སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དཔེ་ཀློག་ཐད་ཀྱི་ཉམས་ཡིག
སྤེལ་དུས། 2017-09-22   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རྡོ་རྗེ་ཁྱུང་གྲགས།
          རང་བློའི་རྟོགས་པ་ཇེ་མཐོར་གཏོང་ཕྱིར་དཔེ་ཆ་ཀློག་པའི་ལེགས་ལམ་དུ་ཞུགས་པ་ཡིན་ལ། དེའི་ངང་ཚུལ་ནི་བུས་པའི་པང་དུ་སྦྲུལ་ཞུགས་པའམ་སྒེག་མོའི་སྐྲ་ལོར་མེ་མཆེད་པ་ཕྱིར་བཟློག་པར་བརྩོན་པའི་ཚུལ་དང་ཀུན་ནས་མཚུངས་སོ་ཞེ་ན་ཐལ་ཆེ་མོད། འོན་ཀྱང་ཉིན་ཕྱེད་ཙམ་ལ་དཔེ་ཆ་མ་བཀླགས་པའམ་ཕྱི་རྐྱེན་སོགས་ཀྱིས་ཀློག་མ་ཐུབ་ཚེ་དངོས་གནས་འདུག་བཟོད་མེད་པ་ལྟ་བུའི་ཚོར་བ་འབྱུང་། དེ་ནི་ཕལ་ཆེར་གསོས་ཕག་བྲ་ཞིང་དུ་ཁ་ཉོག་པའི་དཔེ་དང་ཆ་འདྲ་བར་སྙམ།
          ད་ལྟ་བོད་ཁུལ་གྱི་ཀློག་པ་པོ་ཕལ་མོ་ཆེ་ཡིས་རྒྱ་ཡིག་དང་བོད་ཡིག་གཉིས་ལ་བརྟེན་ནས་དཔེ་ཆ་ཀློག་བཞིན་ཡོད་ལ། དེ་དག་ལས་མང་ཆེ་ཤོས་ཤིག་གིས་རྒྱ་ཡིག་གཙོར་བྱས་ཏེ་བོད་ཡིག་གི་བྲིས་རྩོམ་ཕྱི་མ་རྣམས་ཀློག་གིན་འདུག དེ་ཡང་ཚུལ་ལུགས་བཟང་བོ་ཞིག་ཏུ་འཁུམས་མོད། འོན་ཀྱང་ཁོ་བའི་བསམ་ཚོད་ལ་བོད་ཡིག་བསྟན་བཅོས་སྔ་མ་རྣམས་ལ་ཅིས་ཀྱང་མིག་ཉུལ་རེ་བྱེད་དགོས་སྙམ། དེ་ལྟར་མ་བྱུང་ཚེ། ད་ལྟའི་འཆད་སྲོལ་དང་གནའི་རྗོད་སྟངས་གཉིས་ཀྱི་བར་ལ་འབྲེལ་ཐག་མེད་པའམ་ཆད་དེ། གོ་བརྡ་སྤྲོད་སྟངས་ཕུང་གསུམ་པ་ཞིག་འབྱུང་བཞིན་པའི་སྣང་བ་སྟེར།
          རྒྱའི་བསྟན་བཅོས་སྤྱིའི་སྐད་དང་ཕལ་སྐད་གཉིས་ཀྱི་བར་ལ་ཁྱད་པར་ཆེ་སྟེ། བསྟན་བཅོས་སྤྱིའི་སྐད་རྣམས་ཟོར་ཡང་ཞིང་འདུ་ཕུལ་ཆེ་ལ། ཕལ་སྐད་ཀྱིས་བྲིས་པ་རྣམས་གོ་བ་ལོན་སླ་ཞིང་མང་ཚོགས་དང་ཁད་ཐག་ཉེ་བས། དེ་གཉིས་གང་ལ་ཡང་དགེ་སྐྱོན་གྱི་ཆ་རེ་མཆིས་མོད། མང་ཚོགས་སྤྱི་ལ་གཞིགས་ཏེ་ཕྱི་མ་བདམས་ནས་ཁྱབ་གདལ་དུ་སྤེལ་པ་ཡིན། འུ་བུ་ཅག་གི་བསྟན་བཅོས་སྔ་མའི་སྐད་དང་ད་ལྟའི་རྗོད་སྟངས་གཉིས་ནི་རྒྱའི་དེ་དང་མི་འདྲ་བར། བསྟན་བཅོས་སྔ་མའི་སྐད་རྣམས་གོ་བ་ལོན་སླ་ཞིང་འཚོ་བ་དང་འཐིམ་འདྲེས་ཆེ་ལ། ད་ལྟའི་རྗོད་སྟངས་ནི་སྦྱོར་བ་གྱོང་ཞིང་ཚིག་ཉོག་མོད་ལ། གང་ལ་ཡང་མ་གྲགས་པའི་རང་དགར་སྦྱར་པའི་བརྡ་ཆད་མང་། དེ་བས་ཁོ་བོས་ལྟ་རྒྱ་ཆེ་མདོག་གིས་རྒྱ་བོད་ཀྱི་དཔེ་གཞུང་མང་བོའི་མཚན་ནས་མི་སྨྲ་བར། བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་ཁག་ལས་རྩོམ་ཡིག་འབྲི་སྦྱོང་ལ་མཆོག་ཏུ་སྨན་པའི་དཔེ་ཆ་འགའ་ངོ་སྤྲོད་ཞུ་བ་ལ།
དང་པོ།
          འཇམ་མགོན་མི་ཕམ་པས“ཆགས་སྡང་སྙེམས་པ་མཐོ་བའི་ཁ་འུར་དང་།། གཞན་ལ་རྫུན་ལྷོངས་འདེབས་པའི་མུན་སྤྲུལ་དང་།། སྐབས་མིན་རང་བསྟོད་ཆེ་བའི་ཚིག་འཁྱལ་རྣམས།། གཟུ་བོར་དཔྱད་ན་གཏམ་གྱི་ཉེས་པ་ཡིན”ཅེས་གསུངས་པ་ལྟར། གྲུབ་མཐའི་སྡང་ཞེན་དང་རྦད་གཏམ་འཇིགས་ཡེར་བོ་རྣམས་ལོགས་སུ་བསྐྱུར་ནས་ཀུན་སློང་བཟང་བོས་མཚམས་སྦྱར་ཏེ་གླེང་དགོས་བྱུང་ལ། དེ་ཡང་བོད་ཀྱི་གྲུབ་མཐའ་ཁག་ལས་བཀའ་གདམས་པའི་དགེ་བཤེས་དང་སྟོན་ཆེན་དེ་ཚོ་ནི་ངེས་པ་དོན་གྱི“ཀུན་དང་མི་མཐུན་པའི་” ཆོས་པ་རྣལ་མར་འདུག་ལ། དེ་དག་གི་སྤྱོད་ལམ་དང་ཞལ་སྒྲོས་རྣམས་ལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་རེ་འདུག་ཅིང་། སྒོས་སུ་ཞལ་ནས་གསུངས་པ་རྣམས་གཏམ་རྒྱུད་ལ་སྦྱར་པ་ཤས་ཆེ་ཁར། ཚིག་སྦྱོར་བདེ་ཞིང་ལྷོད་ཤ་དོད་ལ། ཕལ་སྐད་གཙོར་བཏོན་ནས་རང་རེའི་ཤེས་རྒྱུད་དང་འཚོ་བ་ལ་ཀུན་ནས་འདྲེས་སུ་བཅུག་ཡོད།
          《བཀའ་གདམས་ཕ་ཆོས》དང་《བཀའ་གདམས་བུ་ཆོས》དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱི་གསུང་ངག་ཉེ་བར་མཁོ་བ་རྣམས། དགེ་བཤེས་དོལ་བ་ཤེས་རབ་རྒྱལ་མཚན་གྱིས་ཕྱོགས་གཅིག་ཏུ་བསྡེབས་ཤིང་བསྒྲིགས་པའི《བེའུ་བུམ་སྔོན་མོ》དང་དེའི་འགྲེལ་བ་ལྷ་འབྲི་སྒང་པས་མཛད་པས། ﹙མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》གི་དེབ་བཅུ་དྲུག་པ﹚པོ་ཏོ་པའི《དཔེ་ཆོས》དང་དེའི་འགྲེལ་བ་གྲུབ་ཐོབ་ལྕེ་སྒོམ་པས་མཛད་པའི《དཔེ་ཆོས་རིན་ཆེན་སྤུངས་པ》﹙《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》གི་དེབ་བཅུ་བདུན་པ﹚སོགས་ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་བསྟན་བཅོས་དགའ་རབས་མང་དུ་ཡོད།
          དེ་དག་ལས《དཔེ་ཆོས་རིན་ཆེན་སྤུངས་པ》ལ་མཚོན་ན། དགེ་བཤེས་པོ་ཏོ་པས་བློ་སྦྱོང་སྐོར་གྱི་དོན་གནད་མང་བོ་སྐབས་དེའི་དཔེ་དང་སྦྱར་ནས་ཞལ་སློབ་ཡོངས་ལ་བཀའ་མཆིད་བགྱིས་པ་རྣམས་བསྡུས་དྲགས་པས། གྲུབ་ཐོབ་ལྕེ་སྒོམ་པས་འགྲེལ་བ་བརྩམས་ཏེ་མཚན་ལ《རིན་ཆེན་སྤུངས་པ》ཞེས་སུ་གསོལ། ཕྱིས་ཀྱི་དོན་གཉེར་པ་རྣམས་ལ་པོ་ཏོ་པའི《《དཔེ་ཆོས་རིན་ཆེན་སྤུངས་པ》ཞེས་རྒྱུན་འཇགས་སུ་གྱུར་ལ་དོན་ལ་ཡང་འགལ་བ་ཆེར་མེད། དེ་ཡང་ཡུལ་སྐད་དང་བརྡ་རྙིང་གིས་བཅིངས་དྲགས་པས་གོ་དཀའ་ཙམ་དུ་ཡོད་པ་ལ། རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་གིས་ལྕེ་སྒོམ་པ་ཤེས་རབ་རྡོ་རྗེ་ཡིས་མཛད་པའི་འགྲེལ་བ་གཞིར་བཟུང་ནས། དཔེ་ཁྲིད་མཛད་དེ་སྒྲ་ཐག་ཏུ་ཕབ་པ་རྣམས་ཁོ་བོའི་དགེ་རྒན་དམ་པ་འཇམ་དབྱངས་གྲགས་པ་ཚང་གིས་ཡི་གེར་བཀོད་དེ། 《རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ》﹙པོད་དྲུག་གི་བདག་ཉིད་ཅན﹚གྱི་པོད་གསུམ་པའི་ཐད་དུ་བཅུག་ཡོད་པས། དེ་དག་རྣམས་བཤིབས་ཏེ་བལྟས་ན་སྨག་ལ་མར་མེ་བཏེགས་པ་ལྟ་བུ་ཞིག་ཡིན་ངེས་ལགས།
          རྒྱའི་གཏམ་དཔེ་འབྲུ་བཞི་མ་རེ་ལ་གཏམ་རྒྱུད་མཚར་བོ་རེ་ཡོད་པ་ཇི་བཞིན་དུ། པོ་ཏོ་པའི་དཔེའི་ལམ་རིམ《དཔེ་ཆོས་རིན་ཆེན་སྤུངས་པ》ན་ཡང་དཔེ་ཆོས་ཕལ་མོ་ཆེ་ལ་ཡིད་དབང་འཕྲོག་པའི་གཏམ་རྒྱུད་རེ་ཡོད། ད་ལྟ་དེ་རྣམས་ཡིག་རྩོམ་དུ་སྤྱོད་མཁན་མེད་པས་ཕལ་ཆེར་སུ་ལ་ཡང་རྒྱུས་འདྲིས་མེད་པའི་ཚོད་དུ་འདུག འོན་ཀྱང་དེ་དག་ནི་ཏག་ཏག་ལ་སྔོག་ལེན་བྱེད་དགོས་པའི་དོན་དུ་འདུག་སྟེ། དཔེ་ཆོས་དེ་རྣམས་ཚིག་ཉུང་ལ་བཅུད་འདྲིལ་བས་སྐབས་དོན་དང་སྦྱར་ན་དོན་གསལ་བར་བྱེད་པ་ལ་ཤིན་ཏུ་དགེ དཔེར་ན། ཞལ་ཕོ་ཆེས་ཆེར་སྒྲོགས་ཀྱང་ལག་ལེན་གྱིས་འགག་རྩར་གཏུགས་དུས་སྙིང་བོ་མེད་པ་ལ“ཤིང་གི་རང་འཐག”དང་། ཡོན་ཏན་ཕྱི་རུ་མི་ངོམ་པ་ལ“བུམ་ནང་མར་མེ།”རང་ཚུགས་ལ་བཅས་བཅོས་བྱས་ནས་ཆེན་པོར་བརྫུ་བ་ལ“པགས་སྔོན་ཝ།”དང་པོ་ཐོས་བསམ་ལ་ཚུལ་བཞིན་འཇུག་དུས་ང་རྒྱལ་བསྐྱུང་དགོས་པ་ལ“རྐ་མགོ་སྨད།”གོང་དུ་བསྟད་ཀྱང་འབྲས་བུ་མི་འབྱིན་པ་ལ“འོག་མེད་གླང་འདྲ”སོགས་མང་དུ་ཡོད་ལ། དེ་བཞིན་དུ《བེའུ་བུམ་སྔོན་མོ》ན་ཡང་ལེགས་བཤད་རྨད་དུ་བྱུང་བ་མང་སྟེ། དགེ་རྒན་གྱིས་ལས་དང་པོ་བའི་གསར་སློབ་ལམ་དུ་བཀྲི་བ་ལ། “མཛངས་མ་བུ་གཞོན་ཇི་ལྟར་སྐྱོང་བཞིན།། འཇུ་བའི་ཚོད་དང་སྦྱར་བར་སྦྱིན་བྱ།། ཆེ་བཟང་སྔོན་དུ་བྱིན་ན་འཆི་འགྱུར།། གོང་དུ་འཕེལ་བ་ཤིན་ཏུ་རིངས་ཀྱང་།། དེ་ལྟར་སྐྱོང་ལས་གཞན་པའི་ཐབས་མེད།། དབུལ་པོས་ས་བོན་བཏབ་མ་ཐག་ཏུ།། འབྲས་བུ་རིངས་ཀྱང་ཐབས་མེད་དེ་འདྲ”ཞེས་ཐེམ་པ་རིམ་བརྒལ་གྱི་ཚུལ་དུ་བུ་སློབ་སྐྱོང་བའི་ཐབས་བསྟན་པ་སོགས་ལེགས་བཤད་རྨ་མེད་པ་མང་དུ་ཡོད་པས། བརྒྱ་ཚར་སྟོང་ཚར་དུ་བཟློ་བ་ལས་ཀློག་པ་པོས་ཐེངས་གཅིག་མཇལ་ན་དོན་གྱི་གསེར་ཞལ་དྲོན་མོ་མངོན་དུ་མཇལ་ཡོང་།
          སྤྱིར་བཀའ་གདམས་པའི་དགེ་བཤེ་སམ་སྟོན་པ་དག་གི་ངག་གཏམ་རྣམས་ཐར་ཐོར་དུ་བྱས་ནས་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཀྱི་ཁོངས་སུ་ཁྱབ་ཡོད་ལ། གྲུབ་མཐའ་གང་ཡིན་ཀྱང་དེ་དག་གི་གསུང་ཚིག་རྩིས་ཆེན་བྱེད་ཀྱིན་གདའ། ལས་དེ་འདྲ་ཞིག་ལ་དམིགས་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད》ཅེས་པའི་དེབ་ཅིག་རྩོམ་སྒྲིག་བྱས་ནས་བཀྲམ་ཡོད་ལ། དེ་ན་ཇོ་འབྲོམ་ཡབ་སྲས་དང་། སྐུ་མཆེད་གསུམ། གཞན་དེ་དག་ལས་མཆེད་པའི་བཀའ་གདམས་གཞུང་པ་བ་དང་མན་ངག་པ་རྣམས་ཀྱི་སློབ་རབས་དག་གི་གསུངས་སྒྲོས་མང་བོ་སྡེབ་གཅིག་ཏུ་བཀོད་ཡོད་པས། ཀློག་བདེ་ཞིང་བཀླགས་ན་གོ་བ་ལོན་སླ་ལ་གནའ་དྲི་མ་ཡལ་པའི་ཚིག་སྦྱོར་དེ་དག་གིས་ཡིད་ལ་དགའ་བ་སྟེར་སྲིད་ཅིང་། བོད་ཀྱི་ཆོས་པ་སྔ་མ་དག་གི་རང་ཞལ་ནག་ནོག་མ་ཤོར་པ་དག་ཀྱང་བསྐྱར་དུ་མཐོང་ལམ་དུ་བསྟར་ནས་མངོན་སྲིད་པས། བསྟན་བཅོས་དེའི་རིགས་ཀློག་དུས་རང་ཉིད་ཀྱི་ཞེ་འདོད་ལྟར་དུ་ཟུར་དང་སྣེ་གང་ཞིག་ནས་ཀྱང་གཞལ་ཆོག་པས་ཚང་མ“རྩ་བ”ཡིན་ལ། ཚང་མ“ཡལ་ག”ཡང་ཡིན་པས། “རྩ་བ་བོར་ནས་ཡལ་གར་འཇུས་སོང”སྙན་པའི་བློ་དོག་སེམས་ཀུམ་གྱི་སྣང་བ་རྣམས་སྤྲིན་བཞིན་དེངས་པར་རིགས།
          འདི་ནས་ཟུར་དུ་ཞུ་དགོས་པ་ཞིག་ལ། ཇོ་བོ་རྗེའི་ཞལ་སློབ་ལ་ཁུ་རྔོག་འབྲོམ་གསུམ་ཞེས་ཉི་ཟླ་ལྟར་གྲགས་ཆེ་མོད། འོན་ཀྱང་འབྲོམ་སྟོན་པའི་རྣམ་ཐར་དང་ཞལ་སྒྲོས་མང་ཙམ་མཐོང་རྒྱུ་ཡོད་པ་ལས། ཁུ་རྔོག་གཉིས་ཀའི་ཐད་ནས་ཅུང་ཉུང་། སྒོས་སུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ཉིད་རང་སྣང་མཐོ་ཞིང་ཞེ་དོག་རྒྱུད་རྩིང་ལྟ་བུ་ཞིག་ཏུ་བྱས་འདུག ཁུ་སྟོན་མཆོག་གསན་གཟིགས་ཀྱི་རྒྱ་ཆེ་ལ་འཁོར་སློབ་མང་དུ་ཡོད་པ་ཚང་མས་ཁས་འཆེས་ལ། གང་ལ་ཡང་གསེད་གསེས་དང་ཚམ་ཚོམ་མེད་པར་འཇུག་མཁན་ཞིག་མིན་པ་འདྲ་སྟེ། ཁོང་གིས་དཔེ་ཁྲིད་གནང་སྐབས“ཇོ་བོ་ཨ་ཏི་ཤས་འདི་སྐད་གསུངས། བོད་སྔ་རབས་པས་འདི་སྐད་གསུངས”ཞེས་ཤན་ཕྱེ་སྟེ་སློབ་བུའི་ཚོགས་ཀྱི་བསམ་རྒྱུ་མུ་མེད་དུ་བརྐྱངས་པར་མཛད་ལ། རང་ཉིད་ཀྱིས་ཀྱང་དེ་ལྟར་གནང་བཞིན་ཡོད་པ་སྨོས་ཅི་དགོས། 《བཀའ་གདམས་ཕ་ཆོས》དང་《བཀའ་གདམས་བུ་ཆོས》སོགས་སུ་ལན་རེར་བལྟས་པས་ཀྱང་། ཁོང་གི་“སྙུང་བུ་སྒྱེའུའི་ནང་དུ་བཅུག་ཀྱང་རྩེ་མོ་རྣམས་ཕྱིར་ཟིང་ངེར་བུད་པའི”ཚུལ་མཐོང་ཐུབ་པས། དངོས་གནས“སོགས་སྒྲའི་ཁོངས་སུ་མི་འདུ་བའི”﹙འདི་ལ་གཏམ་རྒྱུད་མཚར་བོ་ཞིག་ཡོད﹚དགེ་བཤེས་རུས་པ་ཅན་ཞིག་ཡིན་ཤག་ཤག་རེད། དེ་ལྟར་ཡིན་ཀྱང་། རྒྱུ་མཚན་མང་བོ་ཞིག་གིས་ཁོང་གི་རྣམ་ཐར་དང་ཁོང་གིས་མཛད་པའི་བསྟན་བཅོས། གསུང་ཐོར་བུ་རྣམས་བུ་སློབ་དག་གིས་བརྗེད་ཐོབ་བཀོད་པ་རྣམས་མེད་བརླགས་སུ་བཏང་བའམ། ཡང་ན་ཕྱིར་ཁྱབ་ཏུ་མ་བཅུག་པ་ཡིན་ཤས་ཆེ་སྟེ། ད་ཆ་ཤིན་ཏུ་མཐོང་དཀོན། དེ་བས་གཟུ་བོར་གནས་པའི་ཤེས་ལྡན་ཚོས་དེའི་ཕྱོགས་ནས་རིན་ཐང་ཅན་རེ་ཨེ་རྙེད་ལ་འབད་པ་གནང་རྒྱུ་གནད་དུ་ཆེའོ།།
གཉིས་པ།
          བོད་ཀྱི་གྲུབ་མཐའ་སོ་སོའི་མཁས་གྲུབ་དམ་པ་དག་གིས་བསྟན་བཅོས་རྩོམ་དུས་ཚིག་སྦྱོར་སྤེལ་སྟངས་དང་། དཔེའི་འགོད་ལུགས། ཚིག་གི་གྲིམ་ལྷོད། ཆོས་སྐད་སྤྱོད་སྟངས་སོགས་ལ་རང་རང་གི་གནས་ན་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པས། དེ་ལ་རྒྱལ་བའི《མདོ་རྒྱུད》ཚད་ཐུབ་ཀྱི་ཁུངས་ཡོད་མེད་ལས་བརྩམས་ཏེ། དགག་བཞན་སྣ་ཚོགས་ཀྱི་མེ་ཆར་སྤྲོ་བ་ལ་བློ་གཟུ་བོས་དཔྱད་པ་བཏང་ན། དེ་ནི་ཞེན་བལྟས་བཅིངས་པའི་གཏམ་དུ་ངེས་ཏེ། སྐད་ཆ་ནི་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ཡིན་ལ། དེ་ཡིག་རིས་སུ་ཕབ་ནས་ནང་དོན་འབྱིན་པ་ལ། བོད་རང་གི་རང་སྐད་རྣལ་མ་དང་ཆ་མཐུན་མིན་ནི་གཙོ་བོ་བས་ཀྱང་གཙོ་བོ་ཡིན་རྒྱུ་ལས། གཞན་དུ་ཡིན་མིན་གྱི་རྣམ་གཞག་བྱེད་པ་ལ་དགོས་གལ་ཆེར་མེད་པར་སེམས།
          གསང་སྔགས་སྔ་འགྱུར་བའི་མཁས་གྲུབ་དག་གི་གསུང་ཆོས་ལ་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ཞིག་འདུག་སྟེ། ལྷོད་ཆ་དེའི་ནང་གི་གྲིམ་ཆ་དང་། འཇམ་ཤ་དེའི་ནང་གི་རང་སྟོབས་དེས་སྙན་ངག་ལ་སྦྱངས་པ་སྔོན་དུ་སོང་བ་ཞིག་ཡིན་ཕྱིན་ཞེ་མཐིལ་ནས་སྤྲོ་ལྷང་ངེར་གཏོང་ངེས། དེ་ལ་པད་མ་མཁྱེན་བརྩེ་འོད་ཟེར་རམ་རང་བྱུང་རྡོ་རྗེའི《བསྟོད་པ་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ》དང་། 《ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་ཞལ་གདམས་ཐོར་བུར་བཀོད་པ》﹙《འཇིགས་གླིང་པོད་དགུ》སྣ་རིང་ལྕགས་པར་དུ་བཏབ་པ་ན་ཡོད་ངེས﹚། འཇམ་དབྱངས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》དང་། 《རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་རྩོམ》པོད་དང་པོ། 《དཔལ་སྤྲུལ་བཀའ་འབུམ》ལས་ཉ་པོད་དེ་དེབ་བརྒྱད་པའི་མགུར་ཚོགས《ཚུངས་དོན་མན་ངག་རྡོ་རྗེའི་ཐོལ་གླུ་སྤྲོས་བྲལ་སྒྲ་དབྱངས》སོགས་ལ་ཅི་ནས་ཀྱང་ལྟ་ཀློག་ཐེངས་འགའ་བྱེད་དགོས་ཏེ། དེ་ལྟར་མ་བྱུང་ཚེ་བོད་རང་སྐད་ཀྱི་རང་མདོག་མ་ཡལ་པའི་ཐ་སྙད་ཁག་ཅིག་དང་། དཔེའི་འགོད་སྟངས་མང་བོ་ཞིག་སྟོང་བའི་དབྱིངས་སུ་འཐིམ་བཞིན་འདུག དེ་སྔར་ཁོ་བོས《དཔལ་སྤྲུལ་བཀའ་འབུམ》གྱི་ཉ་པོད་ཀློག་དུས། སྙན་རྩོམ་འདི་འདྲ་ཞིག་ལ་ཕྲད་མྱོང་སྟེ། “མི་རྟག་སྡུག་བསྔལ་གྲོང་ཁྱེར་འཁོར་བ་ཡི་གནས་རིས།། ཕྱི་ནང་གང་ལ་བསམས་ཀྱང་སྐྱོ་ཤས་ཀྱི་སྣོན་མ།། སྡུག་བསྔལ་ཟད་མཐའ་མེད་པའི་སྣང་ཚུལ་འདི་མཐོང་ནས།། སེམས་ཡོད་སྐལ་བཟང་ཡོད་ན་ཐར་ལམ་ལ་སྙོགས་རན།།……”ཞེས་པ་རྣམས་རེད། བཀླགས་རྗེས་ཡིད་དངོས་སུ་གསལ་ལྷང་ངེར་ངེས་པ་དོན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་སྙན་རྩོམ་རྣམས་དྲན་ཡོང་། དེ་གཉིས་ཀྱི་ཚིག་སྦྱོར་གྱི་ལྷོད་ཤ་དང་དེའི་ཐོལ་བྱུང་གི་ངང་ཚུལ། ཚེག་བར་སྡེབ་སྟངས་དང་། ཐ་སྙད་ཀྱི་སྦྱོར་ཚུལ་སོགས་ལ་ཆ་འདྲས་མང་དུ་འདུག སྒོས་སུ་ཚེག་བར་བཅུ་གཅིག་ཅན་གྱི་འབྲི་སྟངས་དེ་རྙིང་མ་པའི་ཕྱོགས་སུ་ཅུང་རྒྱུགས་ཆེ་ལ། དགེ་འདུན་ཆོས་འཕེལ་མཆོག་ལ་ཡང་དེའི་རྩོམ་གཤིས་ཀུན་ནས་འབྱོར་པ་གང་ནས་གཞིགས་ཀྱང་རྟོགས་ཐུབ་པས། ཕྱིས་ཀྱི་ཞིབ་འཇུག་པ་ཚོས་ཀྱང་དེའི་ཟུར་སྣེ་ནས་ཁོང་གི་སྙན་རྩོམ་ལ་དཔྱད་ཞིབ་བཏང་ན་དོན་དང་མཐུན་ཞིང་རིན་ཐང་ཆེ་བར་སྙམ།
          《བཀའ་ཐང་སྡེ་ལྔ》ལ་དགེ་འདུན་ཆོས་འཕེལ་མཆོག་གིས་ཀྱང་དཔྱད་འཇོག་མི་དམན་པ་གནང་ཡོད་ལ། དེ་ལས་ང་ཚོས་བོད་ཀྱི་ལོ་རྒྱུས་དང་། ཡུལ་ཆོས། གནའ་བོའི་གོ་བརྡ་སྤྲོད་ལུགས་སོགས་མང་དུ་ཤེས་ཐུབ་ལ། ཕྱོགས་སྣེ་མང་བོའི་དོན་འདུས་ཡོད་པས་རིག་ཚན་གང་ཞིག་གི་ཐབས་ལམ་སྤྱད་དེ་ཞིབ་འཇུག་གནང་ཡང་དགོས་འབྲས་དོན་དུ་སྨིན་སྲིད། གཞན《རིག་འཛིན་ཆེན་པོ་དཔལ་ལྡན་བཀྲ་ཤིས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》﹙སྔགས་མང་དཔེ་སྐྲུན་ཁང་གིས་བསྐྲུན་པའི《སྔགས་མང་དཔེ་ཚོགས》ཀྱི་གྲས་ཡིན﹚ལ་བལྟས་ན། དེ་ལས་སྐབས་དེའི་ཡུལ་ལུང་ཁ་ཤས་ཀྱི་སྐྱེ་སྤྲུལ་ཚོས་ཐུགས་དགོངས་གཏད་ས་དང་། གྲུབ་མཐའི་འཐེན་ཁྱེར་དང་སྡང་ཟུག མང་ཚོགས་ཀྱི་གོ་རྒྱ་སོགས་ཤེས་ཐུབ་ལ། སྟོན་པ་གཅིག་གི་བསྟན་པ་ལས་གྱེས་པའི་གྲུབ་མཐའ་ཁག་རྣམས་ཞེ་མཐུན་ཐུགས་གཙང་མི་ཡོང་བར། དགོས་མེད་ཀྱི་གཏམ་ཉོག་དང་ངག་འཁྱལ་ཚིག་འཆལ་མང་བོ་གྱ་ཚོམ་དུ་སྨྲ་བ་འདི་རྣམས་གཏན་ནས་འགྲིག་མི་འདུག་སྙམ་པའི་ངེས་ཤེས་སྟེར་ཚབས་ཆེའོ།།
          དེའི་ཐད་ན་ཡང་དཔྱད་པར་བྱ་བ་འདི་ཡོད་དེ། འུ་ཅག་གིས་བསྟན་བཅོས་སྔ་མ་ཁག་ལས་ཐ་སྙད་སྔོག་ལེན་བྱ་རྒྱུ་ནི་ཤིན་ཏུ་དོ་གལ་ཆེ་མོད།འོན་ཀྱང་དེ་དག་ལས་འདྲ་འགྲིག་ཙམ་ཞིག་ལ་གཟས་ཏེ་གང་བྱུང་བྱུང་དུ་སྤྱད་ན་ལེགས་པར་མ་མངོན་ཏེ། དཔེར་ན། ད་ལྟར་རྒྱུན་སྤྱོད་དུ་གྱུར་པའི“ཐོད་རྒལ”ལྟ་བུ་ལ་ཆ་བཞག་ན། བྲིས་རྩོམ་སྔ་ཕྱི་གཉིས་བསྡུར་ཏེ་ཕྱི་མ་ཅུང་ཟད་འཁྱོངས་ཡོད་ཚེ“ཐོད་རྒལ་བྱུང་འདུག”ཟེར། དོན་ལ་དེ་ནི་ཅུང་ཟད་ཡར་སྐྱེད་བྱུང་བའམ་ཐོལ་གྱིས་ཡར་འཕགས་ཡོད་པའི་དོན་ཙམ་དུ་འདུག “ཐོད་རྒལ”ནི་སྔགས་གཞུངགི་ཆོས་སྐད﹙གྲུབ་མཐའ་གཞན་གྱི་ཆོས་སྐད་ལ་དེའི་བརྡ་ཆད་དུ་འབོད་མཁན་ཡོད་ཀྱང་། དེ་ནི་ཅུང་མ་རངས་པའི་ཚིག་ཏུ་ངེས﹚ཅིག་ཡིན་ལ། དེའི་དོན་ཡང་ད་ལྟར་སླ་ཆོས་སུ་གོ་བ་ལེན་པ་འདི་དང་བར་ཁྱད་ཆེན་པོ་ཡོད་པ་འདྲ། སྔགས་གཞུང་གི་ཟབ་གསང་དང་ཁྱད་གསང་གི་གནས་རྣམས་མིའི་རིགས་ཀྱི་རིག་པའི་དཔལ་ཡོན་གྱི་ཆ་ལག་ཅིག་ཡིན་པ་སུས་ཀྱང་བསྙོན་འདིང་དུ་མེད་པས། ཆོས་སྐད་དེའི་རིགས་རང་བབ་བམ་ཐད་སོར་བཞག་ནས་རྩིས་མཐོང་བྱེད་པ་ལས་གྱ་ཚོམ་དུ་སྤྱོད་མི་རིགས་པར་སེམས་ལ། གལ་སྲིད་དགོས་མཁོས་གཏུག་དྲགས་ན་ཡང་ཁ་སྒྱུར་གཏོང་རྒྱུ་ལས་ཇི་བཞིན་དུ་སྤྱད་ན། གསེར་དང་བོང་བ་བསྲེས་པ་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད།
          ཨེན་ཙམ་བློས་གཞིག་ཤེས་ན། བསྟན་བཅོས་སྔ་མ་དེ་དག་ནི་མིང་མཛོད་ཕུལ་དུ་བྱུང་བ་ཞིག་ཏུ་འདུག་སྟེ། དཔེར་ན། ད་ལྟའི“རྟོགས་པ་ཀློང་བརྡོལ”ཟེར་བ་ལ། བསྟན་བཅོས་སྔ་མ་རྣམས་སུ་“རིག་པ་ཐོལ་སྐྱེས”དང་། “རྟོག་ལྡང་འདུ་ཤེས”ཟེར་བ་ལ“བག་ཉལ་འདུ་ཤེས”སུ་འབོད་པ་སོགས་རང་སྐད་ཀྱི་མིང་བརྡ་མེས་པའི་ཞལ་རླངས་ཐོ་ལེ་བ་མང་དུ་ཡོད་པས། “ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ།། བ་ཚྭའི་ཁྲོན་པ་རྐོ་བ་བཞིན”གྱི་སྡུག་ལས་ཉག་ཉོག་མང་བོ་བསྟེན་མི་དགོས་པར། ཅི་ཙམ་བློས་ལྕོགས་ཚད་ཀྱིས་གཞལ་ནས་དེ་ཙམ་གྱི་མིང་བརྡའི་གཏེར་བརྡོལ་པར་ངེས་སོ།།
གསུམ་པ།
          རི་བོ་དགའ་ལྡན་པའི་ལུགས་སམ་དགེ་ལུགས་པའི་མཁས་དབང་དག་གིས་མཛད་པའི་བསྟན་བཅོས་རྣམས་མང་དུ་མཐོང་རྒྱུ་ཡོད་ལ། དེའི་ལུགས་ལ་ཚང་མ་འདྲིས་ཆུང་ཙམ་ཆེ་ལུགས་ཀྱིས་གཏམ་མང་དུ་ལབ་པའི་དགོས་པ་ཆེར་མི་འདུག་མོད། འོན་ཀྱང་ཟུར་ཙམ་གླེང་ན། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་སྤྱན་ཆབ་ཉིལ་ལེར་བླ་མར་གསོལ་བ་དྲག་པོ་བཏབ་ནས་རྒྱང་འབོད་གནང་བ་ལ། འཇམ་མགོན་བླ་མ་ཙོང་ཁ་པས་ཞལ་བསྟན་ཏེ“ང་དྲན་ན་སྔགས་མཚན་ཉིད་ཀྱི་ལམ་རིམ་གཉིས་ཀྱིས་གཙོ་བྱས་པའི་ཡིག་ཆ་འདི་རྣམས་ངའི་ཁ་ཆེམས་ཡིན་པས་འདི་རྣམས་ལྟོས”ཞེས་གསུངས་པ་བཞིན། 《ལམ་རིམ་ཆེན་མོ》དང་《སྔགས་རིམ་ཆེན་མོ》གཉིས་སུ་མདོ་སྔགས་ཀྱི་གནད་ལ་ཚང་བ་མེད་པས། ནང་བསྟན་སློབ་གཉེར་པ་ཞིག་ལ་མཚོན་ན་ཅིས་ཀྱང་ཀློག་དགོས་མོད། འོན་ཀྱང་དེང་དུས་ཀྱི་རྩོམ་འབྲི་བ་ཞིག་ལ་མཚོན་ན་དེ་གཉིས་ལས“ ཆེ་བ་བཞི་ལྡན་གྱི་ཁྱད་པར་འཕགས་པའི《བྱང་ཆུབ་ལམ་རིམ་ཆེན་མོ》”ལ་ཞིབ་ཏུ་མཇལ་པས་ཆོག་པར་སྙམ། རྗེ་ཙོང་ཁ་པས《བྱང་ཆུབ་ལམ་རིམ་ཆེན་མོ》མཛད་ནས་གངས་རིའི་ལྗོངས་སུ་བཀྲམ་པ་ནས་བཟུང་། བོད་ཀྱི་མཁས་དབང་ཕལ་མོ་ཆེ་ཡི་བསྟན་བཅོས་རྩོམ་སྟངས་ལ་འགྱུར་བ་ཆེན་པོ་བྱུང་བས། དེ་ནི་དཀྱོགས་མཚམས་ཤིན་ཏུ་ངོས་འཛིན་བྱས་ཀྱང་ཆོག
          《བྱང་ཆུབ་ལམ་རིན་ཆེན་མོ》ཡི་ཚིག་སྦྱོར་རྣམས་བབ་ཆགས་ཤིང་སྡེབ་ལེགས་ལ། དཔེ་དོན་གསལ་ཞིང་གནད་འདུས་པ། ས་བཅད་སྒྲིག་སྟངས་ལེགས་པ་སོགས་ཀྱི་ཁྱད་ཆོས་མང་དུ་མཆིས། དེ་ནས་བརྒྱུད་མར་བྱོན་པའི་མཁས་དབང་དག་གི་གསུང་རྩོམ་རྣམས་ནམ་མཁའི་མཐའ་དང་མཉམ་པོར་ཡོད་པས་བདག་འདྲས་བརྗོད་པར་ག་ལ་སྤོབས་ཀྱང་། ས་བཅད་མ་སྟོངས་ཙམ་དུ་དཔེར་བཀོད་ན། རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། གུང་ཐང་བསྟན་པའི་སྒྲོན་མེ། ཞང་སྟོན་བསྟན་པ་རྒྱ་མཚོ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་ཀྱི་གསུང་རྩོམ་ལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་འདུག་པར་སྙམ།
          ཕྱིས་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་གསུང་རྩོམ་རྣམས་ལས་པོད་གསུམ་ཙམ་པར་དུ་བཏབ་ཡོད་ལ། དེ་ལས《རྒྱལ་ཁམས་རིག་པས་བསྐོར་པའི་གཏམ་རྒྱུད་གསེར་གྱི་ཐང་མ》ལ་མཚོན་ན། ངེས་པ་དོན་གྱི་གསེར་གྱི་ཐང་མ་རུ་འདུག་སྟེ། དེའི་ཚིག་དོན་འབྱིན་སྟངས་རྣམས་ལ་བཀའ་གདམས་པའི་གསུང་ཉམས་ཆེས་ཆེར་དོད་ཅིང་། གོ་བརྡ་སྤྲོད་སྟངས་ཕུན་སུམ་ཚོགས་པ་དེ་འདྲ་ཞིག་མཁས་དབང་དེ་ལྟ་བུ་ཞིག་གི་ངག་ལ་མ་གཏོགས་སུས་ཀྱང་ཐོན་དཀའ་བའི་ཚོད་དུ་འདུག ཡང་ཁ་ཅིག་གིས་“ཡིད་སྐྱོ་བ་ཞིག་ལ་དགེ་འདུན་ཆོས་འཕེལ་གྱིས་ཐེ་ཀོར་གྱི་སྙན་རྩོམ་བསྒྱུར་མ་སོང”ཞེས་ཁ་གཏོང་གིན་ཡོད་མོད། འཆད་སྟངས་དེ་ནི་ཅུང་མ་དག་པ་འདྲ་སྟེ། ཁོང་གིས《ལེགས་ལྡན་ནག་པོའི་གླུ》བོད་འགྱུར་བྱས་པ་དེ་ལས་ལྷག་པའི་དོན་བཟང་ཞིག་བགྱིད་དུ་ཡོད་དམ། གང་གིས་ཟེར་ན་ཐེ་ཀོར་གྱི་ལྟ་བའི་གནད་རྣམས་ཀྱི་ཁུངས《ལེགས་ལྡན་ནག་པོའི་གླུ》ཡིན་ལ། དེ་རུ་རྒྱ་གར་པས་ཤེས་རབ་ཀྱི་རྩལ་རྣམས་གོང་བུར་དྲིལ་ཡོད་ཅེས་བརྗོད་ཀྱང་ཐལ་མི་ཆེ་བར་སེམས།
          དང་ཐོག་ཁོ་བོས་དགེ་འདུན་ཆོས་འཕེལ་མཆོག་གིས་བོད་འགྱུར་གནང་བའི《ཆོས་ཀྱི་ཚིགས་སུ་བཅད་པ》ལ་དེ་འདྲའི་སྣང་དོགས་ཆེར་མ་བྱས། ཕྱིས་སུ་ཤེས་གསལ་ལྟར་ན། ཁོང་གིས་ཨེ་ཟི་ལིམ་གྱི《ཀུ་རཱན》དང་། ཡེ་ཤུ་བའི《དམ་པའི་གསུང་རབ》ཅེས་བརྗོད་པ་ལྟར་བྱས་ན། ནང་བ་སངས་རྒྱས་པས《ཆོས་ཀྱི་ཚིགས་སུ་བཅད་པ》དེ་གཉིས་ཀྱི་ཚབ་ཏུ་བགྲང་དགོས་ཞེས་གསུངས་མྱོང་བའི་གཏམ་ཐོབ་པས་ཡང་ནས་ཡང་དུ་བཀླགས་པ་ཡིན། དེ་ནི་བོད་ཀྱི་བཀའ་བསྟན་གཉིས་ཀའི་ཁོངས་སུ་སྡུད་པའི《ཚོམས》﹙《ཆེད་དུ་བརྗོད་པའི་ཚོམས》ནི་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས﹚དང་དོན་འདྲ་ལ། འགྱུར་ལེགས་པས་རང་སྐད་རྣལ་མའི་ཚུགས་མ་ཤོར་ཅིང་གཞན་གྱི་རིག་གནས་ཀྱི་རྐང་ཡང་བོར་མི་འདུག་གོ།
          ཁོང་གིས་མཛད་པའི་བསྟན་བཅོས་གཞན་རྣམས་ཀུན་ལ་རླུང་ལྟར་གྲགས་པས་འདིར་མ་བརྗོད་ལ། རྣམ་དཔྱོད་མཆོག་ཏུ་ཡངས་པའི་སྐྱེས་བུ་དེས་ཚིག་དམ་དུམ་ཞིག་ཀྱང་དོན་མེད་དུ་གསུངས་མེད་པས། དེས་མཛད་པའི་བསྟན་བཅོས་རྣམས་ལ་རིན་ཐང་ཕོན་ཆེན་མངའ་བ་སྨོས་མ་དགོས་སོ།།
བཞི་པ།
          ལྟ་རྒྱ་དང་ཐོས་རྒྱ་ཅུང་དོག་པས་བོད་ཀྱི་གྲུབ་མཐའ་མང་བོ་ཞིག་གི་བསྟན་བཅོས་རྣམས་ཀློག་མ་ཐུབ་སྟེ། བཀའ་བརྒྱུད་པར་མཚོན་ན《མི་ལ་རས་པའི་རྣམ་མགུར》ཙམ་དང་། ས་སྐྱ་པའི་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《ལེགས་བཤད་རིན་པོ་ཆེའི་གཏེར》དང《སྡོམ་གསུམ་རབ་དབྱེ》ཇོ་ནང་བ་དང་བོ་དོང་བ། ཞ་ལུ་བ་སོགས་ཀྱི་ཆོས་འབྱུང་ཙམ་དང་། བོན་གྱི་ཡང་བསྟན་འབྱུང་འགའ་ཙམ་ལས་བཀླགས་མ་མྱོང་བས་ཞེ་ཕངས་བཞིན་ཡོད་ཁར། ཕྱིས་སུ་ཅི་ནུས་ཀྱིས་ཀློག་དགོས་སྙམ་པའི་ཞེ་དམ་བཅས་ཡོད། དེ་དག་གི་བསྟན་འཛིན་ཉི་ཟླ་ལྟར་གྲགས་པ་དག་ལས། ཇོ་ནང་བའི་ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་དང་རྗེ་བཙུན་སྒྲོལ་མགོན་ཞབས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དང་། བུ་སྟོན་རིན་ཆེན་གྲུབ། ས་སྐྱ་བའི་གོ་ཤཱཀ་སྟག་གསུམ། བཀའ་བརྒྱུད་པའི་འབྲུག་པ་སངས་རྒྱས་རྡོ་རྗེ་དང་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། བོན་གྱི་མཉམ་མེད་ཤེས་རབ་རྒྱལ་མཚན་དང་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་སོགས་ཀྱི་གསུང་རྩོམ་ཁ་ཡར་ཅིག་ཀློག་ཐུབ་པ་བྱུང་ན་ཡང་། ཕན་རླབས་ཆེ་ངེས་པར་བསམས་ནས་མཚན་ཙམ་བཀོད་ནས་འཐུས་པར་བྱས་སོ།།
          རང་སྐད་རྣལ་མའི་རྨང་བཏིངས་རྗེས་ཡིག་རིགས་གཞན་གྱི་བཅུད་ཕུལ་རྣམས་སྡུད་ལེན་བྱས་ན། དེ་ནི་དཔའ་དམ་ལ་རྣོ་དབལ་བཏགས་པ་ལྟ་བུ་ཞིག་ཡིན་ངེས་པས། དེ་ལྟར་བྱེད་པ་ལ་ཐོག་མར་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་མང་རབ་ཅིག་ལ་སྡང་ཞེན་དང་རྨ་འབྱིན་གྱི་བསམ་སྦྱོར་རིང་དུ་བཏང་ནས་ཚུལ་བཞིན་དུ་ཐོས་ཀློག་བགྱིད་དགོས་ཤིང་། དེ་ལྟར་བྱུང་ན་ཕན་རླབས་ཤིན་ཏུ་ཆེ་བའི་ཞོར་དུ་ཁ་ཡངས་ཁོག་ཡངས་ཀྱི་འགྲོ་མི་ཚུལ་ལྡན་ཞིག་ཀྱང་ཡོང་ངེས། དེ་ལྟར་མ་བྱས་པར་གྲུབ་མཐའ་གཅིག་གི་བསྟན་བཅོས་ལ་ཤ་ཐང་ཐང་དུ་འབད་ནས། གཞན་རྣམས་རྩྭ་ལྟར་སེམས་ཤིང་ཕྱགས་དར་ལྟར་དོར་ཚེ་དེ་ལས་ལྕི་བའི་སྡིག་ཉེས་མེད་དེ། བཅོམ་ལྡན་འདས་ཀྱི་ཞལ་ནས“གཅིག་ཏུ་སྨད་པར་བྱ་བ་དང་།། གཅིག་ཏུ་བསྟོད་པར་བྱ་བའི་མི།། ད་ལྟར་ཡོད་པ་མ་ཡིན་ཏེ།། བྱུང་བར་མ་གྱུར་འབྱུང་མི་འགྱུར”ཞེས་གསུངས་པ་ལྟར། གང་ལའང་དགེ་སྐྱོན་གཉིས་ཀྱི་ཆ་ཡོད་པས། མཐའ་གཅིག་ཏུ་རང་ལྟ་དང་མ་མཐུན་ཚེ། ངན་སྨོས་སྐྱོན་འགེལ་གྱི་ཁ་གཏམ་ཅལ་ཅོལ་མང་བོ་བྱུང་རྒྱལ་དུ་སྨྲ་མི་རིགས།
          གྲུབ་མཐའ་སོ་སོས་ཆོས་སྐད་འབྱིན་སྟངས་དང། ཚིག་སྦྱོར་སྡེབ་ལུགས། དཔེ་དཔེ་ཅན་འགོད་ལུགས། ཕལ་སྐད﹙མང་ཚོགས་ཀྱི་ཁྲོད་དུ་རྒྱུགས་ཆེ་ཞིང་ཡི་གེར་སྡེབ་ཐུབ་པ﹚དང་བརྡ་སྙིང་འཁོལ་སྟངས་སོགས་ལ་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པས། རོ་བྲོ་བརྒྱ་ལྡན་གྱི་ཟས་མཆོག་ལྟ་བུ་ཞིག་ཏུ་ངེས་ལ། དེ་རྣམས་ཡོལ་གོ་གཅིག་ཏུ་བསྐྱིལ་ཏེ་ད་ལྟའི་གོ་བརྡ་སྤྲོད་སྟངས་དང་། གནའི་གོ་བརྡ་སྤྲོད་ལུགས་བར་གྱི་ཁད་ཐག་ཇེ་ཉེ་ནས་མེད་པར་བསྟུང་བ་དང་། མིང་བརྡ་སྔོག་ལེན་བྱས་ཏེ་ཐ་སྙད་ཀྱི་བང་མཛོད་བྱུར་བུར་ཁེངས་སུ་འཇུག་ཐུབ་ན། དེ་ལས་རྨད་དུ་བྱུང་བའི་དོན་བྱ་ལེགས་པོ་ཞིག་བགྱིད་དུ་མེད། དེ་བས་ཕྲན་ལྟ་བུ་ཞིག་གིས “ཡ་རུར་མ་བསླེབས་གོང་ནས་མཛོ་འགྲོས་རྒྱག་པའི” འོས་མ་མཆིས་མོད། སྤྱི་སེམས་བཟང་བོས་ཀུན་ནས་བསླངས་ཏེ་སུག་བྲིས་སུ་བགྱིས་པར་ཡིན་པས། དཔྱོད་ལྡན་ཚོས་ཐུགས་གཏན་ཡོང་བར་ཞུའོ།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716