སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
བཀའ་བསྟན་དཔེ་སྡུར་ཁང་བཙུགས་ནས་ལོ་ངོ་ཉི་ཤུའི་གྲུབ་འབྲས།
སྤེལ་དུས། 2013-07-30   ཡོང་ཁུངས། 《ཀྲུང་གོའི་བོད་ལྗོངས》བཀའ་བསྟན་དཔེ་བསྡུར་ཁང་།   རྩོམ་པ་པོ།  འབྲུག་མོས་ཞུ་དག་བྱས།

                            བཀའ་བསྟན་དཔེ་སྡུར་ཁང་བཙུགས་ཚུལ།
    
དེ་ཡང་རྒྱལ་བའི་བཀའ་དང་དེའི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་རྣམས་བོད་ཀྱི་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བཀའ་འགྱུརདང་བསྟན་འགྱུར་གཉིས་སུ་གྲགས་ལ།ད་ལྟ་འཛམ་གླིང་གི་རིག་པའི་བང་མཛོད་དུའང་བོད་ཡིག་གི་བཀའ་བསྟན་ཆེན་མོ་ཞེས་གཟི་འོད་བླ་ན་འབར་བའི་རིན་ཆེན་གྱི་ནོར་བུ་ལྟ་བུར་རྩི་བཞིན་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།སྤྱི་ལོ་༡༩༨༦ལོའི་ཟླ༥པར་པེ་ཅིན་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་།ལས་འགན་གལ་ཆེ་བ་འདི་ལེགས་འགྲུབ་ཡོང་ཆེད་༡༩༨༧ལོའི་ཟླ་༥པར་ཁྲེན་ཏུའུ་ལ་བཀའ་བསྟན་དཔེ་སྡུར་ཁང་བཙུགས་ཤིང་།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་འབའ་པ་བཀྲ་ཤིས་ཚེ་རིང་མཆོག་གིས་ཐད་ཀར་དབུ་ཁྲིད་རྒན་པ་གནང་བ་དང་། མཁས་དབང་ཐུབ་བསྟན་ཉི་མས་དབུ་ཁྲིད་གཞོན་པ་དང། རྒྱལ་མོ་འབྲུག་པ་དང་རྡོ་རྗེ།བཀྲ་དགའ་རྣམས་ཀྱིས་སྔ་རྗེས་སུ་དབུ་ཁྲིད་གཞོན་པའི་འགན་བཞེས་ཤིང་། སྤྲུལ་སྐུ་ལྕགས་ལ་བུ་ཕྲུག་དང་། ཚངས་པོ། དཔལ་རྡོར། མདོ་སྡེ་རྣམས་ཀྱིས་སྔ་རྗེས་སུ་བཀའ་བསྟན་དཔེ་སྡུར་དང་དཔེ་སྒྲིག་གི་ལས་སྒོའི་དབུ་ཁྲིད་ཀྱི་འགན་བཞེས།
                                                          
བཀའ་བསྟན་གྱི་དཔེ་གཞི་མང་པོ་བསྡུ་རུབ་བྱས་ཚུལ།
   
ཐེངས་འདིར་ང་ཚོས་བསྡུ་རུབ་བྱས་པ་དག་ནི་གཙོ་བོ་བཀའ་བསྟན་གྱི་པར་གཞི་ཁག་ཡིན་ལ།དེ་དང་མཉམ་དུ་ཟུང་ལྟའམ་དཔྱད་གཞིར་མཁོ་བའི་བྲིས་མ་སྐོར་ཞིག་ཀྱང་འཚོལ་སྡུད་བྱས་ཤིང་།དུས་འགྱུར་སྣ་ཚོགས་ཀྱི་དབང་གིས་བོད་དང་ནང་སར་བཞུགས་པའི་དཔེ་ཁག་འགའ་རེ་བརླགས་སོང་བའམ་ཕྱི་ཡུལ་དུ་འཐོར་བ་སོགས་འཚོལ་སྡུད་དཀའ་བ་དག་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་བསྡུས་ཤིང་བསགས་པ་ཡིན་ལ། བསྟན་འགྱུར་ལ་མཚོན་ན་པར་དུ་འཁོད་མྱོང་བའི་དཔེ་ཁག་པེ་ཅིན》《སྣར་ཐང་》《སྡེ་དགེ་》《ཅོ་ནེ་བཞི་ཡོད་པ་དང་།དེ་ལས་པེ་ཅིན་བསྟན་འགྱུར་ནི་འཇར་པན་ཏཱ་གོས་སློབ་གྲྭ་ཆེན་མོས་བརྙན་པར་དུ་བྱས་པའི་དེབ་དེ་པེ་ཅིན་ནས་ལག་སོན་བྱུང་།སྣར་ཐང་བསྟན་འགྱུར་ནི་པེ་ཅིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ནས་གཡར་བ་དང་།སྡེ་དགེའི་བསྟན་འགྱུར་ནི་ཁམས་སྡེ་དགེའི་པར་ཁང་ནས་རག་པ་དང།ཅོ་ནེའི་བསྟན་འགྱུར་ནི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ལག་ཏུ་སོན།
    
ལོ་རྒྱུས་སྟེང་དུ་བཀའ་འགྱུར་གྱི་པར་གཞི་ཁག་བཅུ་གཉིས་ཙམ་བཞུགས་པ་ལས། ཝན་ལི་དང་ཡབ་ཚང་བཀའ་འགྱུར་གཉིས་ནི་དུས་འགྱུར་གྱི་དབང་གིས་བརླག རྭ་རྒྱ་དང་ཝ་ར་བཀའ་འགྱུར་གཉིས་ནི་སྡེ་དགེའི་པར་དང་པར་རྩ་གཅིག་ཏུ་སོང་བས་དཔེ་སྡུར་གྱི་རིན་ཐང་ཆུང་བ་དང་། ད་ལྟ་ང་ཚོས་དངོས་སུ་དཔེ་སྡུར་བྱས་པའི་པར་གཞི་ཁག་བརྒྱད་ནི་གཡུང་ལོ་》《ལི་ཐང་》《པེ་ཅིན་》《སྣར་ཐང་》《ཅོ་ནེ་》《སྡེ་དགེ་》《ཁུ་རེ་》《ཞོལ་སོགས་ཡིན་ལ། དེ་ལས་གཡང་ལོའི་བཀའ་འགྱུར་ནི་སེ་ར་ཐེག་ཆེན་གླིང་དང་རྩེ་པོ་ཏ་ལ་ནས་འཚོལ་སྡུད་བྱས་པ་དང་། ལི་ཐང་བཀའ་འགྱུར་ནི་ལྷ་ལྡན་གཙུག་ལག་ཁང་ནས་འཚོལ་སྡུད་བྱས།པེ་ཅིན་བཀའ་འགྱུར་ནི་པེ་བསྟན་དང་མཉམ་དུ་རག
    
སྣར་ཐང་དང་ཕྱི་སོགས་ཁུ་རེའི་བཀའ་འགྱུར་ནི་རྒྱ་གར་ཏི་ལི་རྒྱལ་སྤྱི་རིག་གནས་ལྷན་ཚོགས་ནས་འཚོལ་སྡུད་བྱས།ཅོ་ནེའི་བཀའ་འགྱུར་ནི་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་ནས་འཚོལ་སྡུད་བྱས།སྡེ་དགེའི་བཀའ་འགྱུར་ནི་ཁམས་སྡེ་དགེའི་པར་ཁང་ནས་འཚོལ་སྡུད་བྱས།ཞོལ་བཀའ་འགྱུར་ནི་ལྷ་སའི་བཀའ་འགྱུར་པར་ཁང་ནས་འཚོལ་སྡུད་བྱས་པ་བཅས་ཡིན་ལ།ད་དུང་འབྲེལ་ཡོད་ཀྱི་ཕོ་ལྷ་བའི་བསྟན་འགྱུར་གསེར་བྲིས་མ་དང་ཕུག་བྲག་བཀའ་འགྱུར་བྲིས་མ། ཤེལ་དཀར་བཀའ་འགྱུར་བྲིས་མ། འབའ་ཐང་བཀའ་འགྱུར་གསེར་བྲིས་མ། ལྕགས་ལ་བཀའ་འགྱུར་གསེར་བྲིས་མ་སོགས་ཀྱང་འཚོལ་སྡུད་བྱས་ཡོད།
                                                            
བཀའ་བསྟན་དཔེ་སྡུར་བྱ་དགོས་པའི་རྒྱུ་མཚན།
    
ཐེངས་འདིའི་དཔེ་སྡུར་སྐབས་དང་ཐོག་མཁས་པ་རེ་གཉིས་ཀྱིས་ཕྲད་དང་རྣམ་དབྱེའི་ཁྱད་པར་དང་།ཤད་ཀྱི་གཅོད་མཚམས་ཙམ་མ་གཏོགས་ནང་དོན་དངོས་ལ་ཁྱད་པར་མི་འདུག་པས།དཔེ་བསྡུར་བྱ་བར་དགོས་པ་ཆེན་པོ་མི་འདུག་ཅེས་གསུང་མྱོང་ནའང་།ང་ཚོས་སྡེ་དགེ་པར་མ་བསྡུར་གཞིའམ་མ་ཡིག་ཏུ་བཟུང་སྟེ།དཔེ་ཁག་གཞན་རྣམས་སྡུར་བྱེད་དུ་བྱས་ནས་ཡིག་འབྲུ་རེ་རེ་ཕན་ཚུན་བསྡུར་གཏུགས་ཞིབ་མོར་བྱས་ཚེ།ད་གཟོད་ཕྲད་དང་རྣམ་དབྱེ་ཙམ་དུ་མ་ཟད། མིང་བརྡ་དང་ཐ་སྙད་མི་འདྲ་བ། ཆོས་ཚན་དང་ཡིག་འབྲུའི་ཆད་ལྷག་མང་བ། སྒྲིག་ཚུལ་གྱི་གོ་རིམ་མི་འདྲ་བ། བསྐྱར་ཟློས་མང་བ། ཆོས་ཚན་གྱི་འགྱུར་མི་འདྲ་བ། ཆོས་ཚན་རེ་རེའི་ནང་དུ་ཚིག་དུམ་གྱི་ཆད་ལྷག་མི་འདྲ་བ། འགྱུར་བྱང་ཡོད་མེད་མི་འདྲ་བ། ཆོས་ཚན་དང་པོད་གྲགས་མི་འདྲ་བ།ཐ་ན་ཚིག་གི་གཅོད་མཚམས་མི་འདྲ་བ་སོགས་ནང་དོན་དངོས་ཀྱི་ཐད་ལ་ཁྱད་པར་ཆེན་པོ་ཡོད་པ་ལག་ལེན་གྱི་ཁྲོད་ནས་མིག་མཐོང་ལག་ཟིན་དུ་བྱུང་བས།དཔེ་སྡུར་བྱེད་པའི་དགོས་པ་དང་དེའི་གལ་ཆེན་རང་བཞིན་གཙིགས་སུ་བཟུང་ཞིང་། གཏན་འབེབས་བྱས་པའི་དཔེ་སྡུར་རྩ་དོན་ལྟར་དཔེ་སྡུར་བྱས་པ་ཡིན།
                                                             
དཔེ་སྡུར་དང་དཔེ་སྒྲིག་གི་ལས་ཀ་དངོས་ཀྱི་གོ་རིམ།
        
དེའང་དཔེར་སྡུར་དངོས་ཀྱི་གོ་རིམ་ནི།དང་པོ་དཔེ་སྡུར་ནས་བཟུང་མཇུག་འགྱིག་ཤོག་མངགས་པའི་བར་དུ་ལས་ཚན་བཅུ་གཉིས་དང་ལས་རིམ་བཞི་བཅུ་ཞེ་གཉིས་བརྒྱུད་པ་དང་།ཐོག་མར་དཔེ་སྡུར་ཚོ་ཁག་གིས་གཟབ་ནན་དང་ཞིབ་ཚགས་ཀྱི་སྒོ་ནས་ཐོག་མའི་མཛུབ་འདེད་དང་འབྲུ་འདེད། བསྐྱར་ཞིབ། བསྡུར་མཆན་འབྲི་བ། ཚེག་ཁྱིམ་དང་རེའུ་མིག་སོགས་གཏན་འབེབས་བྱས་ཏེ་ལས་ཀ་ཧྲིལ་པོར་བརྟན་ཅིང་བརླིང་བའི་རྨང་གཞི་བཏིང་།དེ་ནས་དཔེ་སྒྲིག་ཚོ་ཁག་གིས་བསྡུར་མཆན་འདོར་ལེན་དང་གཏན་འབེབས། ཞུ་ཐེངས་དང་པོ་དང་གཉིས་པ། ལྡེབ་སྒྲིག་དང་བསྡུར་མཆན་ལྡེབ་གཏུགས། བསྡུར་མཆན་རེས་བསྐོར་དང་གཙང་ཞུ་སོགས་ཀྱི་ལས་རིམ་བརྒྱུད་མཐར་ད་གཟོད་རྩིས་ལེན་ཚོ་ཁག་གིས་སླར་ཡང་བསྡུར་མཆན་གཏན་འབེབས་དང་ནོར་བཅོས།ཕྲེང་མཐའ་དང་ཤད།དཀར་ཆག་ལྡེབ་གཏུགས་དང་བསྡུར་མཆན་རེས་བསྐོར་སོགས་ཀྱིས་མཚོན་པའི་ལས་རིམ་མང་པོའི་སྒོ་ནས་སྤུས་ཀ་ཚད་ལྡན་དུ་གཏན་འཁེལ་བྱས་རྗེས་དཔེ་སྒྲིག་ཁང་གི་སྤྱི་ཁྱབ་འགན་འཛིན་པར་རྩིས་སྤྲོད་པ་བཅས་ཡིན་ལ།ལས་རིམ་དེ་དག་གི་ཁྲོད་དུ་གློག་ཀླད་ཚོ་ཁག་གིས་ཡི་གེ་གཏགས་པ་དང་སྐབས་བབ་ཀྱི་འཆོས་རྒྱུ་ཡོད་ཚད་འགན་ལེན་པ།ཞུ་དག་པ་རྣམས་ཀྱིས་སྔོན་གྱི་ལོ་རྒྱུས་རྣམས་སུ་གསལ་བའི་མེད་ཐབས་བྲལ་བའི་ཞུ་དག་གི་རིམ་པ་སྟེ། སྨར་ཞུས། བསྐྱར་ཞུས། ཡང་ཏིག གཟིགས་འབེབས་བཞི་ལས་ཀྱང་ལྷག་པའི་ཞུ་དག་གི་རྣམ་གྲངས་འབྲུ་འདེད། མཛུབ་འདེད། གཙང་ཞུས། བསྐྱར་ཞུས། ཀློག་འདོན། རྟིང་ཞུས། ཞུས་ཆེན་སོགས་རིམ་པ་མང་པོའི་སྒོ་ནས་ཞུ་དག་ཐེངས་བཅུ་གཉིས་ཙམ་ལ་སོང་བ་དང། མ་ཕྱི་སྡེ་པར་དངོས་ལའང་བྲི་ནོར་དང་བརྐོས་ནོར་སོགས་སྔོན་གྱི་ཞུ་དག་གིས་མ་ཐོའི་ཡིག་ནོར་དང་ཐེ་ཚོམ་ཅན་མི་ཉུང་བ་ཞིག་བྱུང་ཡོད་པ་དག་ཀྱང་མཁས་དབང་མང་པོར་བཀའ་འདྲིན་དང་། དཔྱད་གླེང་། སྡུར་བྱེད་ཀྱི་དཔེ་ཁག་མང་པོར་གཏུགས་ནས་དག་པར་བཅོས་ཡོད་པ་འདིས་དཔེ་བསྡུར་མའི་གཞུང་ཡིག་དངོས་ལ་ནོར་བ་དང་བསྲེ་ལྷད་མེད་པར་ཀུན་གྱིས་ཡིན་རྟོན་རུང་བའི་གནས་སུ་བསྒྲུབས་ཡོད།
                                                      
པར་མ་ཁག་ལ་པོད་གྲངས་དང་ཆོས་ཚན་མང་ཉུང་ཤོར་བའི་རྒྱུ་མཚན།
   
བསྟན་འགྱུར་པར་མ་ཁག་ལ་མཚོན་ན།སྡེ་བསྟན་ལ་པོད་༢༡༣ཅོ་བསྟན་ལ་པོད་༢༠༨པེ་ཅིན་དང་སྣར་བསྟན་གཉིས་ལ་པོད་༢༢༥རེ་ཡོད་པ་དང་།ཅོ་ནེའི་བསྟན་འགྱུར་ནི་སྡེ་བསྟན་ཇི་ལྟ་བ་བཞིན་པར་དུ་བརྐོས་པ་ཡིན་ཏེ།ཅོ་བསྟན་དཀའ་ཆག་ལས་འདིར་ནི་དེ་ཉིད་ཕྱི་མོར་བཟུང་སྟེ་པར་དུ་བསྒྲུབས་པས་ན།ཐར་འདོད་རྣམས་ཀྱིས་ཐོས་བསམ་གྱི་ཡུལ་དུ་ཡིད་རྟོན་པར་འོས་པ་ཡིན་ནོ།།ཞེས་གསུངས་ཡོད་ལ།དེ་གཉིས་ཞིབ་བསྡུར་གྱིས་བལྟས་པའི་ཚེ་ནའང་།ཡི་གེ་བརྐོས་ནོར་རེ་ཟུང་ལས་ཆོས་ཚན་གྱི་སྒྲིག་རིམ་དང་དབུ་ལྷའི་འགོད་སྟངས་ཚུན་ཆད་པར་བཤུས་བརྒྱབ་པ་ཇི་བཞིན་སྡེ་བསྟན་དང་ཧ་ཅང་འདྲའོ།།
   
འོ་ནསྡེ་》《ཅོ་གཉིས་ལ་པོད་གྲངས་མང་ཉུང་ཤོར་བའི་རྒྱུ་མཚན་ཅི་ཡིན་སྙམ་ན།སྡེ་བསྟན་པར་དུ་སྐྲུན་སྐབས་བསྟོད་ཚོགས་ནས་སྣ་ཚོགསཉོ་དུམ་པའི་བར་དུ་པོད་ཉིས་བརྒྱ་དང་བརྒྱད་ཡོད་ལ། ཉོ་དུམ་པའི་མཇུག་ཏུ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་གཞི་ལམ་འབྲས་བུའི་དགེ་ལེགས་ཡིད་གཅུགས་མཛའ་བོ་འགུགས་པའི་རྒྱང་གླུ་ཞེས་བསྔོ་སྨོན་དང་འབྲེལ་བའི་པར་བྱང་སྨོན་ཚིག་ཅིག་ཀྱང་མཛད་ཡོད་པ་དང་། ད་དུང་མཇུག་བྱང་དུ་གླེགས་བམ་གྱི་ཕྲེང་བ་བརྒྱ་ཕྲག་གཉིས་ལ་བཀྲ་ཤིས་པའི་རྟགས་ཀྱིས་ཉེ་བར་ལྷག་པ་འདི་ཞེས་གསུངས་ཡོད་པས་པོད་ཉིས་བརྒྱ་དང་བརྒྱད་ཏག་ཏག་ཡོད་དོ།།
     
དེ་ནས་ཅུང་མ་འགོར་བར་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་པཱ་ཎྀ་ནི་བྱཱ་ཀ་ར་ན་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་ཟིན་བྲིས་སུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་དེ་ལག་ཏུ་ཆུད་པ་དང་། སྡེ་བསྟན་དཀར་ཆག་ཏུའང་པཱ་ཎྀའི་གཞུང་འདི་གོང་གི་སྒྲ་རིག་པའི་བསྟན་བཅོས་ཀྱི་སྐབས་དེར་འཇུག་ཏུ་རུང་ནའང་། ཕྱིས་སུ་རྙེད་ནས་འདིར་རྩ་འགྲེལ་སྟབས་སུ་བྲིས་པ་ཡིན་ནོ།།ཞེས་གསུངས་ཤིང་། ཏོ་རྟགས་ཅན་གྱི་པོ་ཏི་གཅིག་བསྟན་འགྱུར་གྱི་མཇུག་ཏུ་བསྣན་པས།སྐབས་དེར་དངོས་སུ་པར་སྐྲུན་བྱས་པའི་སྡེ་བསྟན་ལ་ནི་པོད་གྲངས་ཉིས་བརྒྱད་དང་དགུ་ཡོད་པ་དང་།སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་དངུལ་བྲིས་བསྟན་འགྱུར་ཞིག་བཞེངས་ཡོད་པ་ལའང་པོད་གྲངས་ཉིས་བརྒྱ་དང་དགུ་ཡོད་པར་སྡེ་དགེ་རྒྱལ་རབས་སུ་གསལ་བར་འཁོད་པ་འདི་ལྟར།། མཐིང་ཤོག་གསེར་གྱི་བཀའ་འགྱུར་བརྒྱ་དང་གསུམ།། ཤོག་ནག་དངུལ་གྱི་བསྟན་འགྱུར་ཉིས་བརྒྱ་དགུ། ཞེས་གསུངས་ཡོད་པས། སྡེ་བསྟན་གྱི་མཇུག་གི་ཐོ་》《དོ་》《ནོ་》《པོ་རྟགས་ཅན་གྱི་པོ་ཏི་བཞི་ནི་སྡེ་བསྟན་དཀར་ཆག་ཏུའང་མ་བྱུང་བས།དེ་དག་རྗེས་ནས་པར་དུ་བརྐོས་པར་ཤེས་ཐུབ་བོ།།
      
ཅོ་ནེའི་བསྟན་འགྱུར་ལ་པོད་ཉིས་བརྒྱ་དང་བདུན་བཞུགས་པ་ནི། དབུའི་བསྟོད་ཚོགས་དང་མཇུག་གི་ཏོ་རྟགས་ཅན་གྱི་སྒྲའི་བསྟན་བཅོས་ལས་གཞན་སྡེ་བསྟན་དཀར་ཆག་ཏུ་བྱུང་བ་ཇི་མ་ཇི་བཞིན་པར་དུ་བརྐོས་པའི་རྐྱེན་གྱིས་ཅོ་བསྟན་ལ་པོ་ཏི་ཉིས་བརྒྱ་དང་བདུན་བཞུགས་ཤིང་།སྡེ་བསྟན་ལ་པོ་ཏི་ཉིས་བརྒྱ་དང་བཅུ་གསུམ་བཞུགས་པ་ཡིན་ནོ།།
       
ཕྱིས་སུ་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེའི་བཀས་བསྐུལ་པ་ལ་བརྟེན་ནས། ལྕོག་རོ་དཔོན་དཀོན་མཆོག་བསྟན་འཛིན་གྱིས་ཁུར་དུ་བཞེས་ཏེ། རབ་བྱུང་བཅུ་པའི་ས་བྱ་སྤྱི་ལོ་༡༨༤༩ལོར། སྣར་ཐང་བསྟོད་ཚོགས་ལ་མ་ཕྱི་བྱས་ཏེ། ཅོ་བསྟན་གྱི་དབུར་བསྟོད་ཚོགས་ཀྱི་པར་གསར་དུ་བརྐོས་པས་པོད་ཉིས་བརྒྱ་དང་བརྒྱད་ཡོད་དོ།།
    
འོ་ན་པེ་ཅིང་བསྟན་འགྱུར་དང་སྣར་ཐང་བསྟན་འགྱུར་གཉིས་ལ་པོད་གྲངས་བཅོ་ལྔ་དང་ཆོས་ཚན་ལྔ་བརྒྱ་དང་ཉེར་ལྔས་སྡེ་བསྟན་ལས་མང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན།བསྟན་འགྱུར་ཕལ་ཆེར་གྱི་མ་ཕྱི་ཞྭ་ལུའི་བསྟན་འགྱུར་གྱིས་བྱས་པ་འདྲ་ཡང་། པེ》《སྣར་གཉིས་ཀྱི་མ་ཕྱི་གཙོ་བོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་གྱིས་བྱས་པ་ཡིན་ལ། དེ་ནི་རབ་བྱུང་བཅུ་གཉིས་པའི་མེ་ཡོས་སྤྱི་ལོ་༡༦༨༧ལོར། གོང་ས་ལྔ་པ་ཆེན་མོ་དགོངས་པ་རྫོགས་པའི་གསང་རྒྱ་མི་བརྟོལ་བའི་ཆེད་དུ།སྡེ་སྲིད་ཀྱིས་ལྔ་པ་ཆེན་མོའི་ཞབས་བརྟན་དང་རིམ་གྲོར་བསྒྲགས་ནས།དབུས་གཙང་མངའ་རིས་སོགས་སུ་བཞུགས་པའི་བསྟན་འགྱུར་གྱི་ཕྱི་མོ་རྣམས་བསགས་ཤིང་།དེའི་སྟེང་ལ་བུ་སྟོན་རིན་པོ་ཆེ་ནས་དེ་དུས་བར་གྱི་གསར་འགྱུར་དང་།མདོ་སྔགས་རིག་གནས་དཔེ་རྙིང་ཁུངས་བཙུན་པ་སྔར་ལག་ཏུ་མ་ཆུད་པ་རྣམས་དང་བཅས་པའི་ཁྱོན་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་ཙམ་གསར་དུ་བསྣན་ཏེ།གླེགས་བམ་གྱི་གྲངས༢༢༥ཡོད་པ་གསར་བཞེངས་མཛད་པ་དེ་ཡིན་ནོ།།
      
དེས་ན་མི་དབང་ཕོ་ལྷ་བའི་གསེར་བྲིས་བསྟན་འགྱུར་དང་པེ་ཅིན་བསྟན་འགྱུར།སྣར་ཐང་བསྟན་འགྱུར་སོགས་ཀྱི་ཕྱི་མོ་ནི་སྡེ་སྲིད་བསྟན་འགྱུར་གྱིས་བྱས་པས།ཆོས་ཚན་དང་གླེགས་བམ་གྱི་གྲངས་སོགས་ཀྱང་འདྲ།སྡེ་བསྟན་པར་དུ་སྒྲུབ་སྐབས་སྡེ་སྲིད་ཀྱིས་བཞེངས་པའི་བསྟན་འགྱུར་ལ་ཕྱི་མོ་མ་མཛད་པ་ནི།སྡེ་སྲིད་ཀྱིས་ཆོས་ཚན་བརྒྱ་ཕྲག་མང་པོ་གསར་བསྣན་བགྱིས་པ་ལ་ཐེ་ཚོམ་དང་དོགས་པ་སྐྱེས་པ་མིན་ལ།གྲུབ་མཐའི་ཆགས་སྡང་དབང་གིས་དེ་བས་ཀྱང་མིན་པས། སྐབས་དེར་རྒྱུ་འགྲུལ་སོགས་ཧ་ཅང་སྟངས་བདེ་མིན་པ་དང་། ས་ཐག་རིང་བ་ལ་སོགས་པའི་རྐྱེན་གྱིས་ལག་ཏུ་མ་རག་པ་ཡིན་ལ།སྡེ་བསྟན་དཀར་ཆག་ཏུ་དབུས་གཙང་ཕྱོགས་ཀྱི་བསྟན་འགྱུར་རྣམས་ཀྱི་བྱུང་བ་ཕྲན་བུ་བརྗོད་སྐབས།སྡེ་སྲིད་བསྟན་འགྱུར་ལ་ནི་ཚད་ལས་འདས་པའི་བསྔགས་བརྗོད་མཛད་པའི་རྗེས་དེ་མ་ཐག་ཏུ་དེ་ལ་སོགས་པའི་སྔོན་གྱི་མཁས་པ་ཆེན་པོ་ཐུབ་དབང་བསྟན་པའི་རྩ་ལག་དམ་པར་གྱུར་པ་རྣམས་ཀྱིས།ལན་གྲངས་དུ་མའི་བར་དུ་བརྡ་དང་དོན་གྱི་ཞུས་ཆེན་ལན་གྲངས་མང་པོས་ལེགས་པར་གཏན་ལ་ཕབ་སྟེ། དེ་དག་ལས་མཆེད་པའི་དཔེ་རྒྱུན་མང་པོ་རྣམས་ནི།ཡུལ་དབུས་གཙང་གི་ཕྱོགས་ཀྱི་གདན་ས་ཆེན་པོ་རྣམས་སུ་དར་རྒྱས་ཤིན་ཏུ་ཆེ་བར་བཞུགས་ནའང་།མདོ་སྨད་ཀྱི་ལྗོངས་འདིར་སྔོན་དུས་དགོངས་འགྲེལ་འགྱུར་རོ་འཚལ་གྱི་གླེགས་བསམ་ཡོངས་སུ་ཚང་བའི་འབྲི་སྲོལ་ཆེ་བ་ཞིག་མ་བྱུང་བ་ལྟ་བུས།ཕྱི་མོར་བཏུབ་པའི་དཔེ་རྒྱུན་ནི་ཤིན་ཏུ་དཀོན་ཙམ་སྣང་ཞེས་གསུངས་པས་ཀྱང་ཤེས་པར་ནུས།དེས་ན་སྡེ་དགེ་བསྟན་འགྱུར་ནི།སྐབས་དེར་མདོ་ཁམས་ཕྱོགས་སུ་གྲགས་ཆེ་བའི་སྒ་ཨ་གཉན་དམ་པས་བཞེངས་པའི་བསྟན་འགྱུར།སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཞེངས་པའི་བསྟན་འགྱུར།ཀརྨ་པ་རིམ་བྱོན་གྱི་ཐུགས་དམ་གྱི་རྟེན་དུ་བཞེངས་པའི་བསྟན་འགྱུར།ཆོས་རྒྱལ་བསྟན་པ་ཚེ་རིང་རང་གིས་བཞེངས་པའི་དངུལ་བྲིས་བསྟན་འགྱུར་སོགས་ལ་ཕྱི་མོ་བྱས་ནས་བཞེངས་པ་ཡིན་ལ།དབུས་གཙང་སོགས་སུ་དར་བའི་དཔེ་རྒྱུན་ལག་ཏུ་མ་སོན་པས། ཕྱི་མོ་དེ་རྣམས་ཀྱང་ཁམས་ཀྱི་ཕྱོགས་ནས་རྙེད་པ་དག་ཡིན་ནོ།།
     
བཀའ་འགྱུར་པར་མ་ཁག་ལ་མཚོན་ན། གཙོ་ཆེ་བ་གཡུང་》《ལི་》《པེ་》《ཅོ་བཞི་ལ་གསང་སྔགས་རྒྱུད་སྡེ་བཞིའི་གཟུངས་སྔགས་དང་སྙིང་པོ་བྱིན་རླབས་ཅན་རྣམས་ཕྱོགས་གཅིག་ཏུ་རིན་པོ་ཆེ་བུ་སྟོན་པས་བཀོད་པ་སྟོད་ན་བླ་མ་བརྒྱུད་པའི་མཚན་འབུམ་མང་པོ་དང་བཅས་པ་རྣམས་བཞུགས་ཞེས་པའི་སྔགས་ཡིག་རྐྱང་རྐྱང་གི་པོད་གཅིག་རེ་བཞུགས་ཤིང་དཔེ་ཁག་གཞན་ལ་མེད་པ་དང་། སྣར་》《ཁུ་གཉིས་ལ་སྔོན་བོད་དུ་མ་འགྱུར་ཞིང་ཕྱིས་ལྕང་སྐྱ་རིན་པོ་ཆེས་རྒྱ་ནག་གི་སྐད་ལས་ཚུར་བསྒྱུར་བའི་མདོ་སྡེ་གསར་འགྱུར་རམ་དེ་བཞིན་གཤེགས་པའི་གསང་བ་བསྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞེས་པའི་པོད་གཅིག་བཞུགས་པ་དང་། ལི་》《སྡེ་》《ཁུ་གསུམ་ལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མེད་འོད་ཅེས་བྱ་བ་པོད་ཆེ་བ་གཅིག་རེ་བཞུགས་པ་ནི་བསྟན་བཅོས་སུ་གཏོགས་ཀྱང་བཀའ་དང་མཚུངས་པར་བཀུར་སྟི་བྱ་བའི་ཕྱིར་བཀོད་པར་གསུངས་པ་ད་ང། གཡུང་》《ལི་》《པེ་》《ཅོ་》《སྡེ་》《ཁུ་དྲུག་ལ་ཚལ་པ་བཀའ་འགྱུར་གྱི་དཔེ་རྒྱུན་ལས་བྱུང་བ་བཞིན་རྒྱུད་ཀྱི་མཇུག་ཏུ་བཀོད་པ་དེང་སང་གཟུངས་འདུས་སུ་གྲགས་པ་པོད་གཉིས་རེ་བཞུགས་ཤིང་སྣར་》《ཞོལ་ལ་མི་བཞུགས་པ་དག་ཡིན་ལ།
    
གཞན་ཆོས་ཚན་ཆུང་ངུའི་མང་ཉུང་དང་ལེའུ་དང་བམ་གྲངས་མི་འདྲ་བ་སོགས་ནི་སྐབས་དེའི་བསྡུར་མཆན་དང་གསལ་བཤད་ཀྱིས་རྒྱས་པར་བསྟན་ཡོད་པས་འདིར་བསྐྱར་ཟློས་མི་བྱའོ།།
                                                          
བཀའ་བསྟན་དཔེ་བསྡུར་མའི་དགེ་མཚན་ནམ་ཁྱད་ཆོས།
        
༡༩༩༥ལོའི་ཟླ་༣ཚེས་༩ཉིན་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཆེན་དུ་བསྟན་འགྱུར་དཔེ་བསྡུར་མ་ཐོག་མའི་འགྲེམས་སྤེལ་གྱི་མཛད་སྒོ་སྤེལ་ཏེ་དེབ་དང་པོ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དངོས་སུ་འགྲེམས་སྤེལ་བྱས་པ་ནས་བཟུང་།རྒྱལ་སྤྱིའི་རིག་གཅིག་མཁས་པ་མང་པོ་དང་ཀློག་པ་པོ་མང་པོས་གདེང་འཇོག་དང་དགའ་བསུ་ཚད་མེད་གནང་བ་སོགས་ནི།དེབ་གཟུགས་སུ་བསྐྲུན་པའི་བཀའ་བསྟན་དཔེ་བསྡུར་མ་འདིའི་དམིགས་བསལ་གྱི་དགེ་མཚན་ནམ་ཁྱད་ཆོས་གཙོ་བོ་འདི་དག་གིས་ཡིན་ལ།དེ་ཡང་དཔེ་གཞི་མི་འདྲ་བ་དེ་དག་གི་ཕྱིའི་སྒྲིག་རིམ་དང་། ནང་གི་ཚིག་དོན་གྱི་ཆད་ལྷག་དང་། མི་འདྲ་བ། གོ་རིམ་འཁྲུགས་ཡོད་པ་ཐམས་ཅད་གསལ་ཞིང་མ་འདྲེས་པར་ཆོས་ཚན་སོ་སོའི་མཇུག་ཏུ་མཆན་དུ་བཏབ་ཡོད་ཅིང་།མ་ཕྱིའམ་གཞུང་ཡིག་ལ་ལྷད་མི་ཞུགས་པའི་ཕྱིར་ཡིག་ཕྲེང་དང་ཚེག་ཁྱིམ་གྱི་གྲངས་ཀ་སོགས་ཀྱང་གཏན་ལ་ཕབ་ནས་བསྡུར་འབྲས་རེའུ་མིག་ཏུ་བཀོད་པ་དང་།དཔེ་བསྡུར་མ་དེབ་གཅིག་གིས་དཔེ་ཁག་མི་འདྲ་བ་དེ་དག་གི་ཁྱད་ཆོས་མ་འདྲེས་པར་གསལ་ལྷམ་མེར་གོ་ཐུབ་པར་བྱས་ཡོད་པ་འདིས།རྒྱ་ཆེའི་ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ལ་དཔེ་མང་ཀློག་པའི་ངལ་བ་བསྟེན་མི་དགོས་ཤིང་ལྟ་ཀློག་དང་འཚོལ་བདེ་བར་བྱས་ཡོད་པ་མ་ཟད།སྔ་ན་མེད་པའི་ཞིབ་འཇུག་གི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་བྱས་ཡོད་པས།མ་འོངས་པར་བོད་བརྒྱུད་ནང་བསྟན་རིག་གནས་སྤྱི་དང་འཛམ་གླིང་མི་རིགས་ཀྱི་རིག་གནས་བརྗེ་རེས་དང་དར་སྤེལ་གཏོང་བ་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།
                                                                                 
ལོ་ངོ་ཉི་ཤུའི་རིང་གི་གྲུབ་འབྲས།
      
དེ་ལྟར་བཀའ་བསྟན་དཔེ་སྡུར་གྱི་བྱ་བ་མགོ་བརྩམས་ནས་དེང་གི་བར་ལོ་ངོ་ཧྲིལ་པོ་ཉི་ཤུ་འགོར་ཞིང་། དཀའ་ཚེགས་ཆེ་ལ་བརྒྱུད་རིམ་ལྡན་པའི་ལོ་ངོ་ཉི་ཤུའི་རིང་ལ།རྒྱལ་ཁབ་རིམ་པས་མ་དངུལ་འབོར་ཆེན་བཏང་ཞིང་།མདོ་དབུས་ཁམས་གསུམ་གྱི་ན་གཞོན་ཤེས་ཡོན་ཅན་ཉིས་བརྒྱ་ལྷག་ལས་གནས་འདིར་དངོས་སུ་ཞུགས་ཏེ་དཔེ་སྡུར་དང་དཔེ་སྒྲིག་སོགས་པར་སྐྲུན་གྱི་བྱ་རིམ་མཐའ་དག་ལ་གཞན་དང་མི་མཚུངས་པའི་ཞིབ་ཚགས་དང་གཟབ་ནན་བགྱིས་པ་དང་།ལྷག་པར་དུ་༡༩༨༩ལོ་ནས་བཟུང་ངེད་ལས་ཁུངས་སུ་རྒྱུན་བཞུགས་རྟིང་མའི་ཞུ་ཆེན་མཛད་མཁན་མཁས་དབང་མཆོག་སྤྲུལ་དཔེ་ཝར་འཆི་མེད་རྡོ་རྗེ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་གཞུ་ཆེན་པ་གྲོང་དགེ་འདུན།པེ་ཅིན་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་མི་ཉག་མགོན་པོ།མཁས་པའི་དབང་པོ་ཉན་ཤུལ་མཁྱེན་རབ་འོད་གསལ།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་འཇམ་དཔལ་ཕུན་ཚོགས།ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་ཡེ་ཤེས་དར་རྒྱས།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཡེ་ཤེས་དར་རྒྱས།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཞུ་ཆེན་པ་འགྱུར་མེད།ཀན་སུའུ་བོད་ཡིག་རྩོམ་སྒྱུར་ཁང་གི་ཞུ་ཆེན་པ་དཔའ་རིས་ཀུན་དགའ། རྔ་པ་བོད་ཡིག་རྩོམ་སྒྱུར་ཁང་གི་ཞུ་ཆེན་པ་ཤེས་རབ། རྔ་པའི་སྒྲ་རིག་མཁས་པ་སྐལ་བཟང་ངག་དབང་དམ་ཆོས་སོགས་སྔ་རྗེས་སུ་གདན་འདྲེན་ཞུས་ཏེ།ཁོང་རྣམ་པས་དུས་ཡུན་རིང་ཐུང་ཅི་རིགས་པར་བཀའ་བསྟན་དཔེ་བསྡུར་མའི་ཞུ་ཆེན་བགྱིས་པ་དང་།
            
གཞན་ཡང་ལྔ་རིག་སྨྲ་བའི་ཁྱུ་མཆོག་ཁྲོ་རུ་མཁན་པོ་ཚེ་རྣམས་དང་། བསེ་ཚང་བློ་བཟང་དཔལ་ལྡན། དོར་ཞི་གདོང་དྲུག་སྙེམས་བློ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། བློ་བཟང་ལྷུན་འགྲུབ་རྡོ་རྗེ། བསྟན་འཛིན་སོགས་མདོ་དབུས་མཁས་གསུམ་གྱི་མཁས་པའི་དབང་པོ་ལྔ་བཅུར་ཉེ་བ་ཞིག་བཀའ་བསྟན་དཔེ་སྡུར་ཁང་གི་བློ་སྟོན་པར་གདན་དྲངས་ཤིང་།ཁོང་རྣམས་ཀྱིས་དངོས་དང་བརྒྱུད་ནས་རྣམ་དཀར་གྱི་བྱ་བ་འདི་ལ་རྒྱབ་སྐྱོར་དང་དགོངས་འཆར་བླ་མེད་གནང་བར་བརྟེན།ཐོག་མར་དཀར་ཆག་དེབ་བཞི་དང་བཅས་བསྡོམས་པའི་དེབ་བརྒྱ་དང་ཉེར་བཞིའི་བདག་ཉིད་ཅན་གྱི་བསྟན་འགྱུར་དཔེ་བསྡུར་མའི་པར་སྐྲུན་གྱི་བྱ་བ་མཇུག་ཡོངས་སུ་གྲུབ་པ་དང་།༡༩༩༨ལོའི་ལོ་མཇུག་ནས་བཟུང་དངོས་སུ་ལག་སོན་བྱུང་བའི་བཀའ་འགྱུར་གྱི་པར་གཞི་ཁག་མི་འདྲ་བ་བརྒྱད་ལ་དཔེ་སྡུར་དང་དཔེ་སྐྲུན་གྱི་དབུ་བརྩམས་ཤིང་།དེབ་བརྒྱ་དང་དྲུག་གི་བདག་ཉིད་ཅན་གྱི་བཀའ་འགྱུར་དཔེ་སྡུར་མའང་།༢༠༠༧ལོར་མཇུག་ཡོངས་གྲུབ་སྟེ་ཀློག་པ་པོ་རྣམས་ཀྱི་མིག་གི་བདུད་རྩི་རུ་འགྱུར་ཐུབ་པ་དང་།ད་དུང་དཔྱོད་ལྡན་རྣམས་ཀྱིས་པར་གཞི་མི་འདྲ་བ་དེ་དག་གི་བྱུང་རིམ་དང་ཁྱད་ཆོས།དཔེ་སྡུར་དང་དཔེ་སྒྲིག་བྱེད་སྟངས་སྐོར་གྱི་རིམ་པ།མཚོན་རྟགས་རྒྱག་ལུགས།ཡི་གེའི་སྒྲིག་སྟངས།ཞུ་དག་བྱེད་ལུགས།དེབ་ཀྱི་མཛེས་ཆ་འགོད་སྟངས་སོགས་གཞན་དུ་ཕྲ་ཞིབ་ཀྱིས་གསལ་བཤད་བྱས་ཡོད་པར་གཟིགས་རྟོགས་གནང་ཚེ།ད་གཟོད་བླ་ན་མེད་པའི་རིན་ཐང་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་མཐོང་ཐུབ།
       
གཞན་༢༠༠༨ལོར་དཔེ་ཁག་བཞི་ཙམ་ཡོད་པའི་སྔ་འགྱུར་རྒྱུད་འབུམ་དང་།སྔོན་ཆད་བོད་དུ་མ་འགྱུར་་ཞིང་།རྒྱའི་ཡུལ་དུ་ནི་སྔ་མོ་ཞིག་ནས་སློབ་དཔོན་ཆེ་མོ་ཐང་སན་ཙང་གིས་བསྒྱུར་ཡོད་ལ།ཕྱིས་སུ་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ལ་༡༩༤༥ལོ་ནས་༡༩༤༩ལོའི་བར་རྒྱའི་ལོ་ཆེན་བློ་བཟང་ཆོས་འཕགས་ཀྱིས་བོད་ཡིག་ཏུ་བསྒྱུར་བའི་བསྟན་བཅོས་ཆེན་པོ།བམ་པོ་ཉིས་བརྒྱའི་བདག་ཉིད་ཅན་གྱི་བྱེ་བྲག་བཤད་མཛོད་ཆེན་མོ་གཉིས་ཀྱང་པར་སྐྲུན་གྱི་མཇུག་གྲུབ་རྩིས་ཡིན་ནོ།།

 

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060