སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་ལྷ་སྒྲུང་ཁག་ཅིག་གི་འཕེལ་སྟངས་དང་ངོ་བོའི་ཐད་ཀྱི་རིན་ཐང་ལ་དཔྱད་པ།
སྤེལ་དུས། 2017-11-15   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  འཕགས་མོ་ཚེ་རིང་།
          འཕེལ་འགྱུར་གྱི་སྐད་དོད་ལ་རྒྱ་ནག་སྐད་དུ(进化)ཟེར་ལ། དེ་ནི་ལ་ཏིང་སྐད་དུevolutionཞེས་པའི་འགྱུར་ཚབ་ཡིན་ཞིང་། རྒྱས་པའི་གོ་དོན་དུ(展开)ཡིན་པར་བསྟན་ཞིང་། དེ་བོད་སྐད་དུ“ཁྱབ་སྤེལ”ཞེས་བསྒྱུར་འདུག་པས། འདི་ལ་མི་མཐུན་པའི་ལྟ་ཚུལ་དང་རྣམ་འགྱུར་སྟོན་མཁན་མང་མོད། སྤྱི་ཕྱོགས་ནས་འཕེལ་འགྱུར་ཟེར། དེ་ཐོག་མར་བཀོལ་སྤྱོད་མཁན་ནི1744ལོར་སུའེ་ཙེར(瑞士)རྒྱལ་ཁབ་ཀྱི་སྦྲུམ་རྟེན་རིག་པའི་མཁས་ཅན་ཧ་ལེར(哈勒Albrecht von Haller, 1708-1777)ཞེས་པ་ཡིན་པ། དེས་མངལ་སྦྲུམ་སྲོག་ཆགས་ཀྱི་དབང་བོ་ཀུན་པོར་འཕེལ་རིམ་གྱི་འགྱུར་ཕྱོགས་ཤིག་ཡོད་པ་བསྟན་དོན་དུ་བྱས་ཡོད། དེ་མ་ཟད《ཉིག་ཅིན་དབྱིན་ཡིག་ཚིག་མཛོད》སོགས་ལས་ཀྱང་འཕེལ་འགྱུར་གྱི་བསྟན་དོན་དུ“འཕེལ་རྒྱས་ཀྱི་གོ་རིམ་ནི་ཐོག་མའི་ས་བོན་གྱི་རྣམ་པ་ནས་སྐྱེས་ཐག་ཆོད་པའི་བར་གྱི་བྱུང་རིམ་མམ་ཡར་སྐྱེད་ཀྱི་འགྱུར་རིམ”ཞིག་ཡིན་ཞེས་འགྲེལ་བཤད་གནང་ཡོད་པས། གོ་དོན་ནམ་ཐོག་མའི་འདྲ་དོན་དེ་གཞིར་བཟུང་ཞིང་དཔྱད་ན། ད་གཟོད་འཇིག་རྟེན་སྟེང་གི་བྱ་དངོས་གང་ཞིག་ཡིན་རུང་། སོ་སོའི་རྒྱུ་དང་རྟེན་འབྲེལ་གྱི་ཆོས་ཉིད་ལྟར་འཕེལ་རྒྱས་བྱུང་བའི་གོ་རིམ་གྱི་རྒྱུ་དང་རྐྱེན་ཡོད་ལ། འཕེལ་རིམ་མམ་འགྱུར་རིམ་དེ་འདྲ་ཞིག་མ་བརྒྱུད་པའི་བྱ་དངོས་ཤིག་མེད་པ་རེད། དེ་ལ་བོད་ཀྱི་ནང་བའི་གཞུང་ན་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ཅན་ཏེ་ཆོས་ཐམས་ཅད་དམ་བྱ་དངོས་ཐམས་ཅད་ཕན་ཚུན་རྟེན་ཅིང་འབྲེལ་ནས་འབྱུང་བ་ཡིན་པས་རྟེན་འབྲེལ་ཞེས་སྦྱར་ཡོད། འདིས་ཀྱང་གོང་གི་འཕེལ་འགྱུར་དང་འདྲ་བར་བྱ་དངོས་ཐམས་ཅད་རང་བཞིན་གྱིས་བྱུང་བ་མ་ཡིན་པས་ངོ་བོ་བསྟན་ཡོད་ནའང་། དེ་གཉིས་ཀྱི་ཁྱད་པར་ཅུང་མི་འདྲ་ས་གཙོ་བོ་ནི་འཕེལ་འགྱུར་སྨྲ་བའི་ལུགས་ལ་བྱ་དངོས་གང་ཡིན་ཡང་རྒྱུ་རྐྱེན་ཆུང་བ་ནས་ཆེ་བ། སྟབས་བདེ་ནས་རྙོག་དྲ། གཅིག་ནས་གཉིས་དང་གསུམ་སོགས་སུ་རིམ་གྱིས་གྱེས་པའམ་འཕེལ་བ་དང་འགྱུར་བར་བསྟན་ཡོད།          《བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ》ཞེས་པའི་དཔྱད་རྩོམ་དུ“ལྷ་སྒྲུང་ནི་རྟེན་གཞི་མེད་པར་རྟོག་བཟོ་བྱས་པ་ཞིག་མིན་ལ། ལྷ་སྒྲུང་གི་ཁྲོད་དུ་ངེས་པར་ལྷ་ཡོད་པའི་ཁྱབ་པ་མེད་ལ་ལྷ་ཡོད་པའི་གཏམ་རྒྱུད་ཚང་མ་ལྷ་སྒྲུང་ཡིན་པའི་ཁྱབ་པའང་མེད”ཅེས་བརྗོད་པ་ལྟར། བོད་གངས་ཅན་གྱི་ལྗོངས་སུ་དར་བའི་ལྷ་སྒྲུང་གི་རྣམ་པ་དེ་དག་ཀྱང་། དུས་ངེས་མེད་ཅིག་ལ་གློ་བུར་གྱི་ལྷ་འདྲེ་གང་ཞིག་གི་མཐུ་རྩལ་ལས་བྱུང་བའམ། རྩ་བ་ཆགས་ས་དང་རྩེ་མོ་རྒྱས་ས་ཞིག་མེད་པར་གང་དྲན་ལྟར་བྱུང་བ་དང་། གང་སྣང་ལྟར་ཉམས་པ་ཞིག་གཏན་ནས་མིན་པས། ཐོག་མར་ལྷ་སྒྲུང་གང་ཞིག་གྲུབ་པའི་གཞི་རྟེན་གྱི་ས་བོན་ཞིག་ཡོད་ལ། དེར་ལྷ་སྒྲུང་གི་ཐོག་མའི་ས་བོན་ཞེས་སྨྲས་ཆོག ལྷ་སྒྲུང་གི་ཐོག་མའི་ས་བོན་ཞེས་པ་ནི། ལྷ་སྒྲུང་གི་རྣམ་པ་གཅིག་ཆགས་པར་ཐོག་མའི་ཆ་རྐྱེན་ནམ་སྤྱི་ཚོགས་ཀྱི་གླེང་བྱ་དེ་ལ་ཟེར་བས། དེ་ནི་རིག་གནས་སམ་བསམ་བློའི་ཤེས་རིག་དང་སྤྱི་ཚོགས་ཁོར་ཡུག་བཅས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་ཞིག་དང་འབྲེལ་བས། དེ་རྟོགས་ན་ལྷ་སྒྲུང་གི་རིན་ཐང་ཟུར་གཅིག་སྟེ་དུས་སྐབས་གང་ཞིག་གི་སྤྱི་ཚོགས་གནས་བབ་དང་བསམ་བློའི་ཤེས་རིག་གི་ངོ་བོ་རྟོགས་པ་ཡིན།ལྷ་སྒྲུང་ནི་རྒྱུ་མེད་རྐྱེན་མེད་གློ་བུར་གྱི་མཐུ་ནུས་ཤིག་ལས་བྱུང་བ་མ་ཡིན་པར།མིའི་རིགས་ཀྱི་སྤྱི་ཚོགས་སྟེང་བྱུང་བའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་མོད།མི་རྣམས་ཀྱི་ཤེས་རྟོགས་ཀྱི་ཟབ་ཚད་དང་འདུ་ཤེས་གཙོ་བོའི་ངོས་འཛིན་ལྟར་འགྲེལ་བཤད་སྣ་ཚོགས་འབྱུང་བཞིན་ཡོད་ལ།འགྲེལ་བཤད་དེ་ལ་བརྟེན་ནས་ཐོག་མའི་དངོས་ཡོད་ཀྱི་གནས་ཚུལ་དང་གླེང་ཕྱོགས་ཀྱང་མཐའ་གཅིག་ཏུ་ཁྱུར་མིད་བཏང་མེད་པར། ཟ་ཟུར་ནས་ལུས་པའམ་ལྷ་སྒྲུང་གི་གཞི་རྐང་དུ་གྱུར་ཡོད་པ་དེ་རེད།འདིའི་སྟེང་ནས་བལྟས་ན་ལྷ་སྒྲུང་ལའང་ཐོག་མའི་གྲུབ་རྐྱེན་གྱི་གཞི་རྟེན་ས་བོན་ཡོད་པ་གསལ་བོར་རྟོགས་ཐུབ།
          ལྷག་པར་འཕེལ་འགྱུར་སྨྲ་བའི་ལྟ་བ་ལྟར་ན།བྱ་དངོས་གང་ཞིག་ཡིན་ཡང་དེ་ནི་དུས་ཀྱི་འཕེལ་རིམ་ལྟར་རང་གི་རྫས་རྒྱུན་སྔ་མ་དང་རྫས་རིགས་ཕྱི་མའམ་གཞན་གྱི་འཕྲོད་སྦྱོར་དང་འཐབ་འདྲེས་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པས།དེའི་ངོ་བོར་རྫས་རྒྱུན་སྔ་མའི་རྒྱུན་དང་ཕྱི་མའམ་གསར་བ་བཅས་ཀྱི་འགྱུར་རྟགས་དང་རྒྱུའི་རྟགས་ཡོད་པ་གསལ་བོར་བསྟན་ཡོད་དེ། ཏར་ཝུན(达尔文)གྱིས་དེང་རབས་ཀྱི་སྲོག་ཆགས་དང་ཚེ་སྲོག་མང་པོ་ཞིག་གི་སྟེང་ན་གདོད་མའི་དུས་ཀྱི་སྲོག་ཆགས་དང་ཚེ་སྲོག་དེ་ཚོའི་རྫས་རྒྱུན་ཡོད་པ་བསྟན་ཞིང་། དེ་ནི་རྫས་རྒྱུན་སྔ་ཕྱི་བར་གྱི་རྒྱུད་པར་ཡང་སྨྲས་ཆོག་པས།ཁོང་གིས་སྲོག་ཆགས་མང་པོ་ཞིག་ཁྱིམ་རྒྱུད་དང་ཤ་ཁྲག་གི་འབྲེལ་བ་བསྟན་ཡོད། དེའི་སྟེང་ནས་ཤེས་ཐུབ་པ་ནི་བྱ་དངོས་གང་ཞིག་ཡིན་ཡང་དེ་ནམ་ཡང་འགུལ་སྐྱོད་དང་འཕེལ་འགྱུར་གྱི་ཁྲོད་ན་གནས་ཤིང་།དེའི་ངོ་བོར་དུས་རབས་ལྟར་རྫས་རྒྱུན་སྔ་མའི་རྒྱུན་གྱི་འབྲས་རྟགས་དང་གསར་བའི་འཕྲོད་སྦྱོར་གྱི་ཕུང་བོ་འདུས་པ་གསལ་བོར་བསྟན་ཡོད།བརྟག་ཐབས་འདི་བེད་སྤྱད་དེ་བོད་ཀྱི་ལྷ་སྒྲུང་ལ་ཞིབ་འཇུག་བྱས་ན། དེ་ལའང་གདོད་མའི་གཞི་རྟེན་གྱི་ས་བོན་ཡོད་པར་མ་ཟད། ས་བོན་དེ་གཞིར་བཟུང་ནས་དུས་རབས་ལྟར་རིག་གནས་བསམ་བློ་གཞན་གྱི་ཤན་ཤུགས་ཐེབས་ཏེ་གསར་བ་ཞིག་གི་ངོ་བོར་འཕོས་ཡོད་ནའང་། གཟབ་ནན་གྱིས་ཞིབ་ཏུ་དཔྱད་ན་དེ་ནི་དུས་རབས་སོ་སོའི་རིག་གནས་བསམ་བློ་དང་སྤྱི་ཚོགས་ལོ་རྒྱུས་ཀྱི་གནས་བབ་རྟོགས་པ་ལ་དཔྱད་གཞིའི་རྒྱུ་ཆ་རིན་དོད་བྲལ་བ་ཞིག་ཏུ་གྱུར་ཡོད་དེ། དཔེར་ན། བོད་ཀྱི་དེབ་ཐེར་རྙིང་བ་ཁག་ཅིག་ལས།
          “རི་བོ་གྲུ་འཛིན་བྱ་བའི་གནས་དེར་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་སྤྲེའུ་ཞིག་དང་ལྷ་མོ་སྒྲོལ་མ་བྲག་སྲིན་མོ་བཤོས་པ་ལས་འགྲོ་བ་མི་རིགས་རྣམས་བྱུང”བར་བཤད་ཡོད། དེ་ལས་འཕགས་པ་དང་ལྷ་མོ་སྒྲོལ་མའི་སྐོར་གྱི་ལྷ་སྒྲུང་བསལ་ཚེ་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་མིའི་འགྲོ་བ་བྱུང་ཚུལ་ལ་གྱུར་འགྲོ་ཞིང་།དེ་ལས་བྲག་སྲིན་མོ་དང་སྤྲེའུའི་སྐོར་དོར་ཚེ་སྤྲ་ནས་མི་ལ་གྱུར་བའི་བཤད་སྟངས་དེར་ཐུག་འགྲོ་བས། ང་ཚོས་དེ་ལ་འཕེལ་རིམ་ཆེན་པོ་གསུམ་ཡོད་པ་ཤེས་ཤིང་། འཕེལ་རིམ་དེ་དག་གིས་དུས་སྐབས་མི་འདྲ་བ་མི་གསུམ་གྱི་རིག་གནས་བསམ་བློ་དང་སྤྱི་ཚོགས་ལོ་རྒྱུས་ཀྱི་གནས་བབ་རྟོགས་པར་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་བསྐྲུན་པ་གསལ་བོར་ཤེས་ཐུབ་པར་མ་ཟད། ལྷ་སྒྲུང་དེའི་ཐོག་མའི་གཞི་རྟེན་སྤྲ་ཡི་གཏམ་རྒྱུད་ཡིན་པ་ཤེས་ཤིང་། གཞན་སྤྲེའུ་དང་བྲག་སྲིན་གྱིས་དུས་རབས་གསར་བ་ཞིག་གི་ལྷ་སྒྲུང་གཞི་རྟེན་བྱས་ཡོད་ལ། སྤྱན་རས་གཟིགས་དང་ལྷ་མོ་སྒྲོལ་མས་ནང་ཆོས་འཕེལ་བའི་དུས་ཀྱི་སྔ་རྟགས་དང་རིག་གནས་ལོ་རྒྱུས། དུས་སྐབས་དེའི་ལྷ་སྒྲུང་གི་གཞི་རྟེན་བཅས་ལ་ཞིབ་འཇུག་གདན་གཏིང་ཡོད་པ་ལྟར་རེད།
          གཉིས་པ། བོད་ཀྱི་ལྷ་སྒྲུང་གི་འཕེལ་ཕྱོགས་གཙོ་བོ།
          ལྷ་སྒྲུང་གི་གཞི་རྟེན་ས་བོན་དེ་ལ་བརྟེན་ནས་ལྷ་སྒྲུང་ཞིག་གྲུབ་པ་ཡིན་ནའང་། དུས་རབས་ཀྱི་འགྱུར་ལྡོག་ལྟར་མི་རྣམས་ཀྱི་སྤྱི་ཚོགས་དང་བསམ་བློའི་ཤེས་རིག་གི་འགྱུར་ལྡོག་ལྟར་ལྷ་སྒྲུང་ལའང་འགྱུར་བ་འབྱུང་བཞིན་ཡོད་པ་རེད།བོད་རང་གི་ངག་རྒྱུན་ལྷ་སྒྲུང་ཞིག་ཏུའང་། “གནའ་སྔ་མོ་ཞིག་ལ་མིང་ལ་ངག་ཁྲོ་ཟེར་བའི་རྒྱལ་སྲས་རང་བཞིན་བཟང་ཞིང་བློ་རིག་བཀྲ་བ། དཔའ་མཛངས་ལྡན་པ་ཞིག་ཡོད་པ་དེ་ཀླུ་རྒྱལ་གྱི་གམ་དུ་ནས་ཀྱི་ས་བོན་སློང་བར་འགྲོ་ཆེད། དཀའ་ཚེགས་གང་ལའང་མ་འཛེམས་པར་རི་ཆུ་སྟོང་ཕྲག་མང་པོ་བརྒྱུད་མཐར། གཞི་བདག་གི་རོགས་རམ་ལ་བརྟེན་ནས་ནས་ཀྱི་ས་བོན་ལེན་ཐུབ་པ་བྱུང་ནའང་། ཁོ་རང་ཉིད་ཀླུ་རྒྱལ་གྱིས་རྫུ་འཕྲུལ་བསྟན་པས་ཁྱི་ཞིག་ཏུ་གྱུར། རྗེས་སུ་ཡུལ་ཁམས་དེའི་རྒྱལ་པོའི་སྲས་མོ་གསུམ་པོའི་བརྩེ་དུངས་ཐོབ་པས། ཁོ་ཡང་བསྐྱར་མི་རུ་གྱུར་པ་རེད། དེ་ནས་ཁོ་ཚོས་དཀའ་སྤྱད་ཀྱི་རྨོ་འདེབས་བྱས་པས་ནས་འབྲུ་མང་པོ་སྐྱེས་ཤིང་། དུས་དེ་ནས་བཟུང་མི་རྣམས་ཀྱིས་ཞིམ་མངར་རོ་བཅུད་ལྡན་པའི་རྩམ་པ་ཟ་ཐུབ་པ་བྱུང་བས། མི་རྣམས་ཀྱིས་རྩམ་པ་གསར་བ་ཟ་དུས་ཐོག་མར་རྩམ་པའི་འཆིང་བུ་ཞིག་སྟེར་བའི་སྲོལ་དར་ལ། དེ་ནི་མི་རྣམས་ཀྱིས་ཁྱི་ལ་དྲིན་གཟོ་བའི་ཆེད་དུ་ཡིན”ཞེས་བཤད་སྲོལ་ཞིག་ཡོད། ཐོག་མར་ང་ཚོས་འདི་ལ་བརྟེན་ནས་དོན་དག་ཆེན་པོ་གསུམ་གསར་དུ་འགྲེལ་བཤད་བྱེད་ཐུབ་པ་རེད།
          དང་པོ་ནི་བཤད་རྒྱུན་འདིའི་བརྗོད་དོན་མཐར་ཐུག་ནི་ནས་ཀྱི་ས་བོན་ཇི་ལྟར་རྙེད་ཚུལ་དེ་ཡིན་མོད། དེས་རྙོག་འཛིང་ལྡན་པའི་གཏམ་རྒྱུད་ཀྱི་དཀྱོགས་རིམ་ཞིག་བཟོས་ཡོད་དེ། ངག་ཁྲོས་ཀླུ་རྒྱལ་གྱི་ས་ནས་ནས་ཀྱི་ས་བོན་བསླངས་ཀྱང་། ཀླུ་རྒྱལ་གྱིས་ཁོ་རང་ཁྱི་ལ་བརྫུས་ཤིང་།ཁོ་ལ་མིས་བརྩེ་དུང་ཐོབ་པས་སླར་ཡང་མི་རུ་གྱུར་ཚུལ་དེ་བསྟན་ཡོད་པ་རེད། གཉིས་པ་ནི་གཏམ་རྒྱུད་དེའི་མགོ་འཇུག་ལྡོག་ཏེ་གཞིགས་ན། ཁྱི་ལ་མི་ལུས་ཐོབ་ཚུལ་ཞིག་ཡིན་པས་དེ་ནི་ཁྱིས་མི་ལ་ལྷག་བསམ་དག་པའི་དགེ་བའམ་ཕན་པ་བསྐྲུན་པའི་སྟབས་ཡིན། གསུམ་པ་ཞིབ་ཏུ་བརྟགས་ན་ངག་ཁྲོས་ཀླུའི་གནང་བ་མ་ཐོབ་པར་བརྐུས་པའམ་རྒྱུ་རྐྱེན་གང་ཞིག་གིས་ཀླུའི་བཀའ་ཁྲིམས་ཕོག་པ་ལ། ཁྱི་ལུས་ཀྱི་ཁྲིམས་ཆད་འཁུར་དགོས་སོང་བས། དེ་ནི་ལྷ་སྒྲུང་གི་ངོས་ནས་བཤད་ན་རྒྱུ་མཚན་མེད་པའི་གློ་བུར་གྱི་སྣང་ཚུལ་ཞིག་ཡིན་མོད། འཕེལ་འགྱུར་རིག་པའི་ཐབས་ཚུལ་སྤྱད་ན། ལྷ་སྒྲུང་དེ་ཆགས་པའི་རྒྱུ་རྐྱེན་གྱི་ཐོག་མའི་ས་བོན་ཡིན་མིན་དོགས་སློང་བྱེད་ཆོག་པ་རེད། བཞི་བ་ནི་ཁྱིས་མི་ལ་ནས་ཀྱི་ས་བོན་བྱིན་པས་མི་དང་ཁྱི་གཉིས་བར་ན་བརྩེ་དུང་ཟབ་མོ་ཞིག་ཡོད་པར་མ་ཟད། དེས་ཁྱི་ཉིད་ཀྱི་གོ་ས་མཐོ་སར་བཞག་ནས་དད་ལྡན་ཅན་གྱིས་ཁྱི་ལ་དད་མོས་བྱེད་པའི་ཆ་རྐྱེན་བསྐྲུན་ཡོད་པར་མ་ཟད། ཁྱིའང་མ་གཞི་མི་ཡིན་ཞིང་རེ་ཞིག་ཀླུའི་བཀའ་ཆད་ཀྱི་དབང་གིས་ཁྱི་ལ་བསྒྱུར་པས། ཁྱིས་རང་གི་སྒྲིབ་པ་དེ་སྦྱངས་ཕྱིར་མི་ལ་དགེ་བ་སྒྲུབ་ཚུལ་ཡིན། ལྔ་བ་ནི་རིག་པས་དེད་ན། ནས་ཀྱི་ས་བོན་ས་འོག་ནས་རྙེད་དགོས་ལ། ཀླུ་གནས་སའང་ས་འོག་ཡིན་པ་བསྟན་པས། ས་བོན་གྱི་འབྱུང་གནས་གཙོ་བོ་དེས་བརྒྱུད་རིམ་དངོས་ཀྱི་ས་བོན་བཟུང་ཡོད་པ་རེད།རྙོག་འཛིང་ལྡན་པའི་གཏམ་རྒྱུད་ཀྱི་བྱུང་རིམ་འདི་ལ་ང་ཚོས་བརྟག་ཐབས་རྣལ་ཐོག་ཏུ་ཁེལ་བ་ཞིག་གིས་ཞིབ་འཇུག་དོན་དངོས་ལྟར་སྦྱར་ན། གདོད་མའི་མི་རྣམས་ཀྱིས་ཐོག་མར་རྔོན་ལས་བྱས་ཏེ་རང་གི་འཚོ་གནས་སྲུང་བཞིན་ཡོད།རྔོན་པའི་རམ་འདེགས་ལ་ཤ་ཁྱི་ཁྲིད་ནས་འགྲོ་བཞིན་ཡོད་པས། ཁྱི་ཡར་མར་དུ་ཁྲིད་པ་དང་ཁྱིས་རི་དྭགས་སོགས་བདས་པར་བརྟེན་ནས། ནས་སོགས་འབྲུ་རིགས་ཀྱི་ས་བོན་ཁྱིའི་སྤུ་སྟེང་ལ་འབྱར་ཞིང་ཕྱིས་སུ་ཁྱི་འདོག་ས་དང་ཉལ་ས་གཙོ་བོར་ནས་སོགས་ཀྱི་འབྲུ་རིགས་སྐྱེ་བཞིན་ཡོད་པ་དེས་མི་ལ་ནས་སོགས་འབྲུ་རིགས་འདེབས་པའི་བློ་སྒོ་ཕྱེས་པ་ནི།ནས་ཀྱི་ས་བོན་རྙེད་ཚུལ་གྱི་ཁུངས་དངོས་ཡིན་པས། ལྷ་སྒྲུང་འདིས་ཀྱང་གཞི་རྐང་གི་ཐོག་མའི་ས་བོན་དེ་ལ་བྱས་ཡོད་སྟབས། ཅི་ནས་ཀྱང་ངག་ཁྲོའི་སྐོར་གྱི་གཏམ་རྒྱུད་དེ་ཁྱི་ལ་གཏུག་དགོས་པའི་རྒྱུ་མཚན་མཐར་ཐུག་དེ་རེད། ཡིན་ནའང་། ཁོ་ཚོས་ས་བོན་དེ་ལྟར་རྙེད་པ་ཡིན་མོད་ས་བོན་གྱི་རྒྱུ་ཡང་གང་ནས་བྱུང་བའི་ཁུངས་འཚོལ་བར་དཔྱད་པ་ལ། ཐོག་མར་ནས་ས་འོག་ནས་བྱུང་བའི་ཁུངས་བསྟན་ནའང་། དུས་རབས་ཀྱི་འགྱུར་ལྡོག་ལྟར་སྐབས་སོ་སོའི་རིག་གནས་སྣང་ཚུལ་གྱི་བསམ་པའི་ཕྱོགས་སུ་མི་ལྷུང་ཐབས་མེད་ཀྱི་གནས་སུ་འཁྱར་ཏེ།རིམ་གྱིས་ལྷ་ཀླུ་གཉན་གསུམ་གྱི་མཆོད་སྲོལ་དར་བའི་དུས་རིམ་ཁྲོད་དེ་ནི་ཀླུའི་ཕོ་བྲང་གི་ནང་མཛོད་དང་འབྲེལ་བའི་རིག་པ་བསྟན་ཡོད།
          དེར་བརྟེན་ང་ཚོས་འཕེལ་འགྱུར་རིག་པའི་ཐབས་ལམ་སྤྱད་ནས་ཡང་བསྐྱར་ལྷ་སྒྲུང་འདིའི་བརྒྱུད་རིམ་ལ་བློ་རྣལ་མས་ཞིབ་འཇུག་བྱས་ན། ལྷ་སྒྲུང་འདིའི་ཐོག་མའི་ས་བོན་གྱི་རྣམ་པ་ནས་གྲུབ་ཐག་ཆོད་པའི་བར་གྱི་གཏམ་གྱི་བྱུང་རིམ་མམ་འགྱུར་རིམ་གྱིས། མ་མཐར་ཡང་དུས་རབས་དང་མི་རབས་སྐོར་ཞིག་གི་རིག་གནས་སྣང་ཚུལ་གྱི་ཕྱོགས་ལྷུང་ཉིང་བསྡུས་བྱས་ཏེ་མཚོན་ཡོད་པ་གསལ་བོ་ཡིན་ཏེ། ཐོག་མར་གཏམ་རྒྱུད་ཀྱི་གཞི་བཅོལ་ས་དེའི་སྟེང་ནས་བལྟས་ཚེ། དེ་ལ་ཆོས་ལུགས་བསམ་བློའི་ཤུགས་རྐྱེན་ཅི་ཡང་མེད་པར་དུས་རབས་གང་གི་དངོས་པོའི་གནས་ཚུལ་དངོས་ལྟར་མཚོན་ཡོད་ནའང་། བར་དུའམ་ཡུན་གྱིས་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་ཐོན་སྐྱེད་ཀྱི་ཆ་རྐྱེན་དམན་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས། རིམ་གྱིས་སྤྱི་ཚོགས་སྟེང་ལྷ་དང་ཀླུའི་ངོས་འཛིན་བྱུང་ཞིང་རང་བྱུང་ཁམས་ཀྱི་བྱ་དངོས་ཡོད་དོ་ཅོག་ལ་འདུ་ཤེས་སམ་རྣམ་ཤེས་ཞུགས་ཡོད་པར་འདོད་པའི་དུས་རིམ་ལ་བསླེབས་དུས། སྐབས་དེའི་བསམ་བློའི་དབང་བདག་ཆེན་མོ་བ་དག་གིས་སོ་སོའི་བློའི་བཀོད་པ་དང་ཁེ་ཕན་ལྟར་ན། ཁྱིས་ས་བོན་རྙེད་ཚུལ་དེ་རང་གི་བསམ་བློའི་བཀོད་པ་ལྟར་གྱི་ཁེ་ཕན་ལྟར་བཟོ་བཅོས་བྱས་ཤིང་། ཀླུའི་ནུས་པ་གོང་ལ་གཏོད་ཕྱིར་ཁྱི་དེ་མ་གཞི་ནས་མི་ཡིན་མོད། ཀླུའི་བཀའ་བགོས་ལ་འགལ་སྟབས་ཁྱིར་བསྒྱུར་པ་ཡིན་ཞིང་། ཁྱིས་རང་གི་སྒྲིབ་སྦྱོང་མཐར་གྱིས་རྫོགས་པར་མིའི་འདོད་དོན་ལྟར་དགེ་བ་བསྒྲུབས་ཤིང་མཐར་མིས་བརྩེ་དུང་གི་དྭངས་མ་ཐོབ་སྟེ། སླར་མིའམ་གདོད་མའི་ངོ་བོར་གྱུར་ཚུལ་གྱི་བསམ་བློ་མཚོན་ཡོད་པ་རེད། དེ་ན་སྐབས་འདིར་བོན་ནམ་བསམ་བློའི་གྲུབ་མཐའ་གཙོ་བོ་ཞིག་གི་འཇིག་རྟེན་དང་མི་ཚེ་ལ་འཛིན་པའི་ལྟ་སྟངས་ཀྱང་མཚོན་ཡོད་དེ། སྐབས་འདིར་ཁྱིའི་གདོད་མའི་ངོ་བོ་མི་ཡིན་ཞིང་མིས་ལྷ་ཀླུར་བཀའ་ཆད་ཕོག་པའི་མཐོ་དམན་ལྟར་སྐྱེ་འགྲོའི་རིགས་ཀྱི་གོ་རིམ་ལྟར་སྒྲིབ་པའི་རྣམ་སྨིན་མྱོང་གིན་ཡོད་ལ། རྣམ་སྨིན་དེ་ལས་གྲོལ་ཐབས་གཙོ་བོ་ནི་ལྷ་ཀླུའི་བཀའ་བགོས་ལྟར་སེམས་ཅན་གྱི་དོན་བྱེད་པའམ།ཡང་ན་དགེ་བ་ཕུན་སུམ་ཚོགས་པའི་མཐུ་ནུས་ཀྱིས་རང་གི་གདོད་མའི་ངོ་བོ་དང་དབྱེར་མེད་དུ་འཐིམ་ཐུབ་པའི་ལྟ་ཚུལ་མཚོན་ཡོད།
          དེར་བལྟས་ན་མིས་ལྷ་ཀླུའི་བཀའ་ཆད་ལྟར་ཁྱི་ལུས་ཕོག་ཀྱང་སླར་རང་གི་སྒྲིབ་སྦྱངས་ཀྱིས་མིར་གྱུར་ཚུལ་གྱི་རིག་པ་ལྟར། མིའི་གདོད་མའི་ངོ་བོ་ཡང་ལྷ་ཀླུ་ཡིན་ཞིང་ལྷ་ཀླུའི་བཀའ་ཆད་ལྟར་མིར་གྱུར་པས། རང་གི་གདོད་མའི་ངོ་བོར་གྱུར་པ་ལ་ལྷའི་བཀའ་ལྟར་བྱ་བའམ་ཡང་ན་སེམས་ཅན་གྱི་དོན་བྱས་ཏེ་དགེ་བ་བསྒྲུབ་དགོས་པ་དེ་ཡིན་པས། དགེ་བ་སྒྲུབ་སྟངས་ཀྱི་ཐད་ནས་བལྟས་ན། དེར་ཕྱིས་ཀྱི་ནང་བའི་ཆོས་ཀྱི་ལྟ་བའི་ཤུགས་ཀྱང་ཅུང་ཟད་བགོས་མེད་དམ་སྙམ་པས། དེ་ལྟར་ན་མཐའ་མ་ནང་བའི་ཆོས་ལུགས་ཀྱི་ངོ་བོར་གྱུར་ཡོད། ཡང་གཏམ་རྒྱུད་སྒྲིག་པའི་ཀུན་སློང་གི་འཕེལ་རིམ་ལྟར་དཔྱད་ན། གཏམ་རྒྱུད་ཀྱི་ཐོག་མའི་ས་བོན་གྱི་གཞི་རྐང་དེས་ནས་ཀྱི་ཁུངས་གསལ་བོར་བརྗོད་པ་ལས་གཞན་ཅི་ཡང་མཚོན་བཞིན་མེད་ནའང་། དུས་རིམ་བར་མའི་སྐབས་སུ་ཁྱིའི་ངོ་བོ་མི་ཡིན་ཞིང་མིས་ཀླུ་ཡི་བཀའ་ཆད་དང་དུ་བླངས་པའི་གོ་རིམ་ཁྲོད། གཙོ་བོ་སེམས་ཅན་གྱི་གྲལ་རིམ་བསལ་ཏེ། རིགས་ཀྱི་མཐོ་དམན་གཙོ་བོར་བྱས་པ་སོགས་བོན་ཆོས་ཀྱི་ཤན་འདྲེས་ཤིང་། མཐའ་མ་ཆོས་སམ་དགེ་བ་ཕུན་སུམ་ཚོགས་པའི་བྱེད་ནུས་དྲིལ་བསྒྲགས་བྱས་ཡོད་པ་རེད། དེར་བརྟེན་ང་ཚོས་འཕེལ་འགྱུར་གྱི་ཆ་ནས་དཔྱད་ན། ལྷ་སྒྲུང་གི་འཕེལ་རིམ་ཆ་ནས་གདོད་མའི་གཞི་རྐང་གི་ས་བོན་ཁར་ལྷ་ཀླུའི་བྱུང་འདས་དང་། དེ་ནས་ནང་ཆོས་ཀྱི་དགོངས་པ་བཅས་བསྣན་ནས་ལྷ་སྒྲུང་ཧྲིལ་བོ་ཞིག་མཚོན་པར་བྱས་ཤིང་། ལྷ་སྒྲུང་སྒྲིག་པའི་ཀུན་སློང་གི་ཆ་ནས་ནས་ཀྱི་ཁུངས་བསྐྱེད་འདོད་ཀྱི་རིག་པ་ནས→ལྷ་ཀླུའི་མཐུ་ནུས་སྒྲོག་འདོད→དགེ་བས་ཕན་ནུས་བཅས་ཀྱི་འགྱུར་རིམ་མཚོན་ཡོད་
          པ་རེད། དུས་རིམ་གྱི་ཆ་ནས་གཉུག་མའི་མིའི་བཅོས་མིན་གྱི་བསམ་བློ་ནས→རུས་བླ་དང་ལྷ་འདྲེ་མཆོད་བཀུར་གྱི་དུས་རིམ →ཆོས་ཀྱི་ལྟ་བ་མཚོན་པའི་དུས་རིམ་བཅས་མ་མཐར་ཡང་བརྒྱུད་ཡོད་པ་གསལ་རྟོགས་བྱེད་ཐུབ།
          གཞན་འཕེལ་འགྱུར་རིག་པའི་བྱེད་ཐབས་སྤྱད་དེ་ལྷ་སྒྲུང་ཧྲིལ་བོའི་བརྗོད་བྱར་བརྟགས་ན། འདིའི་ནང་བསྟན་པའི་ངག་ཁྲོ་དང་ཁྱི། ཀླུ།དགེ་བའི་ངོ་བོ་སོགས་ནི་ལྷ་སྒྲུང་འདིར་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་གནད་ཚིག་གཙོ་བོ་ཡིན་པར་མ་ཟད།དེ་དག་ནི་དུས་རབས་སོ་སོའི་སྤྱི་ཚོགས་དང་བསམ་བློའི་ཤེས་རིག་གི་ངོ་བོ་མཚོན་པའི་བརྡ་ཆད་དང་སོ་སོའི་ལྷ་སྒྲུང་གི་གཞི་རྐང་ངམ་ས་བོན་ལ་དཔྱོད་པའི་གནད་ཚིག་ཀྱང་ཡིན་ཏེ། དཔེར་ན་ལྷ་སྒྲུང་འདི་ལས་ཁྱི་དང་སྦྱར་ཏེ་ཞིབ་འཇུག་བྱས་ན་གཉུག་མའི་དུས་ཀྱི་རིག་གནས་བསམ་བློའི་ཁུངས་དང་ལྷ་སྒྲུང་གི་ས་བོན་རྙེད་ཐུབ་ལ། ངག་ཁྲོ་དང་ཀླུ་ལ་སྦྱར་ཏེ་དཔྱད་ན་ལྷ་སྒྲུང་གི་འཕེལ་རིམ་གཉིས་པ་གྲལ་རིམ་སྤྱི་ཚོགས་ཀྱི་ངོ་བོ་དང་བསམ་བློའི་ཤེས་རིག་རྟོགས་ཐུབ་པར་མ་ཟད། ཐ་སྙད་དེ་གཉིས་ནི་སྐབས་དེའི་རིག་གནས་ཀྱི་མཚོན་བྱེད་དང་ལྷ་སྒྲུང་གི་གཞི་རྐང་རྙིང་བ་ནས་གསར་བར་འགྱུར་བའི་ས་བོན་ནམ་གཞི་རྐང་ཡིན་པ་ཤེས་ཐུབ། མཐའ་མ་དགེ་བའི་ངོ་བོ་ལ་སྦྱར་བ་དེས་ནང་ཆོས་དར་བའི་དུས་ཀྱི་བསམ་བློའི་ཤེས་རིག་དང་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཤེས་པ་སོགས་ཀྱི་ཁྱད་ཆོས་དང་རིན་ཐང་འཛོམས་ཡོད་པ་བཅས་ཡིན།
          གསུམ་པ། བོད་ཀྱི་ལྷ་སྒྲུང་འཕེལ་འགྱུར་ཁྲོད་ཀྱི་རིན་ཐང་།
          འཕེལ་འགྱུར་གྱི་ལྟ་བ་འདི་སྤྱད་དེ། བོད་ཀྱི་ལྷ་སྒྲུང་ཁག་གི་བྱུང་རིམ་དང་རིན་ཐང་དངོས་ལ་དཔྱད་ན། བོད་ཀྱི་ལྷ་སྒྲུང་དག་གིས་རིང་ནས་སྦྲུམ་ཞིང་ཉར་བའི་མི་རབས་དུ་མའི་བསམ་བློའི་ཤེས་རིག་གི་ཁུངས་དང་གནས་བབ་རྟོགས་ཐུབ་པར་མ་ཟད། བོད་ལ་བན་བོན་ཆོས་ལུགས་མ་དར་བའི་སྔ་རོལ་ནས་རང་གི་མེས་པོ་རྣམས་ཀྱི་ཁ་ནས་ཁ་དང་སྙན་ནས་སྙན་རྒྱུད་དེ་འཕེལ་བའི་འཇིག་རྟེན་གྱི་ལྟ་སྟངས་དང་རིག་པ་ཡོད་པ་ཤེས་ཐུབ་སྟེ། དཔེར་ན། བོད་ཀྱི་གནའ་རབས་བོན་ཆོས་ནང་དུ“འབྱུང་བ་རྣམ་པ་ལྔའི་སྙིང་བོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ། ལྷ་བྲག་དཀར་བོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ”ཞེས་འཇིག་རྟེན་ཆགས་ཚུལ་དང་སེམས་ཅན་གྲོལ་ཚུལ་སྐོར་ཞིག་བཀོད་པ་འདིར་ཡང་། ཕྱི་བལྟས་ཀྱིས་བོན་དང་ཆོས་ཀྱི་བསམ་བློའི་ཤུགས་རྐྱེན་ཐེབས་ཡོད་མོད། དོན་དངོས་སྟེང་གདོད་མའི་མི་རྣམས་ཀྱི་ལྟ་ཚུལ་མཚོན་ཞིང་ཐོག་མའི་ས་བོན་ལ་བརྟེན་ནས། ཕྱིས་ཀྱི་དབང་བསྒྱུར་གྲལ་རིམ་དང་ཆོས་པས་འཕྲི་བསྣོན་བྱས་པའི་རྗེས་ཤུལ་ཡང་ཤེས་ཐུབ།
          དེ་ལས་སྣོད་བཅུད་ཀྱི་དབྱིབས་ནི་སྒོ་ང་འཇོང་མོ་ལྟ་བུའི་དབྱིབས་དང་འབྱུང་བ་ཆེན་པོ་ལྔ་ལས་བྱུང་བར་འདོད་བཞིན་ཡོད་པར་མ་ཟད། སྒོ་ང་དེའི་གྲུབ་ཆར་ཡང་ཕྱི་ནང་གི་ཆ་ཕྱེས་ཏེ་ཕྱི་པགས་ལས་བྲག་རི་སོགས་ཆགས་ཤིང་། ནང་གི་སྒོང་ཆུ་ལས་རྒྱ་མཚོ་ཆེན་པོ་ཆགས་པ་དང་བར་གྱི་སྒོ་ངའི་ངར་ཆའམ་ཉིད་བཅུད་ལས་མི་དང་དུད་འགྲོ་བྱུང་བར་བཤད་ཡོད། གོང་གི་ལྟ་ཚུལ་ལྟར་འཕེལ་འགྱུར་རིག་པའི་ཐབས་ལམ་སྤྱད་དེ་བརྟགས་ན། འདི་ལ་བབ་ཆགས་པའི་དངོས་གཙོ་རིང་ལུགས་ཀྱི་བསམ་བློའི་ལྟ་ཚུལ་ཡོད་པར་མ་ཟད། དེང་གི་ཚན་རིག་རིག་གནས་ཀྱི་བཤད་ཚུལ་དང་ཅུང་ཟད་མཐུན་པའི་ལོ་རྒྱུས་ཀྱི་རིན་ཐང་ཡོད་ཅིང་གཉུག་མའི་དུས་ཀྱི་མིའི་བསམ་བློ་མཚོན་ཡོད་དེ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཚན་རིག་མཁས་ཅན་རྣམས་ཀྱིས།སའི་གོ་ལའི་ལོ་ཚད་ནི་ཕལ་ཆེར་ལོ་དུང་ཕྱུར་ལྔ་བཅུར་ཕྱིན་ཡོད་པར་སྨྲ་ཞིང་། དང་ཐོག་སའི་གོ་ལའི་དབྱིབས་ནི་ད་ལྟ་དང་འདྲ་བཞིན་མེད་ལ།རྒྱ་མཚོ་ནི་རྗེས་སུ་བྱུང་ཞིང་ཆར་ཆུ་དང་གཙང་ཆུའི་རྒྱུན་མ་ཆད་པར་འདྲེས་སྦྱོར་དང་རྫས་རིགས་སྣ་ཚོགས་རྒྱ་མཚོའི་ནང་དུ་ཁྱེར་བར་བརྟེན། རྒྱ་མཚོའི་ནང་དུའང་འདྲེས་སྦྱོར་དངོས་རྫས་གཞན་དང་འཐབ་རྩོད་ཀྱི་འགུལ་སྐྱོད་བྱུང་ཞིང་། འགུལ་སྐྱོད་ལས་ཕན་ཚུན་ལ་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ནས་ཆགས་ཚུལ་རྙོག་འཛིང་ཅན་གྱི་དངོས་པོའི་བརྒྱུད་རིམ་བཤད་ཡོད། ཕྱིས་སུ་འདྲེས་སྦྱོར་དངོས་རིགས་གསར་བ་དང་སྤྲི་དཀར་དབྱིབས་ཅན་གྱི་དངོས་རྫས་ཁ་ཤས་རིམ་བཞིན་བྱུང་སྟེ་ཚེ་སྲོག་གི་དབུ་བརྩམས་ཤིང་། དེ་ནི་འཕེལ་རིམ་ལྡན་པའི་དངོས་རིགས་ཀྱི་མ་ཡུམ་ལ་བགྲང་ཆོག་པར་མ་ཟད་དེ་དག་གི་ཁྱིམ་རྒྱུད་དར་སྤེལ་བྱས་ཏེ་གཞི་ནས་ཕྲ་ཕུང་གི་ལྟེ་བའི་ཐིག་ལེ་ཆགས་ཤིང་དངོས་གཟུགས་བྱུང་རྗེས། སྤྲི་དཀར་ཕུང་བོའང་ཐོན་པར་སྨྲ་ལ་དེ་ནི་ཚེ་སྲོག་གི་དབུ་ཚུགས་ས་ལས་ད་དུང་ཚེ་སྲོག་དངོས་མིན་པའི་ངེས་འཛིན་བྱས་ཡོད་པ་རེད། སྤྲི་དཀར་དེའང་གདོད་མ་ནས་ཡོད་པའི་དངོས་རིགས་ཤིག་མ་ཡིན་ཏེ། དེའི་གྲུབ་ཆ་གཙོ་བོ་ནི་ཏན་སྤྲི་དཀར་དང་ཧོ་སོན་ཡིན་ཞིང་། གདོད་མའི་སྤྲི་དཀར་དེ་ལ་ཕྲ་ཕུང་གི་ཆགས་ཚུལ་མེད་ཀྱང་ཚེ་སྲོག་གི་སྣང་ཚུལ་ཡོད་པས།སོ་སོས་རྙིང་ཚབ་གསར་འབྱེད་བྱེད་ཐུབ་ཚུལ་སོགས་བཤད་ཡོད་པ་རེད།དེང་གི་སྐབས་སུ་སའི་གོ་ལའི་དབྱིབས་ནི་ཟླུམ་གཟུགས་ལ་བྱས་ཡོད་པ་སོགས་ཀྱི་ཆ་ནས། ང་ཚོས་གདོད་མའི་བོད་རང་གི་འཇིག་རྟེན་ལྟ་སྟངས་དེ་ནི་གཉུག་མ་དང་གདོད་མའི་ཞིབ་འཇུག་པ་རྣམས་ཀྱིས་ངག་རྒྱུན་དང་མཐོང་ཐོས་གཞི་གཅིག་ཏུ་བཀོད་པའི་ལྟ་ཚུལ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་པར་མ་ཟད། དེ་ཚོར་ཆོས་ལུགས་སོགས་ཀྱི་བསམ་བློའི་ཤུགས་རྐྱེན་ཐེབས་མེད་པ་བཅས་ཀྱི་གནས་ཚུལ་ཡང་གསལ་བཤད་བྱེད་ཐུབ་པས། དེ་ནི་ལྷ་སྒྲུང་དེ་བྱུང་བའི་གཞིའི་ས་བོན་ཡིན་པའང་ལེགས་པར་རྟོགས་ཐུབ་པ་རེད། དུས་ཚོད་དང་བར་སྟོང་གི་ཆ་ནས་བལྟས་ནའང་། ཁོ་ཚོས་འཇིག་རྟེན་གྱི་དབྱིབས་ནི་སྒོ་ངར་བྱེད་པ་དེ་དཔེ་དོན་མཚུངས་པའི་ཐབས་ཚུལ་གྱི་ར་སྤྲོད་ཐབས་ལེགས་པོ་ཞིག་ཡིན་ཏེ། སྒོ་ང་ལའང་བྱ་དེ་ཁོག་པ་ལས་ཇི་ལྟར་བྱུང་ནས་རིམ་གྱིས་ཕྱི་ནང་གྲུབ་ཚུལ་ལའང་བརྒྱུད་རིམ་ཡོད་པར་མ་ཟད། ཆེས་ཁྱད་དུ་འཕགས་པའི་ལྟ་ཚུལ་ཞིག་ལ་སྒོང་ཆུའི་ངར་ཆའང་ཉིང་བཅུད་ལས་ཚེ་སྲོག་བྱུང་ཚུལ་བཤད་པས། གཉུག་མའི་མི་ཡིས་དཔེ་འགོད་ཀྱི་བསམ་བློའི་ཤུགས་རྐྱེན་ཡོད་པ་གསལ་བོར་ཤེས་ཐུབ། ཡིན་ནའང་།ཕྱིས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་འཁོར་འགྲོས་དང་བསྟུན་ཏེ་སྤྱི་ཚོགས་ཧྲིལ་བོའི་མགོ་ལ་ཆོས་པ་དང་གྲལ་བདག་ཤོར་སྐབས། ཁོང་ཚོས་རང་སྣང་གི་ལྟ་ཚུལ་བརྒྱུད་དེ་སོ་སོས་བརྟེན་པའི་ལྷ་སོགས་ཀྱི་མཐུ་ནུས་ལ་བསྒྱུར་ཏེ། ཆེད་དུ་ལྷ་བྲག་དང་བླ་མཚོ་སོགས་བརྡ་ཆད་ཀྱི་ཁ་སྣོན་དར་བ་རེད། དེའི་སྟེང་ནས་བལྟས་ན་བོད་ཀྱི་ལྷ་སྒྲུང་སྐོར་ཞིག་ལས་གཉུག་མ་དང་གདོད་མའི་དུས་ནས་བརྒྱུད་པའི་བོད་དམངས་ཁྲོད་པ་དག་གི་འཇིག་རྟེན་ལྟ་སྟངས་དང་ལག་ལེན། མཐོང་ཐོས་དངོས་ཀྱི་རྨང་གཞིའི་ཤེས་རིག་གསལ་བོ་མཚོན་པའི་རིན་ཐང་ལྡན་པར་མ་ཟད། ཕྱིས་བྱུང་བན་བོན་རིག་གནས་ཀྱིས་མཚོན་པའི་སྤྱི་ཚོགས་དང་ཤེས་རིག་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རྟོགས་པ་བཅས་ཀྱི་རིན་ཐང་ཡོད་པར་འདོད་ལ། བོད་ཀྱི་ལྷ་སྒྲུང་རང་སྟེང་ནས་གསལ་བོར་བལྟས་ཚེ་རིག་གནས་དེ་དག་གི་དབྱེ་མཚམས་དང་དུས་མཚམས་བཞེད་པར་མེད་དུ་མི་རུང་བའི་བརྡ་ཆད་དང་ནང་དོན་གྱིས་ཁེངས་ཡོད་པ་རེད།
          གདོད་མའི་ལྟ་ཚུལ་དེ་དག་གི་གོ་དོན་ཡུན་རིང་འདས་ཚེ་མི་རྣམས་ལ་ཆ་རྒྱུས་མེད་པར་སུས་བཤད་འདིས་བཤད་མེད་ལ། ཁུངས་ལུང་དང་འགྲེལ་བརྗོད་མེད་སྟབས། སྤྱི་ཚོགས་སྟེང་མི་སྐོར་ཞིག་ཟུར་དུ་བུད་ནས་མང་ཚོགས་ཀྱི་ཚབ་བྱས་ཏེ་འགྲེལ་བཤད་དང་མཆོད་བསྟོད་སོགས་ཆོས་ལུགས་ཆོ་གའི་ལས་བྱེད་བཞིན་ཡོད་པས། གདོད་མའི་འགྲེལ་བཤད་མཁན་པོ་སྐོར་ཞིག་ལྷར་བསྒྱུར་ཏེ་སོ་སོའི་འདོད་མོས་དང་གྲུབ་མཐའི་འཐེན་ཤུགས་ལྟར་ལྷ་སོགས་ཀྱི་ནུས་པར་སྒྱུར་བཞིན་ཡོད་ལ། ལྷ་དེ་དག་གིས་མིའི་རིགས་ཀྱི་འཚོ་བ་ཐག་གཅོད་དང་འཇིག་རྟེན་བསྐྲུན་པར་བཤད་རྗེས། དེ་དག་གི་ནུས་མཐུ་དང་ཆོས་མིང་སྔར་ཡོད་ལྷ་སྒྲུང་གི་ཁྲོད་དུ་བཅུག་ནས་སྒྲིག་གཞི་བཅོས་ན། སླར་ཡང་དུས་རབས་ཀྱི་དགོངས་དོན་མཚོན་པའི་ལྷ་སྒྲུང་གསར་བ་ཞིག་ལ་འཕེལ་ཞིང་། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཚོ་གཅིག་མཐུན་གྱིས“འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། ། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས”ཞེས་པ་ལྟར།ལྷ་སྒྲུང་གིས་ཀྱང་སྤྱི་ཚོགས་དབང་བསྒྱུར་བའི་བསམ་བློ་མཚོན་ཞིང་དབང་ཚུགས་པར་ནུས་པ་ཐོན་ཡོད།
          དེ་བཞིན་མིའི་རིགས་ཀྱི་བྱུང་ཚུལ་ཐད་ནས་ཀྱང་བོད་རིགས་ཀྱི་ངག་རྒྱུན་དངོས་ནི་ལྷོ་ཁ་རྩེད་ཐང་དུ་གནས་པའི་མགོན་པོ་རི་ནས་སྤྲེའུ་དང་བྲག་སྲིན་ལས་བྱུང་བར་འདོད་པ་རེད། འོན་ཀྱང་ཕྱིས་སུ་དེ་ནི་སངས་རྒྱས་ཆོས་ལུགས་པས་སོ་སོའི་གཞུང་ལ་བསྟུན་ཏེ་སྤྱན་རས་གཟིགས་དང་ལྷ་མོ་སྒྲོལ་མའི་སྤྲུལ་བར་བསྒྱུར་པ་ལྟ་བུ་རེད། མཁས་དབང་དུང་དཀར་བས“སྔོན་ཡོད་བོད་ཀྱི་མིའི་འབྱུང་ཁུངས་བཤད་པའི་གཏམ་རྒྱུད་དེ་ལ་བཟོ་བཅོས་དང་ཁ་སྣོན་མ་བྱས་པར་རང་བབས་སུ་བཞག་ན། ནང་བ་སངས་རྒྱས་པའི་ཆོས་ཀྱི་གཞུང་གང་དུའང་དེ་འདྲ་མེད་པས་ཁས་ལེན་ཐབས་བྲལ་བ་དང་། སངས་རྒྱས་ཆོས་ལུགས་བོད་དུ་དར་སྤེལ་གཏོང་དགོས་ན། སངས་རྒྱས་ཆོས་ལུགས་དེ་བོད་མི་རིགས་ཀྱི་རྣམ་པ་ཅན་དུ་འགྱུར་བ་ཞིག་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་མཐོང་ནས་སྔར་ཡོད་ལོ་རྒྱུས་དེ་ལ་ཁ་སྣོན་དེ་འདྲ་ཞིག་བྱ་དགོས་བྱུང་བ་མངོན་གསལ་རེད། ཕྱོགས་གཞན་ཞིག་ནས་སྔར་གྱི་བོད་མིའི་འབྱུང་ཁུངས་བཤད་པའི་གཏམ་རྒྱུད་དེ་བོན་གྱི་ཆོས་ལུགས་ནས་བཤད་པ་མིན་ནམ་སྙམ་པའི་དོགས་པ་ཞིག་དེ་སྔ་ང་རང་ལ་བྱུང་མྱོང་ཡང་། རྗེས་སུ་བོན་གྱི་ལོ་རྒྱུས་ཆོས་འབྱུང་འགའ་ཞིག་མཐོང་བའི་ནང་དུ་དེ་ལ་དགག་པ་བརྒྱབ་པ་གསལ་བོར་མཐོང་བྱུང་བས། གོང་གསལ་གནའ་རབས་ཀྱི་གཏམ་རྒྱུད་དེ་ནི་སངས་རྒྱས་ཆོས་ལུགས་དང་། བོན་ཆོས་གང་གི་ཡང་དྲི་མས་མ་གོས་པའི་ལོ་རྒྱུས་ངོ་མཚར་ཅན་ཞིག་ཡིན་པ་གསལ་པོར་ཤེས་རྟོགས་ཐུབ་པ་བྱུང”ཞེས་བཀོད་ཡོད་པ་རེད། འདི་ལྟར་བལྟས་ན་ང་ཚོས་གཉུག་མ་དང་གདོད་མའི་བོད་ཀྱི་འཇིག་རྟེན་ལྟ་སྟངས་དང་བོན་གྱི་འཇིག་རྟེན་ལྟ་སྟངས་ལའང་ཁྱད་པར་ཆེན་པོ་ཡོད་པ་གསལ་བོ་ཤེས་ལ། དེ་བཞིན་ཆོས་ལུགས་པས་ལོ་རྒྱུས་འཁྱོག་བརྗོད་བྱེད་པའི་དམིགས་ཡུལ་ཡང་ཇེ་གསལ་ཡིན་པ་རེད།
          འདི་ལྟར་འཕེལ་འགྱུར་གྱི་ཐབས་ལམ་སྤྱད་ཚེ། བོད་གཉུག་མ་དང་གདོད་མའི་ཤེས་རིག་གི་ངོ་བོ་ཞིག་ལྷང་ལ་བུད་དེ་གསལ་བོར་བྱས་ཡོད་པས།ང་ཚོས་བལྟས་ན་བོད་ཀྱི་ཤེས་རིག་གི་ཐོག་མའི་ས་བོན་དེ་ལ་འཇིག་རྟེན་པ་དངོས་ཀྱི་མི་ཚེའི་ལག་ལེན་གྱི་གོ་རིམ་གསལ་ཞིང་རྗེས་ཤུལ་ཡོད་པར་མ་ཟད། དེའི་སྟེང་གི་བྱ་དངོས་རྣམས་ཀྱི་གསང་བ་དེའང་རིམ་པ་གཅིག་ཇེ་གསལ་དུ་བཏང་ནས་ཡང་དག་པའི་ཤེས་རིག་ཅིག་གི་ངོ་བོ་མཚོན་ཡོད།བོད་ལ་མཚོན་ན་དེ་འདྲའི་གནའ་རབས་རིག་གནས་ཀྱི་ངོ་བོ་དངོས་གསལ་རྗེན་དུ་མཚོན་པའི་ལྷ་སྒྲུང་མང་པོ་ཡོད་དེ། ད་ལྟའི་སྣོད་བཅུད་གཉིས་ཀྱིས་གྲུབ་པའི་འཇིག་རྟེན་འདི་ཐོག་མར་ཆུའི་གོ་ལ་ཞིག་ཡིན་ཚུལ་མིའི་འགྲོ་བ་རྣམས་ཀྱིས་ཐོག་མར་སྤྲ་མི་ནས་མིར་གྱུར་པ་དང་ནགས་ཁྲོད་ནས་ཟས་སུ་མ་རྨོས་པའི་ལོ་ཏོག་ཟོས་ཤིང་གོས་སུ་ཤིང་ལོ་གྱོན་པ་བཅས་ཀྱི་གཏམ་རྒྱུད་ཡོད་པ་རེད། འདིའི་སྟེང་ནས་མིའི་རིགས་ཀྱིས་ངལ་རྩོལ་ལ་བརྟེན་ནས་རང་ཉིད་འཚར་ལོངས་འབྱུང་དུ་བཅུག་པའི་བརྒྱུད་རིམ་མཚོན་ཞིང་གཉུག་མའི་བོད་ཀྱི་ཤེས་རིག་གནས་བབ་དང་རིན་ཐང་དེ་དེང་གི་ཚན་རིག་ཤེས་བྱ་དང་བསྡུར་ན་རྟོགས་ཐུབ་སྟེ། དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་དབྱིན་ཇིའི་སྐྱེ་དངོས་རིག་པ་བ་ཏར་ཝུན་གྱིས་འགྲོ་བ་མི་ནི་སྤྲ་རིགས་ལས་བྱུང་བར་འགྲེལ་ཏེ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་དཀོན་མཆོག་གིས་མིའི་རིགས་བསྐྲུན་པར་སྨྲས་པ་སོགས་ལ་དགག་པ་ཚ་ནན་བརྒྱབ་ནའང་། ཁོང་གིས་མིའི་རིགས་དེ་སྤྲ་ནས་མི་ལ་གྱུར་ཚུལ་གསལ་བོ་ཞིག་བརྗོད་ཐུབ་ཡོད་པ་མ་རེད། 1876ལོར་ཨེན་ཀེ་སིས《སྤྲ་ནས་མིའི་རིགས་ལ་འགྱུར་བའི་ནང་གི་ངལ་རྩོལ་གྱི་ནུས་པ》ཞེས་པའི་སྐད་གྲགས་ཅན་གྱི་དེབ་ཐེར་དེའི་ནང་སྤྲ་རྣམས་ཐོག་མར་ངལ་རྩོལ་གྱི་ནུས་པར་བརྟེན་ནས་མི་ལ་གྱུར་ཚུལ་འཁོད་ཡོད་པ་རེད། དེར་བལྟས་ན་ང་ཚོས་གཏམ་རྒྱུད་འདིས་རིན་ཐང་བྲལ་བའི་དཔྱད་གཞིའི་རྒྱུ་བསྐྲུན་ཡོད་པ་གསལ་བོ་རེད།
          དེ་ལྟར་བོད་ཀྱི་ལྷ་སྒྲུང་གཞན་ཞིག་ལ། “ཇོ་མོ་གླང་མའི་ཡུལ་ཕྱོགས་དེ་ནི་རྒྱ་མཚོ་ཆེན་པོས་བཟུང་ཞིང་། རི་ངོས་ཐམས་ཅད་ནགས་ཚལ་རྒྱས་ཤིང་ཡིད་དུ་འོང་བའི་རྩི་ཤིང་དང་མེ་ཏོག་སྣ་ཚོགས་རྣམ་པར་བཞད། གནས་དེ་རུ་དགོ་བ་དང་གཙོད་སོགས་སྲོག་ཆགས་དུད་འགྲོའི་རིགས་རྣམས་རང་དགར་རྒྱུ་ཞིང་འཚོ་ལ། ཁུ་བྱུག་ལ་སོགས་པ་འདབ་ཆགས་ཀྱི་རིགས་རྣམས་སྣང་བ་སྐྱིད་པའི་གླུ་དབྱངས་ལེན། རིའི་རྩེ་མོ་དགུང་ལ་བསྙེགས་ཤིང་སྤྲིན་དཀར་གྱི་འདབ་མས་མཛེས་པར་བརྒྱན་པས་ཉམས་དགའ་བའི་ཡུལ་ལྗོངས་ཆེས་ཕུན་སུམ་ཚོགས་པ་ཞིག་ཏུ་མངོན། ཡིན་ཡང་དུས་ནམ་ཞིག་གི་ཚེ་རྒྱ་མཚོ་ཆེན་པོ་ལས་དུག་སྦྲུལ་མགོ་ལྔ་བ་ཅན་ཞིག་ཐོན་ཏེ། རྒྱ་མཚོའི་རྦ་རླབས་དྲག་ཏུ་གཡོས་པས་རྩྭ་ཤིང་མེ་ཏོག་རྣམས་བརླགས་ཤིང་གཏོར། འདབ་ཆགས་དུད་འགྲོ་སོགས་ལ་འཇིགས་པ་ཆེན་པོ་བྱུང་བས་འགྲོ་ཁུངས་མེད་པར་གྱུར་སྐབས། ནམ་མཁའ་ནས་སྤྲིན་གྱི་འདབ་མ་ལྔ་བསླེབས་བྱུང་བ་དེ་ལྷ་མོ་ལྔ་རུ་གྱུར་ཏེ། དུག་སྦྲུལ་བཏུལ་ཏེ་འདབ་ཆགས་དུད་འགྲོ་རྣམས་འཇིགས་པ་ལས་བསྐྱབས་པ་དང་དེ་རྣམས་ཀྱིས་རེ་ཞུས་ལྟར་ལྷ་མོ་ལྔ་བོའང་གནས་དེར་གཏན་སྡོད་བྱེད་རྒྱུ་ཁས་བླངས་ཏེ་དེ་རྣམས་སྲུང་བར་མཛད། དུས་དེ་ནས་བཟུང་ལྷ་མོ་ལྔ་བོ་དེ་ཇོ་མོ་གླང་མའི་ཡུལ་ཕྱོགས་དེའི་ལྷ་རུ་གྱུར་ཅིང་མི་རྣམས་ཀྱིས་ཚེ་རིང་མཆེད་ལྔ”ཞེས་སུ་འབོད། དེ་ཡང་མཐིང་གི་ཞལ་བཟང་མ་ནི་མི་ཡུལ་གྱི་མངོན་ཤེས་དང་ཤེས་རབ་སྐྱོང་བའི་ལྷ་རུ་འདོད་པ་དང་།བཀྲ་ཤིས་ཚེ་རིང་མ་ནི་ཚེ་དང་བསོད་ནམས་སྐྱོང་བའི་ལྷ། མི་གཡོ་བློ་བཟང་མ་ནི་ཞིང་ལས་རྨོ་འདེབས་སྐྱོང་བའི་ལྷ། གཏན་དཀར་འགྲོ་བཟང་མ་ནི་ཕྱུགས་ལས་ཐོན་སྐྱེད་སྐྱོང་བའི་ལྷ། ཅོད་པན་མགྲིན་བཟང་མ་ནི་རྒྱུ་ནོར་ལོངས་སྤྱོད་སྐྱོང་བའི་ལྷ་སོགས་སུ་འདོད་བཞིན་ཡོད་པ་རེད།
          བཤད་རྒྱུན་འདི་ལས་ང་ཚོས་ཐོག་མར་དོན་དག་ཆེན་པོ་གསུམ་འགྲེལ་བཤད་ཐུབ་པས། དང་པོ་ནི་སྐབས་དེར་རྒྱ་མཚོ་ཆེན་པོ་སྐྱོམ་པའམ་རང་བྱུང་ཁམས་ཀྱི་སད་སེར་ཉམས་ཉེས་ཀྱི་གནོད་འཚེ་ཆེན་པོ་ཞིག་བྱུང་བ་མཚོན་ཞིང་། གཉིས་པ་ནི་ཞིང་ལས་རྨོ་འདེབས་དང་ཕྱུགས་ལས་ཐོན་སྐྱེད་སོགས་གདོད་མའི་སྤྱི་ཚོགས་འཚོ་བ་དང་དེར་འགོ་བ་ཡོད་ཅིང་དེ་དག་ཚང་མ་ལྷ་དང་ལྷ་མོའི་གཟུགས་སུ་བྱས་ཡོད་པ་དེ་རེད། འདིར་བལྟས་ན་ཡང་གནས་ཚུལ་གོང་ལྟར་ཕྱིས་ཀྱི་ཆོས་ལུགས་བསམ་བློའི་ཤུགས་རྐྱེན་ཆེན་མོ་བགོས་ཡོད་ནའང་། དེའི་ཤུགས་བསྟན་ནམ་ལྷ་སྒྲུང་གི་བྱུང་རིམ་ལས། ཡ་ཐོག་གི་དུས་རབས་གཉིས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཉིང་བསྡུས་ཀྱིས་མཚོན་པར་བྱས་ཡོད། དང་པོ་ནི་རང་བྱུང་གནོད་འཚེ་མ་བྱུང་སྔོན་གྱི་སྤྱི་ཚོགས་གནས་བབ་བམ་དུས་རབས་ཡིན་ལ། གཉིས་པ་ནི་རང་བྱུང་གནོད་འཚེ་བྱུང་རྗེས་ཀྱི་དུས་ཡུན་རིང་མོའི་གོ་རིམ་ཁྲོད་ཀྱི་དུས་རབས་ཡིན། དེ་གཉིས་གང་ཡིན་ཡང་མི་རྣམས་ཀྱི་སྤྱི་ཚོགས་གསར་བ་ཆགས་ཤིང་ལམ་ལུགས་གསར་བ་རྒྱས་པའི་གོ་རིམ་ཞིག་ཡོད་ཅིང་ལྷ་སྒྲུང་ལས་དེའང་གསལ་བོར་མཚོན་ཡོད་པ་རེད། ལྷ་སྒྲུང་གི་འཕེལ་རིམ་ལྟར་དཔྱད་ན་སྐབས་དེར་རིམ་གྱིས་བོད་ཀྱི་སྤྱི་ཚོགས་སྟེང་ཞིང་ཕྱུགས་མཉམ་ལས་སམ་སྤྱི་ཚོགས་ལས་རིགས་ཁག་དར་ཡོད་པར་མ་ཟད། ཡོངས་གྲགས་ཀྱིས་མིའི་རིགས་ཀྱི་ངལ་རྩོལ་ལ་ཁྱད་པར་བྱུང་སྟེ། རིམ་གྱིས་ཀླད་ཤུགས་དང་ལུས་ཤུགས་ཀྱི་ཕྱོགས་གཉིས་སུ་གྱེས་པའང་མཚོན་བཞིན་ཡོད་དེ། ཚེ་རིང་མཆེད་ལྔ་ཞེས་སུ་འབོད་པའི་ལྷ་མོ་དག་གིས་སྐབས་དེའི་ཞིང་བདག་དང་ཕྱུགས་བདག་གྲལ་རིམ་གྱི་ཁྱད་པར་ཡང་གསལ་བོར་བསྟན་ཡོད་པ་རེད།།
          རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི2011ལོའི་ཞིབ་འཇུག་སློབ་མ་ཡིན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716