཡང་ན་མ་སྨིན་པ་དང་།  བཏུ་བའི་དུས་ལ་མ་བབས་པ།   མེས་འཚིགས་པ་ལ་སོགས་པའི་སྨན་གྱི་རིགས་གང་ཡང་སྨན་དུ་མི་རུང་བས།  མདོར་ན་སྨན་སོ་སོའི་སྐྱེ་གནས་ཀྱི་ཁྱད་པར་བརྟགས་ནས་འཐུ་སྒྲུབ་བྱེད་པ་ཤིན་ཏུ་གལ་ཆེ་བར་མངོན།
     
 ༢.དུས་སུ་བཏུ་བ་ནི།  སྨན་འཐུ་སྒྲུབ་བྱེད་པའི་དུས་མཚམས་ཤེས་པར་བྱས་ནས་བཏུ་དགོས་པ་དེ་རེད།  དུས་སུ་བཏུས་ན་སྨན་ཡིན་ལ་དུས་ལས་འདས་ན་རྩྭ་ཡིན་ཞེས་ཟེར་སྲོལ་ཡོད་པ་ལྟར།སྤྱིར་སྨན་བཏུ་བའི་དུས་ཀྱི་ཁྱད་པར་ལ་སྨན་གྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།  དེར་བརྟེན་རྩ་བ་དང་།  སྡོང་པོ།  ཡལ་ག་གསུམ་ནི་སྡོང་པོའི་རིགས་སུ་གཏོགས་པས།  སྟོན་ཀ་ལོ་མ་དང་རྩི་སྐམ་ནས་སྨན་གྱི་ནུས་པ་གཏིང་འགྲོའི་དུས་སུ་བརྐོ་དགོས།  དཔེར་ན་སྲོ་ལོ་དཀར་པོ་ལྟ་བུ་རྩ་བ་དང་།  སྤུ་ཤེལ་རྩི་ལྟ་བུ་དང་འབྲི་རྟ་ས་འཛིན་ལྟ་བུ་སྡོང་པོ།  དབྱི་མོང་གི་ཡལ་ག་ལྟ་བུ་རེད། ལོ་མ་དང་མྱུ་གུ།   ཞོ་གསུམ་ནི་ལོ་མའི་རིགས་སུ་གཏོགས་པ་ཡིན་པས་དབྱར་དུས་ལོ་འདབ་རྒྱས་ཤིང་དར་ལ་བབས་པའི་དུས་སུ་བཏུ་དགོས།  དཔེར་ན་ཕ་ལུའི་ལོ་མ་དང་།  གངས་ལྷ་མེ་ཏོག་གི་ཞོ།  འོམ་བུའི་མྱུ་གུ་ལྟ་བུའོ།  མེ་ཏོག་དང་།  འབྲས་བུ།  ཟེའུ་འབྲུ་གསུམ་འབྲས་བུའི་ཁོངས་སུ་གཏོགས་པས་མེ་ཏོག་ཁ་འབུས་པ་དང་།  ཆེར་བཞད་པ།  གཞོན་ནུའི་དུས་དང་རྩི་ཐོག་སྨིན་པའི་དུས་སུ་བཏུ་དགོས།  དཔེར་ན་གཟེར་འཇོམ་མེ་ཏོག་དང་།  ཨུག་ཆོས་ཀྱི་འབྲས་བུ།  ལྩམ་པའི་འབྲུ་གུ།  གུར་གུམ་གྱི་ཟེའུ་འབྲུ་ལྟ་བུའོ། པགས་པ་དང་།  བར་ཤུན།  ཚི་བ་གསུམ་ནི་པགས་པའི་རིགས་སུ་གཏོགས་པ་ཡིན་པས་དཔྱིད་ཁ་འབུས་ཀྱི་དུས་སུ་བཏུ་དགོས་དཔེར་ན་སྟབས་སེང་གི་པགས་པ་དང་།  སྐྱེར་པའི་བར་ཤུན།   རྒོད་ཀྱི་བར་ཤུན།  ཚི་བ་ཤེལ་ཏ་ལྟ་བུ་ཡིན།  ལྷག་པར་དུ་ཐར་ནུ་སོགས་བཤལ་སྨན་རིགས་རྩི་སྐམ་ནུས་པ་གཏིང་འགྲོའི་དུས་སུ་བཏུ་དགོས་ལ།  སྤྱང་ཚེར་སོགས་སྐྱུགས་སྨན་རིགས་རྣམས་ནི་ཁ་འབུས་གྱེན་འདྲེན་གྱི་དུས་སུ་བཏུ་དགོས།  ལྷག་པར་སྲད་དཀར་སོགས་ཆུ་སྨན་སྲད་རིགས་རྣམས་ནི་བཏུ་བའི་དུས་སུ་མ་བཏུས་ན་ཆུ་འབེབས་ཀྱི་ནུས་པ་མེད་པས་ངེས་པར་དུ་བཏུ་བའི་དུས་ལ་དོ་སྣང་བྱེད་དགོས་པ་ལས།  ནམ་དུས་གང་བྱུང་ལ་བཏུས་པའི་སྨན་ལ་ནི་མཆོག་གི་ནུས་པ་དང་མི་ལྡན།  དེས་ན་སྨན་དེ་དག་གང་ཡང་གཙོ་ཆེར་ཟླ་བ་ཡར་ངོའི་དུས་བཟང་བདུད་རྩི་ཐུན་མཚམས་ནས་འགོ་བཙུགས་ཏེ་ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ཏེ་སྨན་གཞུང་ནས་གསུངས་པའི་གཟུངས་སྔགས་དང་།   རྟེན་འབྲེལ་སྙིང་པོ་བཟླ་བཞིན་དུ་འཐུ་དགོས་པ་ཡིན།  དེ་ལྟར་བྱས་པ་ཡིན་ན།  རང་རེའི་སྨན་གཞུང་གི་དགོངས་པ་དངོས་སུ་ལག་ལེན་བྱས་པ་ཞིག་ཡིན་པས་དེས་ཕན་པ་ལས་གནོད་པ་མི་ཡོང་སྙམ།
      
༣.དུག་ཕྲལ་བ་ནི།  སྨན་གང་ཞིག་བཏུས་ནས་དུག་ཕྲལ་བྱེད་དགོས་པ་ལ་ཟེར།  དེ་ཡང་སྔོ་སྨན་གང་རུང་ཞིག་བཏུས་ནས་ཉེན་དེ་རང་དུ་ལུང་པ་དེའི་ཆུ་ལ་བཀྲུ་དགོས་པ་ནི་དུག་ཕྲལ་དང་པོ་སྤྱི་ལ་གཅེས་པ་ཞིག་ཡིན།  རྩ་བ་ཡིན་པའི་སྨན་རིགས་ཀྱི་དུག་ནི་ཕྱིའི་པགས་པ་དེ་ཡིན་ཞིང་དཔེར་ན།  ཉེ་ཤིང་པགས་པ་ལྟ་བུའོ།  དེ་བཞིན་སྡོང་པོའི་དུག་ནི་ནང་གི་རྐང་དེ་ཡིན།  དཔེར་ན་ཀཎྜ་ཀ་རིའི་ནང་གི་རྐང་ལྟ་བུ། ཡལ་གའི་དུག་ནི་ཚིགས་པ་ཡིན།  དཔེར་ན་དབྱི་མོང་གི་ཡལ་གའི་ཚིགས་པ་ལྟ་བུ།  ལོ་མའི་དུག་ནི་ངར་པ་ཡིན།  དཔེར་ན་ཉི་དགའི་འདབ་ལོའི་ངར་པ་ལྟ་བུ།  མེ་ཏོག་གི་དུག་ནི་གོས་ཏེ་མེ་ཏོགས་གི་འདབ་གདན་དེ་ཡིན།   དཔེར་ན་མེ་ཏོག་གླང་སྣའི་འདབ་ཐུམ་ལྟ་བུ་ཡིན་པས་དེ་དག་ངེས་པར་དུ་ཕྲལ་དགོས། འབྲས་བུའི་དུག་ནི་ནང་གི་རུས་པ་དེ་ཡིན།  དཔེར་ན་འོལ་མོ་སེའི་ནང་རུས་ལྟ་བུ་ཡིན་པས་ཕྱིར་བཏོན་ནས་བསལ་དགོས།  བར་ཤུན་གྱི་དུག་ནི་ཤ་གདན་ཡིན།  དཔེར་ན་སྐྱེར་པའི་བར་ཤུན་གྱི་ཤ་གདན་ལྟ་བུ་ཡིན་པས་ཤ་གདན་མ་ཤོར་བ་བྱེད་དགོས།  ཤུན་པགས་སྨན་གྱི་དུག་ནི་ཕྱིའི་དྲེག་པ་ནག་པོ་དེ་ཡིན།  དཔེར་ན་པུཥྐར་མཱུ་ལའི་ཕྱི་དྲེག་ལྟ་བུ་ཡིན་པས་ཕྱིའི་དྲེག་པ་ངེས་པར་དུ་བཞར་ནས་གཙང་མ་བྱེད་དགོས།  དུག་ཕྲལ་ཟིན་པའི་སྨན་ནི་འཇམ་ཞིང་ནུས་པ་བཟང་བ་དང་།  འཇུ་སླ་བ་བཅས་ཡོད་པས་སྨན་རྫས་ཚད་ལྡན་ཡོང་བའི་ཆེད་དུ་ངེས་པར་དུ་དུག་དེ་དག་ཕྲལ་དགོས།  དེ་དག་ལ་དུག་ཅེས་བཏགས་པ་ནི།  ཟོས་མ་ཐག་ཏུ་ནད་སྐྱེད་པ་དང་།སྲོག་འཕྲོག་པའི་ཉེས་སྐྱོན་ཡོད་པ་ནི་མ་ཡིན་མོད།  དུག་དེ་དག་མ་ཕྲལ་བའི་སྨན་རྣམས་ནི་སྤུས་ཚད་དམན་པ་ཡིན་པས་ནུས་པ་རྩུབ་ལ་འཇུ་དཀའ་ཞིང་ལུས་ཟུངས་ལ་གནོད་པ་དང་།  ནད་ཐོག་ལ་རང་གི་ནུས་པ་ཇི་བཞིན་ཐོན་མི་ཐུབ་པས་དུག་ཅེས་བཏགས་པ་དོན་དུ་སྨན་རྫས་ཀྱི་སྐྱོན་ཡིན།
      
༩.སྐམ་གསེད་ལེགས་པ་ནི།  བཏུས་ཚར་བའི་སྨན་རྣམས་རུལ་སྐྱོན་སོགས་མི་ཡོང་བའི་ཆེད་དུ་སྐམ་གསེད་ལེགས་པར་བྱེད་དགོས་པ་དེ་རེད།  སྨན་རྗས་གང་འདྲ་ཞིག་ཡིན་ནའང་སྨན་རང་རང་ལ་ངོ་བོའི་ནུས་པ་གང་ཡོད་པ་དེ་མི་ཉམས་པར་སྲུང་ཉར་བྱེད་པའི་ཆེད་དུ་འབྲས་བུ་དང་།  མེ་ཏོག་མིན་པའི་སྔོ་སྨན་རྣམས་བཏུས་པའི་ཉིན་དེར་ལུང་པ་དེའི་ཆུ་ལ་གཙང་མར་བཀྲུས་ཏེ་ས་རྡོ་དྲེག་པ་སོགས་དག་པར་བྱེད་དགོས།  དེ་ནས་ལོ་མ་ཡལ་ག་ལྟ་བུ་སྔོའི་སྨན་རིགས་ཆོལ་ཙམ་བརྡུངས་ནས་རྨ་ཕབ་དགོས་ལ།  བསིལ་སྨན་གྱི་རིགས་རྣམས་གྲིབ་ལྷགས་ལ་སྐམ་པ་དང་།  དྲོད་སྨན་གྱི་རིགས་རྣམས་མེ་དང་ཉི་མར་སྐམ་དགོས།  དེ་ལྟར་བྱས་ན་སྨན་རྫས་རང་རང་ལ་ཡོད་པའི་ནུས་པ་དེ་ཇི་མ་ཇི་བཞིན་སྲུང་ཉར་བྱེད་ཐུབ།དེ་མིན་དྲོད་སྨན་བསིལ་སྐམ་བྱེད་པ་དང་།  བསིལ་སྨན་མེ་དང་ཉི་མར་སྐམ་པ་སོགས་ཡིན་ན་སྨན་རང་རང་ལ་ཡོད་པའི་ནུས་པ་སྲུང་ཉར་བྱེད་མི་ཐུབ་པས་དེའི་ཐད་ངེས་པར་དུ་དོ་སྣང་བྱེད་དགོས།  སྨན་རིགས་གང་ལའང་ཐབ་ཚང་གི་དུ་བ་ལྟ་བུ་རྒྱུན་དུ་ཕོག་ན་ནུས་པ་ལ་གནོད་སྐྱོན་ཡོད་པས།  དུ་བ་ཕོགས་ས་ལ་ཡུན་རིང་པོར་འཇོག་མི་རུང་ག་བུར་དང་། ཤིང་ཀུན། གླ་རྩི།  ཀོ་ལ་སོགས་དྲེ་ཆེའི་སྨན་དང་སྨན་གཞན་དག་སྣོད་གཅིག་གི་ནང་དུ་བླུགས་མི་རུང་ཞིང་དྲི་མ་ཕོག་པ་བྱེད་དགོས་ལ།  རུལ་སྐྱོན་སྐྱ་སྐམ་སོགས་མི་ཡོང་བའི་སྐམ་གསེད་ལེགས་པར་བྱེད་དགོས།   སྨན་གང་ཡང་རུང་བ་རྒྱུན་དུ་ཉི་མ་དང་།  ཆར་པ།  རླུང་ལྷགས་སོགས་ཕོག་པར་འཇོག་མི་རུང་བ་དེ་ནི་སྨན་གྱི་ནུས་པ་མ་ཉམས་མ་ཡལ་བར་སྲུང་ཉར་བྱེད་ཐུབ་པའི་ཆེད་དུ་ཡིན་པས་ཇི་བཞིན་ལག་ལེན་དུ་འཁྱོལ་ཐུབ་ན།  གཞུང་ལས་ཇི་ལྟར་བསྟན་པའི་སྨན་གྱི་ནུས་པ་ཐོན་ཐུབ་ཅིང་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངེས་པར་རིགས་པའི་གཞུང་ལུགས་ལས་བཤད་པ་རྐྱང་པར་མ་སོང་བར་ལག་ལེན་དང་ཟུང་དུ་སྦྲེལ་རྒྱུ་གལ་ཆེའོ།།
      
༥་སོ་མ་རྙིང་པ་ནི།  སྔོ་སྨན་གང་ཡང་རུང་བ་བཏུས་ནས་ལོ་མང་སོང་བ་དང་།  ལྷག་པར་ལོ་མ་དང་མེ་ཏོག་གི་རིགས་རྣམས་ལོ་དུས་ལས་འདས་ན་སྨན་གཞུང་ལས་གསུངས་པ་ལྟར་སྨན་གྱི་ནུས་པ་ཆ་ཚང་བ་ཞིག་ཐོན་མི་ཐུབ་པ་ལ་ཟེར་བས།  དེའི་ཕྱིར་སྔོ་སྨན་རྣམས་ལོ་རེ་བཞིན་རྙིང་བརྗེ་གསར་སྒྲུབ་བྱེད་པ་གལ་ཆེ་བ་གོང་དུ་བཤད་པ་ལྟར་རོ།
      
༦.འཇམ་བཙལ་བ་ལ།  སྦྱོར་བས་འཇམ་བཙལ་བ་དང་།ཁ་འཛིན་གྱིས་འཇམ་བཙལ་བ།  གཉེན་པོས་འཇམ་བཙལ་བ་བཅས་ལས།  དང་པོ།  རོ་ནུས་ཞུ་རྗེས་མི་འགལ་བར།  །རིགས་མཐུན་མང་སྣ་སྤྲད་ཀྱང་རུང་།  །ཞེས་གསུངས་པ་ལྟར་རིགས་མཐུན་མང་སྣ་སྤྲད་པ་དང་།  གཉིས་པ།  དོན་སྣོད་གང་ལ་བབས་པའི་ཁ་འཛིན་བཅས་བསྡེབས་པ།  གསུམ་པ།  སྔོ་སྨན་ཡུན་བསྲིངས་ནས་བསྟེན་ན་སྔོ་སྨན་ཕལ་ཆེར་གྱིས་རླུང་སློང་བ་དང་།  ཕོ་བའི་མེ་དྲོད་གསོད་པ། ལུས་ཟུངས་སྐེམ་པར་བྱེད་པས་དེ་དག་སོ་སོའི་གཉེན་པོ་བརྟེན་དགོས་པ་ཡིན།  ཡང་ན་སྔོ་སྨན་ཕལ་ཆེར་ཁ་ཎྜ་བཟོས་ནས་བཏང་ན་ལེགས་པ་སྨན་གཞུང་ལས་གསུངས་ཡོད།
    
༧.འཕྲོད་པར་སྦྱར་བ་ནི།  སྨན་སྦྱོར་སྐབས་གཞུང་ལས།  འཕྲོད་པར་སྦྱར་བ་གནད་གསུམ་ཤེས་པ་ཡིས།  བསིལ་དྲོད་མ་འདྲེས་མཐུན་བསྡེབས་སྦྱར་བྱས་ཏེ།  །ཚ་སེལ་གྲང་སེལ་གཉེས་སུ་ཤེས་པར་བྱ།  །ཞེས་གསུངས་པ་ལྟར།  དེའང་རོ་ནུས་ཞུ་རྗེས་ཀྱི་གནད་གསུམ་ཤེས་པའི་སྒོ་ནས་རོ་བསྡེབས།  ནུས་བསྡེབས།  ཞུ་རྗེས་བསྡེབས་ཏེ་སྨན་སྦྱོར་ཚད་དང་ལྡན་པ་བཟོ་དགོས།
   
རོ་བསྡེབས་སྦྱོར་བ་ལ་གཉིས་པ།  གསུམ་པ།  བཞི་པ།  ལྔ་པ།  དྲུག་པ་སྦྱར་བ་རྣམས་ཡོད་པ་ལས།  དཔེར་ན་གཉིས་པ་སྦྱར་བ་ལྔ་ཡོད་པས།  མངར་བའི་སྐྱུར་བ།  མངར་བའི་ལན་ཚྭ་བ།  མངར་བའི་ཁ་བ། མངར་བའི་ཚ་བ། མངར་བའི་བསྐ་བ་ལྟ་བུ་སྟེ་མངར་བ་ཁྱད་གཞིའམ་གཙོ་བོར་བྱས་ནས་དེའི་ཁྱད་ཆོས་སམ་འཁོར་སྨན་རེ་སྦྱར་བས་སྨན་སྦྱོར་མི་འདྲ་བ་ལྔ་འབྱུང་བ་ལྟ་བུ་རོ་བསྡེབས་སྦྱོར་བ་དང་།  དེ་བཞིན་གསུམ་པ་སོགས་ལ་སྦྱར་བས་རོ་བསྡེབས་སྦྱོར་བ་ལྔ་བཅུ་ང་བདུན་དང་དེའི་སྟེང་རྐྱང་པ་དྲུག་བཅས་རོ་བསྡེབས་ཀྱི་སྨན་སྦྱོར་དྲུག་ཅུ་རེ་གསུམ་ཡོད་ཀྱང་དེང་སྐབས་རོ་བསྡེབས་ཀྱི་སྨན་སྦྱོར་གནང་མཁན་ཉུང་ཙམ་ལས་མེད་པ་འདྲ་སྙམ།  སྨན་གྱི་ནུས་པ་སྦྱོར་བ་ལ།  ནད་ཀྱི་ངོ་བོ་ཞི་བར་བྱེད་པ་ཞི་བྱེད་ཀྱི་སྦྱོར་བ་དང་།  ནད་རོ་རྩད་ནས་འབྱིན་པར་བྱེད་པ་སྦྱོང་བྱེད་ཀྱི་སྦྱོར་བ་གཉིས་ཡོད།  དང་པོ་ལ།  ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ཐལ་སྨན་ཁ་ཎྜ་སྨན་ཆང་རིན་པོ་ཆེའི་སྦྱོར་བ་དང་སྔོ་སྨན་གྱི་སྦྱོར་བ་བཅས་སྡེ་ཚན་བཅུར་དྲིལ་ཏེ་བསྟན་པ་རྣམས་དང་།  སྦྱོར་བྱེད་ལ་སྔོན་འགྲོ་སྣུམ་འཆོས་བཤལ་སྐྱུག་སྣ་སྨན་འཇམ་རྩི་ནི་རུ་ཧ་རྩ་སྦྱོང་སྟེ་སྦྱོང་བྱེད་བདུན་བཅས་སྨན་སྦྱོར་རིགས་མི་འདྲ་བ་གཙོ་ཆེ་བ་རྣམ་པ་གཉིས།  དེ་མིན་སྡེ་ཚན་དུ་སྦྱར་བ་དང་སྨན་སྦྱོར་ཁག་གཅིག་ལ་རྣོ་འདོན་པ།  ཁ་ཚར་བཏགས་པ།  འཕྲུལ་འཁོར་བསྐོར་བ་སོགས་ཞལ་ཞེས་དང་མཐོང་བརྒྱུད་ལས་རྟོགས་དགོས་པ་ཡང་ཡོད་དོ།  དེ་ལྟར་སྨན་སྦྱོར་གྱི་ལོག་སྔ་རབས་བོད་ཀྱི་སྨན་པ་དྲང་སྲོང་རྣམས་ཀྱིས་མཛད་པའི་སྨན་གྱི་སྦྱོར་བའི་ཉམས་ཡིག་ཧ་ཅང་མང་པོ་ཞིག་བཞུགས་པ་དེ་དག་ཕལ་ཆེ་བ་ནི།  ནུས་པ་བསྡེབས་པ་དང་།  ཞུ་རྗེས་བསྡེབས་ཏེ་སྦྱར་བ་ཞིག་ཡིན་ལ།  སྦྱོར་བ་སོ་སོར་མང་ཉུང་གི་ཚད་གཞི་བཟོས་གནང་བ་དེ་དག་ནད་ཀྱི་གཉེན་པོར་གྱུར་པ་དང་།།  ནད་གཞན་མི་འཁྲུགས་པར་བྱེད་པ་སོགས་དགོས་པ་དང་གལ་གནད་ཤིན་ཏུ་ཆེ་བ་ཞིག་ཡོད་ངེས་པས།  སྨན་གྱི་སྦྱོར་བ་གང་ལའང་ཚད་བཞིན་སྦྱོར་བ་གཅེས་སོ།  དེ་ཡང་སྨན་སྦྱོར་ཐད་དཔེར་ན།  སྦྱོར་བ་སྐོར་གཅིག་ལ་སྨན་སྣ་ཆེས་ཉུང་བ།  མཁྲིས་ལས་རྣམ་རྒྱལ་ལྟ་བུ་ལ་དཔེར་མཚོན་ན།  སྨན་སྦྱོར་ལས།  པུ་ཎྜ་རི་ཀ་བཅོ་ལྔ་པ།  །ཀ་ན་ཀ་ཡི་མེ་ཏོག་བདུན།  །ཧ་རི་ཏ་ཀའི་ཕབ་ལྡན་པ།  མཁྲིས་པའི་སྤྱི་སྨན་ངོ་མཚར་ཆེ།  །ཞེས་གསུངས་པ་ལྟར།  སྦྱོར་བ་འདི་བཞིན་ཚད་དང་ལྡན་པ་བཟོས་པ་ཡིན་ན།  རླུང་ལྡན་མཁྲིས་པའི་ནད་དང་།  མཁྲིས་ནད་ཀུན་ལ་མཆོག་ཏུ་བསྔགས་པའི་སྨན་སྦྱོར་ཆེས་ལེགས་པ་ཞིག་ཡིན།  འོན་ཀྱང་སྨན་རྫས་གསུམ་ཀ་ཚང་ཡང་།  གོང་གི་ཚད་གཞི་དེ་ལས་ཆ་མཐོ་དམན་དུ་སྦྱར་བ་ཡིན་ན་སྨན་སྦྱོར་དེ་ཚད་དང་མི་ལྡན་པ་ཡིན་པས།  ཇི་སྐད་བཤད་པའི་ཕན་ནུས་མཐའ་དག་ཐོན་མི་ཐུབ།  དེ་བཞིན་དུ་བདུད་རྩི་སུམ་སྦྱོར་ལྟ་བུ་ལ་མཚོན་ནའང་།  མ་ནུ་གཅིག་ལ་༡འཇིབ་རྩི་གཉིས།  ༢།རྡོ་ཡི་ཚིལ་བུ་ཆ་གསུམ་བྱ།  ༣།ཞིབ་བཏགས་གར་ཆང་རྟ་ལ་བསྐྱོན།  །སྟོད་དུ་བད་ཁྲག་རྒྱས་པ་དང་།  །སྨད་དུ་མཆིན་ཁྲག་ལྷུང་བ་དང་།  །བྲང་ཚ་ཆུ་ཚན་སྐྱུགས་པ་དང་།  །མགོ་དང་ཡན་ལག་ལ་སོགས་ཀྱི།  །རུས་ཆག་ལུགས་སུ་འཛུད་པ་དང་།  །བད་མཁྲིས་ཟ་ཁུ་གཅོད་པའི་མཆོག། ཅེས་པའི་སྨན་གྱི་སྦྱོར་བ་འདི་ལྟ་བུ་ལའང་།  གོང་བཞིན་ཚད་དང་ལྡན་པ་སྦྱར་ན།   ཇི་སྐད་བཤད་པའི་ཕན་ཡོན་མཐའ་དག་ཐོན་ཐུབ་ཀྱང་།  ཚད་དེ་ལས་ཆ་མཐོ་དམན་དུ་གྱུར་ན་ཕན་ནུས་ཚང་བར་ཐོན་མི་ཐུབ།  དེར་བརྟེན་རྒྱུད་ལས།  ཚད་ཡོད་ཚད་བཞིན་སྦྱར་བ་གཅེས་པ་ཡིན།  ཞེས་གསུངས་པའི་དགོངས་པའང་དེ་ཡིན།  དེ་བཞིན་སྨན་སྦྱོར་ཕལ་ཆེར་ལ་དེས་རིགས་བསྒྲེ་བྱས་ནས་ཚད་ལྡན་བཟོ་དགོས། 
     
ཡང་། སྨན་གྱི་རྣམ་གྲངས་ཤིན་ཏུ་མང་བའི་སྦྱོར་སྡེ་འགའ་ཞིག་ལ་གཙོ་བོའི་སྨན་དང་།  སྒོས་ཀྱི་གཉེན་པོར་གྱུར་པའི་སྨན་རྫས་རིགས་གཏན་ནས་ཆད་མི་རུང་ཡང་།  སྒོས་ཀྱི་གཉེན་པོ་མིན་པའི་འཁོར་སྨན་རེ་གཉིས་ཆད་པའམ་ཅུང་ཟད་ཆ་ཆུང་བ་ལྟ་བུར་སོང་ཡང་ནུས་པ་ལ་སྐྱོན་རྒྱ་ཆེར་མི་བྱེད་དེ།  ཀླུ་སྒྲུབ་ཞབས་ཀྱིས། གཙོ་བོའི་སྨན་ནི་མེད་ཐབས་མེད།  །སྒོས་ཀྱི་གཉེན་པོར་མ་གྱུར་པའི།  །འཁོར་རྣམས་རེ་གཉིས་ཆད་ཀྱང་རུང་།  །ཞེས་གསུངས་པ་ལྟར་ཡིན།   འོན་ཀྱང་སྦྱོར་བ་དེའི་གཙོ་བོའི་སྨན་དང་སྒོས་ཀྱི་གཉེན་པོར་གྱུར་པའི་སྨན་རྫས་མེད་དུ་མི་རུང་བར་མ་ཟད།  གཙོ་བོའི་སྨན་ཉུང་།  འཁོར་སྨན་མང་བས་བུངས་བསྐྱེད་པ་ཡིན་ན་གཙོ་བོའི་ནུས་པ་འཁོར་གྱིས་བཅོམ་ནས་ཚད་ལྡན་གྱི་ནུས་པ་ཐོན་མི་ནུས་ལ།  སྒོས་ཀྱི་གཉེན་པོར་གྱུར་པའི་སྨན་རྫས་ཆད་པའམ་ཚད་ལས་ཉུང་ནའང་ནུས་པ་ཤིན་ཏུ་དམན་པས།  སྨན་སྦྱོར་གྱི་ཐད་ལ་ངེས་པར་དུ་དོ་སྣང་བྱེད་དགོས་ལ།  སྦྱོར་བ་ཚད་ལྡན་བྱ་རྒྱུ་ཤིན་ཏུ་གལ་ཆེ་སྟེ།  རྒྱུད་ལས།  ཚད་མེད་རྣམས་ལ་གཙོར་སྨོས་ཐུན་ཚད་སྐྱེད།   །ཅེས་པའི་དགོངས་པ་ཡང་དེ་ཉིད་ཡིན་ནོ།
     
མདོར་ན།  སྨན་རྫས་དང་སྨན་སྦྱོར་ལ་སྤུས་ཚད་མེད་ན། སྨན་བཏང་བས་ནད་པ་ལ་ཕན་ཐོགས་ཆུང་ཞིང་།  ནད་པ་ལ་ཕན་ཐོགས་མེད་ན།  སྨན་དང་སྨན་པ་ཡང་དགོས་པ་མེད་པ་ལྟ་བུར་གྱུར་པས།  སྨན་རྫས་དང་སྨན་སྦྱོར་གྱི་སྤུས་ཚད་ལ་ངེས་པར་དུ་དོ་སྣང་བྱེད་དགོས་སོ།།
   
ཞེས་པ་འདི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་དང་བཅས་པ་ལ་ཅུང་ཟད་གོམས་པར་བྱས་ནས་སྨན་པའི་མིང་ཐོབ་པ་ཁྲོ་རུ་ཚེ་རྣམ་མམ་བརྡ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་དུ་ཚངས་སྲས་དགྱེས་པའི་རང་མདངས་གཙུག་ལག་སྨྲ་བའི་སྡེ་ཞེས་འབོད་པས་སྤྱི་ལོ་༡༩༩༡ལོའི་ཟླ་༣པར་བྲིས་པའོ། 

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060