སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གསར་དུ་རྙེད་པའི་གེ་སར་གྱི་ཞིང་ཁམས་ཤིག
སྤེལ་དུས། 2012-04-23   ཡོང་ཁུངས། དྲ་རྒྱ་ལས་བཏུས།   རྩོམ་པ་པོ།  གཉགས་ཆོས་ཉིད་རྡོ་རྗེ།

     ཟླ་བ་ལྔ་པའི་དཔྱིད་རླུང་གིས་བསུས་པའི་མཐོ་སྒང་ནི།ཕྱུག་པོའི་བུ་མོ་གནས་ལ་འགྲོ་བའི་སྒེག་འཕྱོར་བཞིན་མདོག་ལྔའི་མེ་ཏོག་གི་རྒྱན་ཕྲེང་འདེགས་བཟོད་དཀའ་བ་ཙམ་ནུ(དུ)་སྤྲས་ཤིང་།ཕ་གའི(གིའི)མེ་ཏོག་སེར་ཆེན་གྱི་གསེར་འོད་འཕྲོ་བའི་ཐང་དཀྱིལ་ན་ཆགས་པའི་དགོན་སྡེ་ཁྲ་མོ་ཡང་།གསེར་གྱི་སྡེར་མ་ལ་མུ་ཏིག་གི་ཚོམ་བུ་བཀོད་པ་དང་འདྲ་བར། རིག་རྩལ་དང་རང་བྱུང་གི་སྡེབ་སྦྱོར་གཟུགས་གཅིག་ཏུ་འདྲེས་པའི་ངོ་མཚར་རྒྱུ(སྒྱུ)་མའི་ལྟད་མོ་ལེགས་བྱས་བསོད་ནམས་ཀྱི་ཞིང་དུ་གྲུབ་པ་སྟེ། དེ་ནི་མདོ་ཁམས་ར་བ་སྒང་གི་རི་རྒྱུད་དུ་གཏོགས་ཤིང་ཆུ་བོ་རྒྱལ་མོ་རྔུལ་ཆུའི་ནུབ་འགྲམ་དུ་ཆགས་པའི་དཀར་མཛེས་ཁུལ་རོང་བྲག་རྫོང་གི་མ་ཧཱ་སྐྱིད་ལུང་སྡེ་བའམ་སྐྱིད་ལུང་འབྲོག་སྡེ་ཕྱུག་མོར་གྲགས་པ་དེ་ཡིན།

     དེ་རིང་ནི་སྤྱི་བཏང་གི་ས་འདིར་སྤྱིར་བཏང་མིན་པའི་དུས་ཚོད་ཤིག་སྟེ། འཛམ་གླིང་གེ་སར་རྒྱལ་པོས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་ལ་མངའ་དབང་མཛད་པའི་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་གྱི་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་བཀྲ་ཤིས་ལྷ་ཉིན་དཀར་པོ་ལ།ཡུལ་སྡེ་འདིར་གནའ་སྔ་མོ་ནས་གེ་སར་ནོར་བུ་དགྲ་འདུལ་གྱི་མཛད་པ་ལས་འཕྲོས་པའི་གཏམ་རྒྱུད་རྒྱ་ཆེ་ལ་རྒྱང་རིང་བ་མང་པོ་རླུང་ལྟར་དུ་ཁྱབ་ཅིང་།གེ་སར་གྱི་ཕྱག་རྗེས་དང་བཞུགས་ཁྲི།འབྲུག་མོའི་མཚེར་ཤུལ་དང་གཡང་གི་རྐྱལ་བ་རང་བྱུང་།ཁྲོ་ཐུང་གི་མཚེར་ཤུལ་དང་སྟག་རོང་གི་མི་རྒྱུད་སོགས་གནའ་ཤུལ་ངོ་མཚར་དང་།མ་ཧཱ་སྐྱིད་ལུང་དགོན་གསང་སྔགས་ཆོས་སྡེ་གླིང་འདེབས་པ་པོ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་མཛད་པའི་གེ་སར་གྱི་སྒྲུབ་པ་དང་།གླིང་གེ་སར་གྱི་ཆོས་སྒྲུང་།གེ་སར་གྱི་མངའ་གསོལ་འདྲ་མིན་དང་།བླ་མ་(མའི)གདུང་རབས་ལས་བྱོན་པའི་རྗེ་བཙུན་མ་ཟླ་གསལ་དབང་མོའི་ཧོར་འདུལ་གྱི་སྒྲུང་དང་བསྟོད་སྒྲུབ་གསོལ་གསུམ་གྱི་གསུང་སྐོར་སོགས་དང་།ལྷག་པར་དུ་གེ་སར་ལྷ་ཁང་དང་།གེ་སར་རྡོ་མཁར།གེ་སར་ལབ་ཙེ།གེ་སར་བསང་ཁྲི།གེ་སར་རྡོ་བརྐོས་སོགས་འབོར་ཆེན་ཡོད་པས།ན་ལོ་རང་ཁུལ་དུ་གེ་སར་ཤུལ་རྗེས་འཚོལ་སྐྱོབས་ཀྱི་ལས་འགུལ་དུ་རྒྱལ་ཡོངས་གེ་སར་རིག་པའི་ཆེད་མཁས་པ་སྤྱི་དང་།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཡང་ཇ་མིང་སོགས་ཀྱིས་རོ(ངོ)མཚར་བསྔགས་པའི་མེ་ཏོག་མགྲིན་གཅིག་འཐོར་ཏེ།ས་གནས་གཅིག་ན་གེ་སར་འཁོར་བཅས་ཀྱི་རྡོ་སྐུ་ཁོ་ན་འབོར་ཆེ་བ་ལྔ་བརྒྱར་ཉེ་བ་ཙམ་ཡོད་པ་ནི་ད་སྔོན་ས་གནས་གང་དུའང་མ་དར་ཞིང་།འཛམ་གླིང་ན་མེད་པའི་གེ་སར་རིག་གནས་ཀྱི་མངོན་རྗེས་གསར་བ་ཞིག་རྙེད་དོ་ཞེས་ཡང་ཡང་བརྗོད་པ་ལྟར་ལགས་ཤིང་།གཞན་ཡང་ཡུལ་སྡེ་འདིར་གེ་སར་འཁྲབ་སྟོན་གྱི་སྲོལ་རྒྱུན་དར་ཆེ་བ་ཡོད་དེ།དེ་ལའང་ནང་གསེས་སུ་དགོན་པའི་འབག་འཆམ་དང་།དམངས་ཁྲོད་ལྷ་མོའི་འཁྲབ་གྱི་རྣམ་པ་ཅན་རིགས་གཉིས་སུ་ཡོད་པ་རྣམས་ཀྱང་།ལོ་རྒྱུས་ཀྱི་མཚོན་དོན་ཟབ་ལ།རྒྱུ་(སྒྱུ)རྩལ་གྱི་གསོན་ཉམས་ལྡན་པ།དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བ་སོགས་ཀྱི་ནང་གསེས་སུ་གྱུར་པརྟ་རྒྱུག་དང་།གསེར་གླིང་།》《ནོར་འགྱེད》《དམྱལ་གླིང་》《སྤྱི་བསང་》《ཁྲོམ་འཆམ་》《འབག་འཆམབཅས་འཁྲབ་ཚན་རིགས་མང་དུ་ཡོད་པས།དེ་རིང་ནི་མཆོག་སྤྲུལ་ཨོ་རྒྱན་རིག་འཛིན་ཉིད་ནས་སྔར་གྲ་སྒྲིག་བྱས་ཟིན་པའི་ལྷ་ཤིང་ཤུག་པའི་དེའུ་འབུར་དང་འདྲ་བའི་བསང་ཁྲི་ལ་གཡས་སྐོར་བྱེད་ཅིང་།སྨུག་ལ་ཁྲོ་ཉམས་ཅན་གྱི་བཞིན་མདངས་ལ་དཔོག་པར་དཀའ་བའི་ལྟ་བ་ཐོར་ (ཐོལ)བྱུང་གི་ཉམས་ཤིག་དང་།དགྲ་འདུལ་དཔའ་ཆས་ཀྱི་འཁོར་གསུམ་ལུས་ལས()རྫོགས་པའི་ངངཨོ་ལྷ་གསོལ་ལོ……”ཞེས་གསུང་སྐད་གདངས་མཐོ་ལ་ཞལ་ལྕེ་སྒྲ་དག་པའི་བསྟོད་གསོལ་གྱི་ཚིག་མཚམས་རེ་བཞིན་མི་མང་གི་ཀི་བསྭོ་ལྷ་རྒྱལ་གྱི་འབྲུག་སྟོང་དུས་གཅིག་ཏུ་སྒྲོགས་པ་དང་།དུད་སྤྲིན་དཀར་པོའི་ལྡིང་སྐོར་ལ་བསྡོངས་པའི་རླུང་རྟ་སྣ་ལྔའི་འཕུར་སྐྱོད་ཀྱིས་གནམ་ས་བར་སྣང་མེད་པར་གཅིག་ཏུ་འདྲིས(འདྲེས)འཇའ་ཚོན་གྱི་གུར་ཁང་དཀྲིགས་པར་གྱུར་ཏོ།༼གཉགས་ཆོས་ཉིད་རྡོ་རྗེ་ལགས་ཀྱིས་བྲིས་པ་འདི་གླིང་གེ་སར་རིག་གནས་དྲ་བ་དོ་དམ་པསགེ་སར་འཁྲུངས་ཡུལཞེས་པའི་ཆེད་དེབ་ལས་བཤུས་པ་ཡིན་ལ་ཡིག་ནོར་ཨེ་ཡིན་དོགས་པ་ཤོར་རིགས་ལ་མཆན་བཏབ་ནས་བཀོད་ཡོད།༽

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716