སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《གླིང་རྗེ་གེ་སར》སྒྲུང་གི་སྤྱི་ཚོགས་ནུས་པར་ཞིབ་འཇུག་གཏིང་ཟབ་གནང་བ།
སྤེལ་དུས། 2012-10-11   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་གེ་སར་རིག་གནས་ཆེད་མཁས་མི་སྣ་དང་། དམངས་སྲོལ་རིག་གནས་ཞིབ་འཇུག་ཆེད་མཁས་པ། ད་ལོ་དགུང་ལོ་༦༨ ལོན་པའི་ཚེ་རིང་རྡོ་རྗེ་ལགས༢༠༡༢ ལོའི་གེ་སར་གྱི་ཕ་ཡུལ་དུ་སྐྱོད་པཞེས་པའི་རྟོག་ཞིབ་ཚོགས་པ་དང་འགྲོགས་ནས་བགྲོད་སྐབས། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།
  
ཚེ་རིང་རྡོ་རྗེ་ལོ་ངོ་༤ ཡི་སྟེང་ནས་གེ་སར་སྒྲུང་དང་ལས་འབྲེལ་བྱུང་། ཆེས་ཐོག་མར་ཁོང་གིས་གེ་སར་སྒྲུང་ལག་བྲིས་མ་ཞིག་ཡོད་པ་དེར་བལྟས་ནས་གསལ་བྱེད་སུམ་བཅུ་སྦྱང་བ་རེད། སྡེ་དགེ་ས་ཁུལ་དུ་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། བྱིས་པ་ཆུང་དུས་སློབ་དཔོན་པད་མའི་རྣམ་ཐརདང་གེ་སར་སྒྲུང་སློབ་སྦྱོང་བྱས་ཚེ། ནར་སོན་རྗེས་བྱ་བ་ཆེན་པོ་འགྲུབ་སྲིད།ཅེས་བཤད་པ་རེད། ཏག་ཏག་དུས་དེ་ནས་བཟུང་། ཚེ་རིང་རྡོ་རྗེས་གེ་སར་སྒྲུང་ལོ་ངོ་༦༠ ལྷག་ལ་བཀླགས་ཡོད་པ་དང་། ཆེད་དུ་གེ་སར་སྒྲུང་ལ་ཞིབ་འཇུག་བྱས་ནས་ལོ་ངོ་༢༠ ལྷག་འགོར་ཡོད། དུས་སྐབས་དེའི་རིང་ཁོང་རང་བོད་ཁུལ་གྱི་ཞིང་ཆེན་བཞི་དང་བོད་ལྗོངས་སོགས་ས་ཁུལ་སོ་སོར་ཕེབས་ཡོད་པ་མ་ཟད། ཏུན་ཧོང་དུའང་ཕེབས་ནས་གེ་སར་སྒྲུང་དང་འབྲེལ་བའི་བྱ་འགུལ་ཆེ་ཆུང་ཁག་༧༠ ལྷག་ལ་ཞུགས་ཏེ། དཔྱད་རྩོམ་དང་དཔེ་དེབ་བརྩམས་ཆོས་གང་མང་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད། ད་ལྟ་ཁོང་རང་ལོ་ལོན་རྒན་པ་ཆགས་ཡོད་ཀྱང་། ད་དུང་བློ་སྤོབས་མ་ཞུམ་པར་གེ་སར་རིག་གནས་རྒྱུད་འཛིན་དང་དར་ཁྱབ་གཏོང་ཆེད་ནུས་པ་ཅི་ཡོད་འདོན་བཞིན་ཡོད། ཉེ་ལམ་ཁོང་གིས་བོད་ཡིག་གི་འཛམ་གླིང་སྙན་སྒྲུང་རིག་མཛོད་ཁྲོད་ཀྱི་གེ་སར་རྒྱལ་པོའི་རྣམ་ཐར་སྐོར་ལ་དཔྱད་ཞིབ་གནང་བཞིན་ཡོད། ཁོང་གིས་གེ་སར་སྒྲུང་ལས་ཆེས་ངོ་མཚར་ཆེ་བའི་ནང་དོན་ཁག་ཧ་གོ་བའི་ཆེད་དུ་ཁམས་སྐད་དག་མར་བསྒྱུར་ནས། མི་གང་མང་གིས་ལྟ་ཀློག་དང་ཞིབ་འཇུག་བྱེད་པར་མཁོ་འདོན་བྱེད་རྩིས་ཡོད། 
   
གེ་སར་སྒྲུང་ལ་ཤར་ཕྱོགས་ཀྱི་དབྱི་ལི་ཡ་ཐེཞེས་པའི་མཚན་སྙན་གསོལ་ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་ཆེས་རིང་བའི་སྙན་སྒྲུང་ཡིན་ལ། བོད་ཁུལ་དུ་དར་ཁྱབ་ཧ་ཅང་ཆེ་བས། མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད། བརྟག་དཔྱད་དང་ཞིབ་འཇུག་གང་མང་བྱས་མཐར། ཚེ་རིང་རྡོ་རྗེས་རྒྱུས་ལོན་བྱུང་བ་ནི། བོད་རིགས་མང་ཚོགས་ཀྱིས་གེ་སར་རྒྱལ་པོར་བཅངས་བའི་དད་སེམས་སྤྱིའི་ཆ་ནས་གཅིག་འདྲ་རེད། དེའི་རྒྱུ་མཚན་ནི་གཅིག་ནས་ཚང་མས་གེ་སར་རྒྱལ་བོ་ནི་བོད་ཀྱི་མི་རིགས་ཀྱི་དཔའ་བོ་ཡིན་པ་དང་། ཁོང་གིས་མཐོ་སྒང་གངས་རིའི་ལྗོངས་འདི་གཅིག་གྱུར་བྱས་པ་ཡིན་པར་འདོད། གཉིས་ནས་གེ་སར་རྒྱལ་བོ་ནི་བོད་མི་རིགས་ཀྱི་བསམ་བློའི་སྲོག་ཤིང་ཡིན་ལ། ཁོང་གིས་སྲུང་སྐྱོབ་མཛད་ཚེ་ད་གཟོད་མང་ཚོགས་ལ་རེ་བ་ཡོད་ལ། སྒོ་ཕྱུགས་འཕེལ་ཞིང་རྒྱུ་ནོར་འཛོམས་པར་འདོད། གསུམ་ནས་གེ་སར་རྒྱལ་བོ་ལྟ་བུའི་མི་རིགས་དཔའ་བོ་ལ་དད་པ་དང་གུས་བཀུར། ཞིབ་འཇུག་སོགས་བྱས་ན་མི་ཤི་རྗེས་ཀྱང་བདེ་བ་ཅན་དུ་སྐྱེ་ཐུབ་པར་འདོད་པ་བཅས་ཀྱི་ཕྱིར་རོ།།
   
སྡེ་དགེ་ས་ཁུལ་དུ་སྐྱེས་པའི་གེ་སར་རྒྱལ་པོའི་ཡུལ་མི་ཞིག་ཡིན་པའི་ཆ་ནས། ཚེ་རིང་རྡོ་རྗེ་དང་ས་དེའི་མང་ཚོགས་ནི་གེ་སར་རྒྱལ་པོའི་གཏམ་རྒྱུད་ཁྲོད་ནས་ནར་སོན་པ་རེད་ཅེས་བརྗོད་ཆོག གེ་སར་སྒྲུང་ལ་བོད་ཀྱི་རིག་གནས་བང་མཛོད་ཅེས་བརྗོད་པ་དང་། སྒྲུང་དེར་ནང་དོན་གྱི་ཆ་ནས་ལོ་རྒྱུས་དང་དཔལ་འབྱོར། ཆོས་ལུགས། སྒྱུ་རྩལ། རིག་གནས་སོགས་འདུས་ཡོད་པ་མ་ཟད། ཕྱི་རབས་པ་ཚོར་གོ་བསྐོན་སློབ་གསོ་གཏོང་པའི་ཁག་ཀྱང་འདུས་ཡོད། དཔེར་ན་དེའི་ཁྲོད་དུ་བུད་མེད་ཀྱི་སྐད་ཆ་དང་བྱ་སྤྱོད་གཙང་མ་ཡིན་དགོས་པའི་ཚུལ་བརྗོད་ཡོད། དེའི་ཐད་ལ་ཚེ་རིང་རྡོ་རྗེས་ཆེད་དུ་གླིང་གི་བུད་མེད་ཚོའི་མཛེས་པ་དང་གོ་གནས། དབང་ཐང་དང་ནུས་པ་སོགས་དང་འབྲེལ་བའི་བརྩམས་ཆོས་བྲིས་ཏེ། སྙན་སྒྲུང་དེས་བོད་རིགས་མང་ཚོགས་ཀྱི་ནམ་རྒྱུན་འཚོ་བའི་ཐད་ལ་བག་ཆགས་དང་ཤུགས་རྐྱེན་ཆེན་པོ་ཐོན་ཡོད་པ་བརྗོད་ཡོད། ཁོང་གི་འདོད་ཚུལ་ལྟར་ན། གེ་སར་སྒྲུང་གིས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཐད་ལ་ཐོན་པའི་ཤུགས་རྐྱེན་ཆེས་ཆེ་བ་ནི་སྤྱི་ཚོགས་ཁྲོད་དུ་སློབ་གསོ་བཏང་བ་བརྒྱུད་བློ་འགུག་ཐེབས་པ་དེ་རེད། སྐད་བརྡ་དང་ཡི་གེ། བྱ་སྤྱོད་སོགས་ནང་དོན་མང་པོ་ཚད་མཐུན་ལུགས་ལྡན་དུ་བསྒྱུར་ཡོད། ཚེ་རིང་རྡོ་རྗེས་སྐད་གདངས་མཐོན་པོའི་ངང་།ད་ལྟའི་ན་གཞོན་ཚོ་དོན་དག་ཆུང་ཆུང་ཞིག་གི་ཆེད་དུའང་གྲི་རིང་འཕྱར་བའམ་ཁུ་ཚུར་གཡུག་པར་དགའ། གེ་སར་སྒྲུང་ལས་ཀུན་སྤྱོད་དང་འབྲེལ་བའི་ཚན་པས་བློ་འགུག་ཐེབས་པར་ནུས་པ་ཆེན་པོ་ཐོན་ཡོད། ང་ཚོས་གཏམ་དཔེ་འགའ་རེ་བསྒྲུགས་ནས་ཕྱི་རབས་པ་ཚོར་བཞག་ཏེ། དགེ་སྒྲུབ་སྡིག་སྤང་བྱེད་ཐུབ་པ་བྱུང་ན། ད་གཟོད་གླིང་རྗེ་གེ་སར་རྒྱལ་པོར་ངོ་གནོང་མི་དགོས་པ་དང་། ས་དེའི་མང་ཚོགས་ལ་ངོ་གནོང་མི་དགོས་པ་རེད ཅེས་བཤད།
  
གེ་སར་སྒྲུང་གིས་བོད་ཀྱི་རྩོམ་རིག་ཁྲོད་གོ་ས་གལ་ཆེན་བཟུང་ཡོད། བོད་ཁུལ་དུ་གེ་སར་སྒྲུང་དང་འབྲེལ་བའི་ལག་བྲིས་མ་དང་པར་གཞི་མི་འདྲ་བ་མང་པོ་ཡོད་ལ། ལོ་རྒྱུས་སྟེང་གེ་སར་ཟེར་བའི་མི་ཞིག་དོན་དངོས་སུ་བྱུང་ཡོད་མེད་ཐད་ནས་ཀྱང་རྩོད་གླེང་མཚམས་འཇོག་བྱས་མྱོང་མེད། ཁོང་གི་བསམ་པར། ཁམས་ཁུལ་ནས་ཐོན་པ་དང་ལྷག་པར་དུ་སྡེ་དགེ་ས་ཆ་ནས་བྱུང་བའི་ལག་བྲིས་མ་དང་ཤིང་པར་མ། དེ་མིན་དམངས་ཁྲོད་ཀྱི་སྒྲུང་བ་བཅས་ནི་བོད་ཁུལ་དུ་ཆེས་མང་བ་དང་ཆེས་ཕུལ་དུ་བྱུང་བའང་ཡིན། ཧྥ་རན་སིའི་བོད་རིག་པ་ཆེད་མཁས་པ་ཏ་ཝེ་ཉི་ཨེར་ལྕམ་མོས་བརྩམས་པའི་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐརགྱི་གླེང་གཞིའི་ཁྲོད་དུ། ཁམས་ཤར་མའི་པར་གཞི་ནི་བོད་ཁུལ་དུ་ཆེས་སྙན་གྲགས་ཆེ། དེ་ནི་དཔའ་བོའི་ཕ་ཡུལ་ཁོ་ན་ཙམ་དུ་སྙན་གྲགས་ཆེ་བ་མ་ཡིན་པར། ལྷ་ས་དང་བོད་ཁུལ་ཡོངས་ཀྱིས་པར་གཞི་ཆེས་ལེགས་པོར་བརྩི། དེ་བས་ཆེས་ལེགས་ཤོས་ཀྱི་པར་གཞི་ཞེས་བརྗོད་ཀྱང་ཆོག་ཆོག་ཡིན།ཞེས་བསྟན་ཡོད།
    
ཚེ་རིང་རྡོ་རྗེས་བཤད་རྒྱུར།ལོ་རྒྱུས་སྟེང་མི་སྣ་དཔའ་བོ་ཞིག་བཞེངས་བསྐྲུན་བྱེད་དགོས་ཚེ། ངེས་པར་དུ་ནང་དོན་ཁ་ཤས་ཁ་སྣོན་དང་། སྙན་གྲགས་ཚད་ཅུང་ཟད་ཇེ་མཐོ། ཁ་དོག་སྔར་ལས་ཇེ་མང་བཅས་གཏོང་དགོས་ལ། དེ་ནི་རིག་རྩལ་ལས་ཀ་བས་ཞིབ་བརྗོད་བྱེད་དགོས་པ་ཞིག་ཡིན། གཞན་ཡང་གེ་སར་སྒྲུང་ནི་སྒྱུ་རྩལ་མི་སྣས་རྒྱུད་འཛིན་བྱས་པ་ཡིན་ལ། སྒྱུ་རྩལ་པ་མི་དྲུག་གིས་བརྗོད་པའི་གཏམ་རྒྱུད་ཕལ་ཆེར་གཅིག་འདྲ་ཡིན། འོན་ཀྱང་ཞིབ་ཕྲའི་ཆ་ནས་ད་དུང་མི་འདྲ་ས་ཁ་ཤས་རེ་འདུག དེ་བས་ངས་བསམ་པར་དུས་ནམ་ཡང་གེ་སར་རྒྱལ་པོའི་བདེན་པའི་རིང་བཞིན་ལ་གཡོ་བ་མེད། ཁོ་ནི་མི་རིགས་དཔའ་བོ་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་གཞི་རྟེན་ཞིག་ཀྱང་ཡིན། ཁོང་གི་འདོད་ཚུལ་ལྟར་ན། གེ་སར་རྒྱལ་པོ་སྤྱི་ལོ་༡༠༣༨ ལོར་འཁྲུངས་པ་དང་༡༡༨༩ ལོ་སྐུ་འདས་པས། མི་ལོ་༨༡ ལ་བཞུགས་ཡོད། ཁོ་རང་ནི་ལོ་རྒྱུས་སྟེང་བྱུང་མྱོང་བའི་ལོ་རྒྱུས་མི་སྣ་ངོ་མ་ཞིག་ཡིན་པར་འདོད།
     
སྤྱི་ལོ་༢༠༠༢ ལོར་ཚེ་རིང་རྡོ་རྗེ་གེ་སར་གྱི་ཕ་ཡུལ་དུ་སྐྱོད་པཞེས་པའི་ཞིབ་བཤེར་བྱ་འགུལ་དུ་ཞུགས། ལོ་ངོ་བཅུའི་རྗེས་སུ། ཁོ་རང་སླར་ཡང་གེ་སར་གྱི་ཕ་ཡུལ་དུ་སྐྱོད་པཞེས་པའི་ཞིབ་བཤེར་ཚོགས་པ་དང་འགྲོགས་ཏེ། མཚོ་སྔོན་དང་དཀར་མཛེས་སོགས་ཞིང་ཆེན་གཉིས་དང་རྫོང་ཁག་བདུན་བརྒལ་ནས་དཔའ་བོ་དེའི་ཞབས་རྗེས་སྙེག་བཞིན་ཕྱིན། ལམ་བར་ནས་ཚེ་རིང་རྡོ་རྗེས་དངོས་མང་བཤམས་མཛོད་ཁང་འཛུགས་སྐྲུན་བྱེད་བཞིན་པ་དང་། ཐང་ག་རྒྱ་ཁྱབ་དུ་འགྲེམ་སྟོན་བྱེད་བཞིན་པ། སྙན་སྒྲུང་ཆ་ཚང་ངང་བསྡུ་སྒྲིག་བྱེད་བཞིན་པ་སོགས་གེ་སར་རིག་གནས་ལ་སྲུང་སྐྱོབ་དང་ཞིབ་འཇུག་རྒྱུན་ཆད་མེད་པར་ཤུགས་ཆེར་འགྱུར་བཞིན་པ་མཐོང་བས། ཁོང་གི་བསམ་པར་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟང་བོའི་འོག ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་རྒྱུད་ཆེན་པོའི་ཁྲོད། ད་གཟོད་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རིག་གནས་ལ་བརྩི་མཐོང་ཐོབ་ལ། གེ་སར་རིག་གནས་ཞིབ་འཇུག་ལས་དོན་ལའང་ད་གཟོད་དེ་འདྲའི་གྲུབ་འབྲས་བཟང་བོ་ཐོབ་ཐུབ་པ་རེད་འདོད་བྱུང་། འདིའི་གཞུག་ནས་ཚེ་རིང་རྡོ་རྗེས་སྡེ་དགེའི་སྐད་སྤྱད་དེ་ཁམས་སྐད་འདིའི་རིགས་ཀྱི་ཚད་གཞི་དང་བསྟུན་ནས་གེ་སར་སྒྲུང་བསྡུ་སྒྲིག་བྱེད་པ་དང་། དུས་མཚུངས་སུ་སྡེ་དགེ་རྫོང་གི་གེ་སར་དང་འབྲེལ་བའི་པར་རིས་ཁ་ཤས་ཀྱང་ཁ་སྣོན་བྱས་ཏེ། རིག་གནས་བ་དང་མཁས་པ་དག་ལ་མཁོ་འདོན་བྱེད་རྩིས་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716