སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང་《མི་ལ་ཙི་ཙི་》ལ་རགས་ཙམ་དཔྱད་པ།
སྤེལ་དུས། 2017-08-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཕུར་བཀྲ
གླེང་གཞི།
          སྤྱིར་རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་ཚུར་སྣང་ཡིན་པ་དང་། སྒྲུང་གཏམ་ནི་སྤྱི་ཚོགས་འཚོ་བ་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཡིན། བྱུང་རིམ་དང་ཁོར་ཡུག མི་སྣ་བཅས་ནི་སྒྲུང་གཏམ་གྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་དེ་ལ་སྐད་ཆས་རམ་འདེགས་དང་ཡི་གེའི་གཟུགས་རིས་ལ་བརྟེན་ནས་གྲལ་རིམ་མི་འདྲ་བའི་ཀློག་པ་པོ་མང་བོ་ལ་བསམ་བློའི་རྒྱགས་ཕྱེ་དང་བསམ་གཞིག་གི་བར་སྟོང་། སྒྱུ་རྩལ་གྱི་དགོས་མཁོ་སྐོང་བཞིན་ཡོད་པ་རེད། སྒྲུང་གཏམ་ནི་འཚོ་བ་ལས་བྱུང་ཞིང་འཚོ་བ་ལ་སྤྲད་པའི་མངོན་ལྐོག་གང་རུང་གི་གསང་བ་བརྟོལ་བྱེད་ཀྱི་ལྡེ་མིག་ཅིག་དང་འདྲ་བར་ཀློག་མཁན་རེ་རེ་སྒྱུ་རྩལ་གྱི་ཞིང་ཁམས་མི་འདྲ་བ་རེར་དྲངས་སྲིད། སྒྲུང་གཏམ་ཀློག་རྒྱུ་ནི་སྤྲོ་སྣང་ལྡན་པའི་དོན་དག་ཅིག་ཡིན་ཞིང་དེའི་གསང་བའི་ཕུག་རྟོགས་འདོད་ཀྱི་བློ་ཡིས་སྒྲུང་གཏམ་གྱི་བརྗོད་བྱ་རུ་བཀོད་པའི་སུན་འབྱིན་བྱེད་འོས་པའི་ཡ་མ་ཟུང་གི་བྱ་སྤྱོད་དང་དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་སོགས་མིག་ལམ་དུ་བཀྲལ་ཏེ་ཀློག་པ་པོ་ལ་འགན་འཁྲི་དང་སྤྲོ་སྣང་ཟུང་ལྡན་གྱི་འཚོ་བའི་བརྙན་རིས་ལྟ་བུའི་ལོངས་སྤྱོད་ཅིག་གནང་བཞིན་ཡོད།
          དང་བོ། སྒྲུང་གཏམ་དང་རྩོམ་པ་པོ།
          “སྒྲུང་རྩོམ་ཞེས་པ་ཧ་ཅང་དར་སྔ་བའི་དོན་གྱི་བྱུང་བ་བརྗོད་པའི་གཏམ་རྒྱུད་ཀྱི་ལྷུག་མའི་རྣམ་པ་ཞིག་ཡིན། དེ་བསྐལ་བ་ཡ་ཐོག་གི་དུས་སུ་བྱིས་སྒྲུང་དང་ལྷ་སྒྲུང་གི་རྣམ་པའི་ཚུལ་དུ་ཐོག་མར་བྱུང་བ་དང་། རྗེས་སུ་དར་རྒྱས་ཤིན་ཏུ་ཆེ་ཞིང་མྱུར་བ།ད་ལྟའི་སྒྲུང་རྩོམ་ཞེས་པ་དེ་དག་གི་རྒྱུན་མུ་མཐུད་དུ་བསྐྱངས་པའི་མཐའ་འབྲས་སུ་གྲུབ་པའོ།།” ཞེས་གསུངས་པ་ཇི་བཞིན་བོད་ཀྱི་སྒྲུང་རྩོམ་དག་གི་རྩ་བ་ཡང་བྱིས་སྒྲུང་དང་ལྷ་སྒྲུང་ལ་ཟུག་ཡོད་པ་སྨོས་མ་དགོས་སོ།། སྤྱིར་རྩོམ་རིག་གླེང་དུས་འཚོ་བ་མ་གླེང་ཐབས་མེད་ཡིན་ལ་དེ་བཞིན་འཚོ་བ་འབྲི་དུས་སྒྲུང་གཏམ་ཡང་ངེས་པར་དུ་གླེང་དགོས་པ་ཞིག་ཡིན།དེ་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནམ་རྒྱུ་དང་འབྲས་བུའི་འབྲེལ་བ་ལྟར་ཆགས་ཡོད། ནམ་རྒྱུན་ཡུལ་དུས་ངེས་མེད་དུ་མི་སུ་ཞིག་གིས་སྒྲུང་གཏམ་ཇི་འདྲ་ཞིག་བཀླགས་ཀྱང་དེ་སྣང་མེད་དུ་་བཞག་ཆོག་པ་ཞིག་མ་ཡིན་པར་ནན་ཏན་དང་འགན་འཁྲི་ཡོད་པའི་སྒོ་ནས་ཀློག་དགོས། དེ་ཡང་དོན་གྱིས་རང་ལ་འགན་ཁུར་བ་དང་རང་ཉིད་ཀློག་པ་པོ་རྣལ་མ་ཞིག་ཏུ་འགྱུར་བྱེད་ཀྱི་ཐོག་མའི་ཆ་རྐྱེན་ཡིན་པར་འདོད། སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་གང་ཞིག་བཀླགས་ཀྱང་དེ་ལ་ཀུན་སློང་གཙང་མ་ཞིག་ཡོད་དགོས་པ་ལས་ཕྱོགས་ཞེན་དང་མཁྲེགས་འཛིན་གྱིས་ཀློག་ན་མཐར་རང་ཉིད་ལ་ཐོབ་བྱ་ཅི་ཡང་མེད་ཅེས་བཤད་ན་འཕྱུག་མི་འདུག་པ་འདྲ། རྩོམ་རིག་སྤྱི་དང་འདྲ་བར་སྒྲུང་གཏམ་ཡང་སྤྱི་ཚོགས་འཚོ་བའི་ཁྲོད་བྱུང་ཞིང་ཕྱིར་སྤྱི་ཚོགས་འཚོ་བ་ལ་ཕན་ཐོགས་པའམ་སྤྱི་ཚོགས་འཚོ་བ་མཚོན་དགོས་པས་རྩོམ་ལུས་གཞན་དག་དང་བསྡུར་ན་ཅུང་དཀའ་བའི་ལས་སུ་བརྩིས་ཆོག དེ་ཉིད་འབྲི་མཁན་གྱི་གང་ཟག་ལའང་འཚོ་བའི་ཉམས་མྱོང་དང་དཔེ་ཀློག་གི་ཆུ་ཚད། སྐད་ཆ་བཀོལ་སྟངས་སོགས་ལྷན་སྐྱེས་དང་རྗེས་ཐོབ་གང་རུང་གི་ཡོན་ཏན་སྣ་ཚོགས་ལྡན་དགོས།དེ་ལྟར་མིན་ཚེ་སྒྲུང་གཏམ་བྲིས་ཀྱང་ལེགས་པོ་ཞིག་འཁྱོངས་པའི་ངེས་པ་མེད། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ཚུད་ཆད་ནས་བོད་དུ་རྩོམ་རིག་གསར་བ་དར་བ་ནས་བཟུང་། གངས་ལྗོངས་འཛིན་མའི་ཁྱོན་ལ་རྩོམ་ལུས་མང་བོའི་རྩོམ་ཡིག་གི་མེ་ཏོག་སྣ་ཚོགས་བཞད་ཅིང་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བླངས་ཡོད། ལྷག་ཏུ་བརྩམས་སྒྲུང་གསར་བའི་ཐད་དུ་གླེང་རིན་ཡོད་པའི་གྲུབ་འབྲས་བླངས་ཡོད་ལ་སྒྲུང་གཏམ་ཀློག་རྒྱུ་དགའ་བའི་ཀློག་པ་པོ་མི་ཉུང་བ་ཞིག་གི་དགོས་མཁོ་བསྐང་མྱོང་། དཀའ་ངལ་དང་དུ་ལེན་ཕོད་ཅིང་ནམ་ཡང་གསར་རྩོམ་གྱི་ལས་ལ་གཞོལ་ཞིང་གོམ་ཁ་ལྷོད་མ་མྱོང་བའི་རྩོམ་པ་པོ་རེ་རེའི་སྙིང་སྟོབས་དང་ཧུར་བརྩོན། ཤེས་རབ་ལ་བརྟེན་ནས་ད་གཟོད་བོད་ཀྱི་རྩོམ་རིག་གསར་བ་ལ་གྲུབ་འབྲས་དང་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ་རེད། གྲུབ་འབྲས་དང་འཕེལ་རྒྱས་ཀྱིས་དེང་སྐབས་རྩོམ་སྟངས་དང་བརྗོད་བྱ་ཁྱད་འཕགས་ཀྱི་སྒྲུང་གཏམ་མང་བོ་བོད་ཀྱི་རྩོམ་རིག་གི་སྟེགས་བུར་ཁ་དོག་སྣ་ཚོགས་ལྡན་པའི་མེ་ཏོག་ལྟར་བཞད་འདུག དེ་ལས་བདག་གིས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་《མི་ལ་ཙི་ཙི་》ནི་བྱིས་པའི་སེམས་ཁམས་མཚོན་པའི་སྒྲུང་གཏམ་ལེགས་པོ་ཞིག་ཏུ་འདོད་ཡོད།
          སྒྲུང་གཏམ་ཀློག་རྒྱུར་དགའ་བ་ཁོ་ནའི་སྒྲུང་གཏམ་འབྲི་མཁན་མང་བོ་ཞིག་ཧ་ཅང་རྒྱུས་ཡོད་དུ་གྱུར་བ་དང་དངོས་སུ་ངོ་འཕྲད་པ་གཅིག་ཀྱང་མེད་རུང་། ཆ་རྒྱུས་ཤིན་ཏུ་ཆེ་བའི་ཚོར་སྣང་ཞིག་འདུག དེ་ཡང་རྩོམ་པ་པོ་དེའི་བརྩམས་ཆོས་ལས་རྩོམ་མཁན་གང་དེ་ཆ་རྒྱུས་ཅན་དུ་འགྱུར་སྲིད། བདག་གིས་ཉེ་བའི་ལོ་གཉིས་གསུམ་ཙམ་གྱི་སྔོན་དུ་བོད་ཀྱི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་《གྲུབ་གཟུགས་ཁྲོད་ཀྱི་མི་ཚེ》དང་《ལམ་གྱི་ཉི་འོད》དང་《ཁ་བར་སྒུག་པ》སོགས་བཀླགས་པའི་རྐྱེན་གྱིས་ཁོ་ནི་ང་རང་ཆེས་དགའ་སའི་རྩོམ་པ་པོར་གྱུར་སོང་། ཁོ་རང་ངོ་ཤེས་ཤིང་ཧ་ཅང་རྒྱུས་མངའ་ཡོད་པའི་རང་གི་ཉེ་འགྲམ་གྱི་མི་ཞིག་ཏུ་ངོས་འཛིན་བྱས་ཡོད། བོད་དུ་སྒྲུང་གཏམ་འབྲི་མཁན་ཉུང་ངུ་ཤིག་ལས་མེད་ཅིང་ལྷ་བྱམས་རྒྱལ་ནི་ཉུང་ངུའི་ཁྲོད་ཀྱི་གཅིག་ཡིན་ལ། ཁོས་བྲིས་པའི་སྒྲུང་གཏམ་མང་བོ་ཡོད་པར་མ་ཟད་འགའ་ཞིག་པར་བསྐྲུན་འགྲེམ་སྤེལ་བྱས་འདུག སྒྲུང་གཏམ་《མི་ལ་ཙི་ཙི》ནི་ཁོའི་སྒྲུང་གཏམ་བསྡུས་དེབ་ཅིག་ལས་ཐོག་མར་ཀློག་པ་དང་དེའི་གསང་དུ་བསྐུང་བའི་འགུག་ཤུགས་ཀྱིས་ནམ་ཡང་ང་ཡི་བྱིས་དུས་ཀྱི་འཚོ་བ་དང་སེམས་ཁམས་སོགས་བརྗེད་པ་མེད་པར་རྟག་ཏུ་དྲན་དུ་བཅུག་གོ།།
          གཉིས་པ། སྒྲུང་གཏམ་《མི་ལ་ཙི་ཙི》སྤྱིར་བཤད་པ།
          དེ་ཡང་སྒྲུང་གཏམ་《མི་ལ་ཙི་ཙི》བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བྱིས་པའི་སེམས་ཁམས་ཟུང་དུ་སྦྲེལ་ཏེ་བྲིས་པའི་སྒྲུང་ཐུང་ཞིག་ཡིན། སྒྲུང་གཏམ་དེ་ནི་༢༠༡༠ལོར་མཚོ་སྔོན་མི་རིགས་པར་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་དུས་རབས་༢༡པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་གི་ཁག་གཉིས་པ་ལས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་《ལམ་གྱི་ཉི་འོད》དུ་བསྡུས་ཡོད། སྤྱིར་སྒྲུང་གཏམ་དེ་ཡང་དང་བསྐྱར་དུ་ཀློག་ན་ངང་ངམ་ཤུགས་ཀྱིས་བྱིས་པའི་དུས་སྐབས་ཀྱི་འཇིགས་སྐྲག་དང་སྤྲོ་སྣང་ཟུང་ལྡན་གྱི་བྱིས་སྒྲུང་གི་ཞིང་ཁམས་སུ་ཁྲིད་འགྲོ། སྒྲུང་གཏམ་དེའི་མགོ་བརྩམས་ནས་མཇུག་བསྡུ་བའི་བར་གྱི་ཡུལ་ལྗོངས་ཞིབ་འབྲི་དང་སྐད་ཆ། བྱ་སྤྱོད། སེམས་ཁམས་སོགས་དང་བྱིས་དུས་ཀྱི་འཚོ་བ་དང་བརྒྱུད་རིམ། མི་དར་མའི་འཚོ་བ་དང་བྱ་སྤྱོད་ལས་ཕྱིར་དྲན་གྱི་ཀློང་དུ་ཁྲིད་ངེས། སྒྲུང་གཏམ་ཁྲོད་ཀྱི་ཕྲུ་གུ་བཞི་སྟེ་གསལ་སྒྲོན་དང་ཐར་འཕེལ། ཀུན་དགའ་ཚེ་རིང་དང་འབོད་པའི་ཐ་སྙད་དང་བོ་བཀོལ་བའི་“ང་”བཅས་ནི་དར་མ་དག་དང་ལོགས་སུ་བླངས་ཏེ་དེ་དག་གི་འཚོ་བ་དང་བྱ་སྤྱོད། སྐད་ཆ། རྩེད་མོ་རྩེ་ཚུལ་སོགས་བྲིས་ནས་མར་ནང་ལུང་བ་ལྟ་བུའི་བོད་ཀྱི་གཞི་རིམ་མང་ཚོགས་ཀྱི་བྱིས་པའི་འཚོ་བ་དང་སློབ་སྦྱོང་བྱེད་སྟངས་ཡི་གེའི་མུ་ཏིག་གི་ཕྲེང་བར་སྤེལ་མར་བརྒྱུས་ཏེ་ཀློག་མཁན་གྱི་མིག་གི་ལོངས་སྤྱོད་དུ་སྤེལ་ཞིང་གཟབ་ནན་ངང་ཀློག་དུས་སྒྲུང་གཏམ་རང་སྟེང་གི་ཡིད་འགུག་གི་ནུས་པ་ཁྱད་པར་བ་ཞིག་ལྡན་པ་ཚོར་ཐུབ། སྒྲུང་གཏམ་ནང་གི་མི་སྣ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་ཆོས་ལུགས་མི་སྣ་དང་རྒན་པའི་མཚོན་བྱེད་དུ་སྤོ་བོ་རལ་བ་ཅན་དང་ཤེས་ཆེན་དཔྱོད་ཡངས་ཅན་མཚོན་བྱེད་སྡེ་དཔོན། ཤེས་ཡོན་པ་དང་ལས་བྱེད་པ་མཚོན་བྱེད་དགེ་རྒན་མི་འགྱུར། སྒྱིད་ལུག་ཅན་གྱི་མི་སྣ་མཚོན་བྱེད་ཨ་ཁུ་བློ་བརྟན་དང་བུད་མེད་ཀྱི་ལས་དབང་དང་ཐོབ་ཐང་མཚོན་བྱེད་ཨ་ཅེ་འབྲུག་བྱམས་དང་ཀླུ་མོ་ཐར་སོགས་འབུར་ཚུགས་སུ་བྲིས་ཤིང་ཀློག་མཁན་གྱིས་གློག་བརྙན་ལ་བལྟས་པ་ལྟར་དངོས་ཡོད་དུ་སྣང་བའི་ཚོར་སྣང་སྟེར་ཞིང་འཚོ་བའི་རེ་སྙེག་མེད་པའི་མི་རྐྱང་གཅོད་པ་དང་ཕྲུ་གུ་ཚོའི་ཁྲོད་ཀྱི་ཐར་འཕེལ་གྱི་བྱ་སྤྱོད་དང་སློབ་སྦྱོང་སོགས་ཞན་ཤས་སུ་བཀོད་དེ་ཐར་འཕེལ་གྱི་ལས་དབང་ལ་ཐོག་མ་ནས་སྒྲོམ་གཞི་བསྟར་བ་ལས་ཕྲུ་གུའི་དུས་སྐབས་ཀྱི་སེམས་ཁམས་དང་བྱ་སྤྱོད་ཀྱིས་སྒྲུང་གཏམ་ཧྲིལ་བོ་ལ་སྔར་ལས་ལྷག་པའི་གསོན་ཤུགས་ཤིག་བསྣན་འདུག གསོན་ཤུགས་དང་མཛེས་སྡུག་གིས་རབ་ཏུ་བརྟས་པའི་དབྱར་ཁའི་ཉིན་ཞིག་ལ་བྱུང་བའི་དོན་དག་ཅིག་གི་མཐོང་སྣེ་བརྒྱུད་དེ་མི་ལ་ཙི་ཙི་ཟེར་བའི་མི་མ་ཡིན་པའི་རིགས་སུ་གཏོགས་པའི་གཟུགས་མེད་ཀྱི་གདོན་འདྲེ་དེ་གསལ་རྗེན་དུ་བཏོན་མེད་པས་ཕྲུ་གུའི་བློ་ངོར་ཤར་བ་ཇི་བཞིན་འཇིགས་སུ་རུང་བའམ་ཡང་ན་དར་མ་མ་ཡིན་པའི་ཕྲུ་གུ་ལ་གནོད་པ་སྐྱེལ་བའི་སྲོགས་ཆགས་རིགས་ཤིག་ཏུ་ངོས་འཛིན་གནང་ཡོད། སྤོ་བོ་རལ་བ་ཅན་གྱིས་བཤད་པའི་མི་ལ་ཙི་ཙི་ཀུན་དགའ་ཚེ་རིང་ཤི་རྐྱེན་ལ་སྦྱར་ནས་དངངས་ཤིང་འཇིགས་ཡེར་བའི་དོན་རྐྱེན་གྱིས་ཕྲུ་གུ་རྣམས་ལ་ཕྱིས་སུ་ཉེན་ཁ་ཆེ་བའི་གནས་སུ་འགྲོ་མི་རུང་བ་གཟུགས་ཅན་བཞིན་དོན་དངོས་ཀྱི་བདེན་དཔང་བྱས་པ་དང་བྱིས་དུས་ཀྱི་བློར་ཤོང་དཀའ་བའི་རྟོག་བཏགས་ཀྱི་འཕྲུལ་སྣང་དེ་ལ་ཕྱིར་དྲན་དང་དེའི་སློབ་གསོ་བྱེད་ཐབས་ཀྱི་རྣམ་པ་མངོན་སུམ་ལྟ་བུ་བཞེངས་སྐྲུན་བྱས་འདུག འཚོ་བའི་ཁྲོད་དུ་མི་དར་རྣམས་ནམ་ཡང་འཚོ་ཚིས་ཀྱི་ལས་ལ་བྲེལ་ཞིང་། རྒན་པ་རྣམས་ཀྱི་ཁ་འདོན་དགེ་སྒྲུབ་བྱེད་པ་དང་། བྱིས་པ་རྣམས་ཀྱིས་སློབ་སྦྱོང་དང་རྩེད་མོར་གཡེང་བ་དང་གྲྭ་བ་རྣམས་ཀྱིས་ཆོ་ག་བསྒྲུབས་པ་སོགས་ཇི་མ་ཇི་བཞིན་སྒྲུང་གཏམ་གྱི་སྤྱི་ཁོག་ཏུ་བསྟར་ནས་མཐོང་སྣེ་གཏོད་ཡུལ་ཀུན་དགའ་ཚེ་རིང་ཤི་རྐྱེན་བརྗོད་བྱ་གཙོ་བོ་བཟུང་ནས་དེའི་ཁྲོད་དུ་འཚོ་བའི་ཟུར་མི་འདྲ་བའི་མི་སྣ་མང་བོ་བཞེངས་སྐྲུན་བྱས་ཏེ་སྒྲུང་གཏམ་གྱི་སྒྲིག་གཞི་ལྷུ་འཕྲོད་ཅིང་བྱུང་རིམ་ཆ་ཚང་བ། མི་སྣའི་བྱ་སྤྱོད་དང་སྐད་ཆར་གསོན་ཉམས་ལྡན་པའི་ངང་ནས་ཞིབ་འབྲི་བྱས་པས་ཀློག་པ་པོ་དངོས་སུ་མར་ནང་ལུང་བར་ཁྲིད་པའི་ཡིད་འགུག་དང་བསམ་དབང་དྲན་དབང་མེད་པར་བྱིས་དུས་ཀྱི་འཚོ་བ་དྲན་དུ་འཇུག་སྲིད། ལུང་ཁོག་དེའི་ཉིན་གཅིག་གི་དོན་དག་གམ་ཀུན་དགའ་ཚེ་རིང་མི་ལ་ཙི་ཙིས་ཁྲིད་པ་དང་ཀུན་དགའ་ཚེ་རིང་ཤི་རྗེས་ཀྱི་སྒྲུབ་དགོས་པའི་བྱ་བ་མང་བོ་གཞི་གཅིག་ཏུ་བཀོད་ནས་ཀློག་པ་པོའི་ཡིད་ལ་ལྷང་ངེ་ལྷན་ནེ་ལྷམ་མེར་ཤར་བའི་སྒྱུ་རྩལ་གྱི་ནུས་པའང་གདའ། དེ་བས་མི་ལ་ཙི་ཙི་ནི་བྱིས་པར་འཇིགས་སྐྲག་བྱེད་ཙམ་ཡིན་ནམ་དངོས་སུ་འཚོ་བའི་ཁྲོད་དུ་སྤོ་བོ་རལ་བ་ཅན་གྱིས་བཤད་པ་ཇི་བཞིན་དང་མི་རྐྱང་གཅོད་པས་མཐོང་བ་ལྟར་ཡོད་པ་ཡིན།ཁ་ཚོན་གཅོད་དཀའ་བའི་དོན་དག་དེར་སྤོ་བོ་རལ་བ་ཅན་གྱིས་ཚིག་ཐག་ཆོད་པོས་མི་ལ་ཙི་ཙི་མངོན་སུམ་དུ་ཡོད་པར་ར་སྤྲོད་གསལ་བོ་བྱས་པ་དང་། རང་གིས་ཐག་གཅོད་དཀའ་བའི་དོན་དག་དེ་ལ་ཡང་དང་བསྐྱར་དུ་བསམ་བློ་འཁོར་དགོས་བྱུང་བ་ནི་དོན་དངོས་སུ་མི་ལ་ཙི་ཙི་ཟེར་བའི་མི་ལ་གནོད་འཚེ་གཏོང་མཁན་ཡོད་དམ་མེད་པ་དང་། དེས་བྱིས་པ་ཁོ་ནར་ཅིའི་ཕྱིར་དུ་གནོད་པ་བྱེད་པ་སོགས་ཐག་གཅོད་མི་ཐུབ་པའི་དོགས་པ་མང་བོ་སྐྱེས་པ་ཞོར་དུ་བསྟན་ཡོད།
          གསུམ་པ། སྒྲུང་གཏམ་གྱི་སྒྲིག་བཀོད།
          “སྒྲིག་གཞི་ཞེས་པ་ནི་རྩོམ་པ་པོས་གང་བརྗོད་པར་འདོད་པའི་དོན་གྱི་སྙིང་བོ་དང་དེ་གསལ་བར་སྟོན་བྱེད་ཀྱི་དཔྱད་གཞི་ཡང་དག་པར་བཀོད་སྒྲིག་བྱེད་པའི་བྱ་བ་ལ་ཟེར་ ”ཞེས་དང་“སྒྲུང་གཏམ་ལ་གཏན་འཁེལ་རང་བཞིན་གྱི་རིགས་བཞི་འདུས་ཏེ། དོན་གྱི་བྱུང་བ་བརྗོད་པ་དང་། རྟོག་བཟོ་རང་བཞིན། ཚིག་ལྷུག་རང་བཞིན། ཡིག་སྐད་ཕུན་སུམ་ཚོགས་པ་བཅས་”ཞེས་གསུངས་པ་ལྟར་སྒྲུང་གཏམ་འདི་ནི་གོང་གི་དོན་གྱི་བྱུང་བ་བརྗོད་པའི་ཁོངས་སུ་འདུ་ལ་རྟོག་བཟོ་དང་ཡིག་སྐད།ཚིག་ལྷུག་རང་བཞིན་སོགས་ཀྱང་འདུའོ།། 《མི་ལ་ཙི་ཙི་》ཞེས་པའི་སྒྲུང་གཏམ་དེའི་མགོ་བརྩམས་མ་ཐག་ཏུ་“དེ་ནི་སློབ་གྲྭས་གུང་གསེང་བཏང་བའི་ཉིན་ཞིག་སྟེ་”ཞེས་ཕྲུ་གུ་རྣམས་སློབ་གྲྭར་འགྲོ་མི་དགོས་པའི་ངལ་གསོ་ཉིན་མོ་ཡིན་པ་བསྟན་ཅིང་དེའི་ཞོར་དུ་ཕྲུ་གུ་རྣམས་ནོར་ལུག་གི་རྫི་བོར་མངག་པའི་ཉི་མ་ཞིག་ཡིན་པ་ཡང་གཏན་འཁེལ་བྱས་ཡོད་དེ། ཚ་དྲོད་འབར་བའི་དབྱར་ཁའི་ཉིན་ཞིག་ལ་མི་རྣམས་རང་རང་སོ་སོའི་ལས་ཀར་བྲེལ་བའི་རྣམ་པ་བྲིས་ཏེ་དར་མ་རྣམས་ལ་ཁོམ་ལོང་མེད་དུས་བྱིས་པ་ཆུང་ངུ་རྣམས་ལ་ལྟ་སྐྱོང་བྱེད་མཁན་ནམ་བུ་རྫི་ནི་ཕྲུ་གུ་དེ་ལས་ཅུང་ཆེ་བའི་བྱིས་པ་གཞན་ཞིག་ཡིན་པ་འཚོ་བའི་གོམས་སྲོལ་ལྟར་སྦྱར་ཞིང་ཉིན་དེར་ཐར་འཕེལ་ཡང་ཀུན་དགའ་ཚེ་རིང་གི་བུ་རྫིའམ་ཀུན་དགའ་ཚེ་རིང་ལ་ལྟ་རྟོག་བྱེད་མཁན་ཐར་འཕེལ་ཡིན་པ་སྒྲུང་གཏམ་གྱི་གཞི་དགོད་ས་རུ་བཀོད་སྒྲིག་བྱས་པ་མ་ཟད་ཉིན་དེའི་ཨ་ཁུ་བློ་བརྟན་ཚང་གི་རྫི་བོ་ཡང་ཐར་འཕེལ་ཡིན་ནོ།།སྒྲུང་གཏམ་གྱི་བརྗོད་བྱའི་གནད་གཙོ་བོ་བསམ་གཟས་ནས་ཀུན་དགའ་ཚེ་རིང་གི་སྟེང་དུ་བསྐོར་ཞིང་ཐར་འཕེལ་སྐྱག་པ་གཏོང་དུ་འགྲོ་བའི་གོ་སྐབས་དེ་ཀུན་དགའ་ཚེ་རིང་བོར་སོང་བའི་བར་གླགས་ལ་བཅུག་ཡོད། དེ་ནི་རྒྱུན་ལྡན་གྱི་བོད་ཀྱི་འཚོ་བ་ངོ་མ་ཇི་བཞིན་བྲིས་ཤིང་མཐར་ཀུན་དགའ་ཚེ་རིང་འབོར་རྐྱེན་ནི་དོན་གྱིས་ཐར་འཕེལ་གྱི་བྱ་སྤྱོད་ཐོག་ཏུ་འབབ་དོན་ཡང་། ཐར་འཕེལ་གྱི་ལྟ་རྟོག་བྱེད་མ་ཐུབ་པའམ་སྟེས་དབང་གིས་སྐྱག་པ་གཏོང་ཡུན་གྱིས་དུས་ཚོད་ཙམ་ལ་བོར་བརླག་ཐེབས་པ་བྱས་ཤིང་ཕྱི་སྣོད་ཀྱི་བཀོད་པ་ལྷིང་ཞིང་འཇགས་པ་དང་ནང་བཅུད་ཀྱི་སེམས་ཅན་བྲེལ་འཚུབ་ཆེ་བ་ཟུང་དུ་སྦྲེལ་ནས་དོན་རྐྱེན་དེས་ལྷིང་འཇགས་དཀྲོགས་པ་དང་སེམས་འཚུབ་དེ་ཡང་དངངས་འཚུབ་ཏུ་བསྒྱུར་ནས་མི་ཚང་མ་ཀུན་དགའ་ཚེ་རིང་འཚོལ་དུ་སོང་། དུས་ཡུན་ཧ་ཅང་ཐུང་ངུ་ཞིག་ལས་རིང་བོ་ལོན་མེད་དེ་ཐར་འཕེལ་གྱི་སྐྱག་པའི་ཐོག་ཏུ་སྐྱག་སྦྲང་འགའ་བབ་ཡོད་པ་ལས་སྐྱག་པ་དེ་མེད་པའམ་ཆུང་ངུར་བཟོས་མི་འདུག དེ་བས་ཀུན་དགའ་ཚེ་རིང་འཚོལ་བ་ལས་རང་ཉིད་ཀྱི་ལས་ཀ་བསྐྱུར་ཞིང་ཕྱོགས་སོ་སོ་ནས་ཀུན་དགའ་ཚེ་རིང་ཞེས་མིང་ནས་འབོད་ཞོར་དུ་བཙལ་ཏོ།། ལྷིང་འཇགས་ཀྱི་ཁོར་ཡུག་འུར་ཟིང་དུ་བཟོས་པའི་རྒྱུ་རྐྱེན་ནི་ཐར་འཕེལ་སྐྱག་པ་གཏོང་གི་འགྲོ་ཤུལ་དུ་ཀུན་དགའ་ཚེ་རིང་བོར་སོང་བ་དེ་ཡིན་ཞིང་དེའི་རྐྱེན་གྱིས་སྒྲུང་གཏམ་སྤྱིའི་ཆ་ལ་གཞན་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་ལ་དེ་ནི་ཁོར་ཡུག་ཡོངས་སུ་རྙོག་དྲ་བཟོས་པ་དང་དེའི་བརྒྱུད་རིམ་ནང་སྤོ་བོ་རལ་བ་ཅན་གྱིས་ཕྲེང་བ་སྨྱུགས་ཚུལ་དང་དགེ་རྒན་མི་འགྱུར་གྱིས་དོན་དག་ལ་དབྱེ་ཞིབ་བྱས་ཚུལ་ལམ་ཀུན་དགའ་ཚེ་རིང་བཙལ་སྟངས། མི་རྐྱང་གཅོད་པའི་བྱ་སྤྱོད་དང་སྡེ་དཔོན་གྱི་བཀོད་འདོམས།ཕྲུ་གུའི་ཁྲོད་ཀྱི་རང་ཉིད་ཀྱིས་ལན་གཉིས་ལ་ཕ་རྒན་གྱི་ལྭ་ཡི་ཐུ་སྣེར་འཇུས་ཚུལ་བཀོད་དེ་རང་ཉིད་ཀྱི་བྱིས་དུས་ཀྱི་འཇིགས་སྣང་དང་དྲི་མ་བྲལ་བའི་བྱིས་བློ་ནི་ཇི་འདྲའི་གཙང་བ་སོགས་སྡོང་བོ་གཅིག་གི་ཡལ་ག་ལྟར་ཕྱོགས་གཅིག་ཏུ་བཀོད་ཡོད། དེ་བཞིན་“བོད་ཀྱི་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་ཧ་ཅང་གླེང་རིན་ཡོད་པའི་བརྗོད་བྱ་གང་མང་ཞིག་ད་དུང་འཚོ་བའི་གྲུ་ཟུར་རེ་རེ་ན་ས་འོག་གི་གཏེར་རྫས་བཞིན་ལུས་འདུག”ཅེས་པ་ལྟར། བོད་ཀྱི་སྒྲུང་གཏམ་མང་བོའི་ནང་དུ་བྱིས་བློ་དང་འཚམ་པའམ་བྱིས་པའི་སེམས་ཁམས་དང་འཚོ་བ་འབྲི་བཞེངས་བྱས་པ་ཤིན་ཏུ་ཉུང་། དེ་བས་ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང་《མི་ལ་ཙི་ཙི》ནི་བོད་ཀྱི་བྱིས་པའི་སེམས་ཁམས་བརྗོད་བྱར་བཟུང་ནས་བྲིས་པ་ཞིག་ཡིན་པས་སྒྲུང་གཏམ་དེ་ཀློག་སྐབས་ང་ཚོ་མི་སུ་ཡིན་རུང་རང་གི་བྱིས་དུས་ཐོལ་གྱིས་དྲན་སྲིད་པའི་རྒྱུ་མཚན་ནི་ཁོའི་སྒྲུང་གཏམ་སྤྱིའི་ཁྱད་ཆོས་ལྟར་སྐད་ཆ་དང་ཁོར་ཡུག བྱ་སྤྱོད་སོགས་ཞིབ་འབྲི་བྱས་པ་གྲ་དག་ཅིང་ཞིབ་ཚགས་ལྡན་པ། ཟློས་སྐྱོན་དང་ཚིག་གོང་འོག་གི་འགལ་འདུ་མེད་པ་མ་ཟད་གོ་རིམ་འཆོལ་མེད་པས་སྒྲུང་གཏམ་དུ་བྲིས་པའི་དོན་དག་རྣམས་གཟུགས་ཅན་བཞིན་མིག་ལམ་དུ་ཤར་ཡོང་། མི་དར་མ་མི་རྣམས་ཀྱི་མིག་ནང་གི་བྱིས་པ་ནི་ནམ་ཡང་ཤིན་ཏུ་ཆུང་ཞིང་“མཐེ་བོང་”ཙམ་ལས་མེད་པ་དང་ཕྲུ་གུ་ཡིན་པའི་རང་གི་སྣང་ངོར་ད་ནི་ལག་ཆགས་འདུག་སྙམ་པའི་སྐབས་དེར་ད་རུང་མི་ལ་ཙི་ཙི་ལྟ་བུའི་མི་མ་ཡིན་པའི་རིགས་ལ་སྐྲག་ཅིང་ལྷག་ཏུ་ཀུན་དགའ་ཚེ་རིང་ཤི་བས་འཆི་བ་ཞེས་པ་ཡང་དུས་ངེས་མེད་དུ་རང་དང་ཉེ་བར་བཅར་སྲིད་པའི་ངེས་ཤེས་ཐོག་མར་རྙེད་ཅིང་དོན་དུ་འཆི་བས་ཀྱང་མི་ལ་ཙི་ཙི་བཞིན་སྙིང་རྗེ་སྤུ་ཙམ་མེད་པར་མི་མཐོང་བའི་གནས་གང་ཞིག་ཏུ་ཁྲིད་འགྲོ་བ་གཞི་ནས་རྟོགས་ཡོད།
          བཞི་བ། བྱིས་སྒྲུང་དང་མི་ལ་ཙི་ཙི།
          《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》སུ་“དེ་ལ་བྱ་དཔེ་བྱིའུ་སྒྲུང་ཡང་ཟེར་ཏེ། སྒྲུང་ཚོགས་ཤིག་ལ་གོ་དགོས།དེའི་ནང་བྱ་བྱེའུ་ཁོ་ན་མ་ཟད། སྤྲེའུ་དང་རི་བོང་སོགས་རི་དྭགས་ཀྱི་སྒྲུང་དང་། སེང་གེ་དང་ཝ་མོ་སོགས་གཅན་གཟན་གྱི་སྒྲུང་། བུང་བ་དང་ཕྱེ་ལེབ་སོགས་འབུ་རིགས་ཀྱི་སྒྲུང་སོགས་སྒྲུང་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་འདུས། དེ་དག་ལ་འཕྲུལ་སྣང་དང་སྒྲོ་འདོགས། འུད་བརྗོད་མང་བ་ནི་བྱིས་པའི་བསམ་བློ་དང་མཐུན་པས།བྱིས་པ་རྣམས་ལ་ཀུན་སྤྱོད་དང་ཤེས་རིག་བཅས་ཀྱི་སློབ་གསོ་གཏོང་བའི་བྱ་ཐབས་ཤིག་ཡིན།” ཞེས་གསུངས་པ་ལྟར་བོད་ཀྱི་བྱིས་སྒྲུང་མང་བོ་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད་པ་དང་འདྲ་བར། སྒྲུང་གཏམ་དེའི་ནང་དུ་ཕྲུ་གུ་ཞིག་བོར་བ་དང་མཐར་ཤི་བའི་དོན་རྐྱེན་དང་བརྒྱུད་རིམ་ཞིབ་ཅིང་ཚུགས་སུ་ཆུད་པར་བྲིས་ནས་བོད་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བྱིས་པར་སློབ་གསོ་གཏོང་བྱེད་གནའ་གཏམ་མམ་གཏམ་རྒྱུད་དྲངས་ཡོད་ལ། སྤོ་བོ་རལ་བ་ཅན་གྱིས་བཤད་པའི་མི་ལ་ཙི་ཙི་ཞེས་པའི་གཏམ་རྒྱུད་ཁྲོད་ཀྱི་མི་ལ་ཙི་ཙི་ཟེར་བའི་མི་མ་ཡིན་པའི་གང་ཟག་ཅིག་ཡིན་ལ་མི་མ་ཡིན་པའི་རིགས་སུ་གཏོགས་པ་དེ་ནི་བྱིས་པ་རྣམས་ལ་འཇིགས་སྐྲག་སློང་བྱེད་དམ།གསལ་བོ་མིན་ཞིང་རབ་རིབ་མག་མོག་ཡིན་པའི་མི་ལ་ཙི་ཙི་ནི་ཕྲུ་གུ་ཞིག་ལ་མཚོན་ན་ངེས་པར་དུ་གསར་ཐག་ཆོད་པ་ཞིག་ཤེས་དགོས་ལ་ཤེས་འདོད་ཀྱང་སྐྱེས་ཤིང་དེའི་ཕྱོགས་ལ་བསམ་བློ་གང་མང་གཏོང་སྲིད། དར་མ་རྣམས་ལ་མཚོན་ན་ཡང་། མི་ལ་ཙི་ཙི་ཞེས་པ་གསལ་བོ་ཞིག་དང་གཟུགས་ཅན་ཞིག་བཤད་མི་ཐུབ་རུང་། ཕྲུ་གུ་རྣམས་ལ་ནམ་རྒྱུན་མི་ལ་ཙི་ཙིའི་སྐོར་གྱི་གཏམ་རྒྱུད་བཤད་དེ་འཇིགས་སྐྲག་བསློང་གི་ཡོད། མར་ནང་ལུང་བར་མཚོན་ན་མི་ལ་ཙི་ཙིའི་བྱད་གཟུགས་དང་བྱ་སྤྱོད་སོགས་བཤད་ཐུབ་མཁན་སྤོ་བོ་རལ་བ་ཅན་ཡིན་ཞིང་། སྤོ་བོ་རལ་བ་ཅན་གྱིས་བཤད་པའི་མི་མ་ཡིན་པའི་མི་ལ་ཙི་ཙི་ནི་བྱིས་པའི་ཚེ་སྲོག་ལ་གནོད་པ་བྱེད་མཁན་ཞིག་ཡིན་པ་ཀུན་དགའ་ཚེ་རིང་གི་ཤི་རྐྱེན་ལ་སྦྱར་ཏེ་གཟུགས་ཅན་བཞིན་ར་སྤྲོད་བྱས་པས།སྒྲུང་གཏམ་འདི་ཀློག་དུས་བོད་བྱིངས་ཀྱི་དམངས་ཁྲོད་ཀྱི་གཏམ་རྒྱུད་གཞན་དག་དང་བྱིས་པའི་བདེ་ཐང་སྐོར་གྱི་བྱིས་སྒྲུང་དག་མི་ལ་ཙི་ཙི་དང་འདྲ་བར་ངོས་ཟིན་དང་རྒྱུས་ལོན་སོགས་གསལ་ཐག་ཆོད་པ་ཞིག་མེད་ཀྱང་དེ་ལ་སྐྲག་ཅིང་འཇིགས་ཏེ་ཡུལ་དང་བྲལ་ནས་ཐག་རིང་དུ་རྩེ་རུ་འགྲོ་མི་ཕོད་པ་དང་གད་སྐྱིབས་དང་ཆུ་འགྲམ་སོགས་བདེ་འཇགས་མིན་པའི་གནས་སུ་འགྲོ་མི་ཕོད་པའི་རྒྱུ་མཚན་དར་མ་ཚོས་བཤད་པའི་མི་ལ་ཙི་ཙི་ལ་དང་ང་ཚོའི་ཕ་ཡུལ་ཕྱོགས་ཀྱི་ཆུ་འདྲེ་རྒན་མོ་ལྟ་བུའི་གཏམ་རྒྱུད་ནི་ཕྲུ་གུའི་སེམས་ཁམས་དང་ནར་སོན་པའི་ལོ་ཟླ་དང་ཤིན་ཏུ་འཕྲོད་པ་དེ་ནི་བྱིས་པའི་བདེ་ཐང་དང་སེམས་ཁམས་ལ་འབྲེལ་བ་དམ་པོ་ཡོད་པའི་ངག་ནས་ངག་ཏུ་བརྒྱུད་པའི་ངག་ཐོག་རྩོམ་རིག་ཅིག་ཀྱང་ཡིན། མི་ལ་ཙི་ཙི་ཞེས་པའི་སྒྲུང་གཏམ་ནི་བྱིས་སྒྲུང་ངམ་བོད་ཀྱི་དམངས་ཁྲོད་བཤད་རྒྱུད་ལ་སྦྱར་ཏེ་རང་ཉིད་ཕྲུ་གུ་ཡིན་པའི་ཉིན་ཞིག་ལ་བྱུང་བའི་དོན་དག་བྲིས་ཏེ་སྦ་གསང་མེད་པར་བྱིས་པས་མ་ངེས་པའི་འཇིག་རྟེན་གྱི་གསང་བ་ཡོད་ཚད་རྟོག་འདོད་ཀྱི་སེམས་ཁམས་ནི་སྒྲུང་གཏམ་གྱི་བྱུང་རིམ་བྱས་ཡོད། སྤྱིར་རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་བ་ཡིན་ཞེས་པ་ལྟར་བྱིས་པའི་སེམས་ཁམས་གཞིར་བཟུང་ནས་དེ་ལ་རམ་འདེགས་སུ་མི་དར་མ་དག་ཀྱང་གསོན་ཉམས་ལྡན་པར་བཞེངས་སྐྲུན་བྱེད་དོན་གྲལ་རིམ་མི་འདྲ་བ་དང་ཐོབ་ཐང་མི་འདྲ་བའི་ཁྲོད་ཀྱི་མི་མང་བོ་མི་གཅིག་ཏུ་འབྲི་བཞེངས་བྱས་ཡོད།དེ་ལ་མི་གཅིག་གིས་གྲལ་རིམ་དེའི་མི་ཡོད་ཚད་མཚོན་པར་བྱས་ཡོད་ཀྱང་། ཕྲུ་གུ་བཞི་བོ་ནི་སུ་དང་གང་གི་ཚབ་མཚོན་བྱས་མེད་པར་བཏང་སྙོམས་སུ་བཞག་འདུག རྒྱུ་མཚན། སྒྲུང་གཏམ་དེའི་བརྗོད་བྱ་གཙོ་བོ་ནི་གོང་དུ་བཤད་ལྟར་ཕྲུ་གུ་བཞི་བོའི་བྱ་སྤྱོད་དང་སེམས་ཁམས་ལ་འབྲེལ་དམ་པོ་ཡོད་པ་མ་ཟད་དམིགས་སུ་ཀུན་དགའ་ཚེ་རིང་ཤི་བ་དེ་དང་འབྲེལ་ནས་སྤོ་བོ་རལ་བ་ཅན་གྱིས་བཤད་པའི་མི་ལ་ཙི་ཙི་ཞེས་པ་དངོས་སུ་འཚོ་བའི་ཁྲོད་དུ་ཡོད་པར་ངོས་འཛིན་གསར་བ་ཞིག་ཐེབས་པས་རེད།མདོར་ན་མི་ལ་ཙི་ཙི་ཞེས་པའི་སྒྲུང་གཏམ་གྱི་ཁྲོད་དུ་དམངས་ཁྲོད་ཀྱི་བྱིས་སྒྲུང་གི་རྨང་གཞིའི་ཁར་དེའི་དགེ་མཚན་དང་རིན་ཐང་ལས་ནར་མ་སོན་པའི་བྱིས་པ་ཚོས་གཏམ་རྒྱུད་ནང་གི་མི་དང་མི་མ་ཡིན་པའི་རིགས་ལ་ཇི་ལྟར་ངོས་འཛིན་དང་རྟོག་བཏགས་ཀྱི་འཇིག་རྟེན་དང་བྱ་དངོས་ལ་ཟབ་ཞུགས་བྱེད་ཚུལ་བརྗོད་འདུག དེའི་ཕྱིར། སྒྲུང་གཏམ་དེ་ཀློག་ཚེ་རང་ཉིད་བྱིས་པ་ཡིན་དུས་མི་རྒན་པའམ་དར་མ་ཚོས་བཤད་པའི་གཏམ་རྒྱུད་དག་དྲན་ཡོང་ལ་སྒྲུང་གཏམ་འདིས་བྱིས་པ་རྣམས་ཀྱི་འཚོ་བ་དང་སེམས་ཁམས། བྱ་སྤྱོད་ལ་གདེང་འཇོག་དང་བརྩི་བཀུར་བྱས་འདུག་སྙམ།
          ལྔ་བ། མི་ལ་ཙི་ཙི་མངོན་གྱུར་བྱུང་བ།
          མི་ལ་ཙི་ཙི་ནི་མཚོ་སྔོན་རོང་ཕྱོགས་སུ་དར་ཁྱབ་ཆེ་བའི་བྱིས་སྒྲུང་ཞིག་ཡིན།ཕྲུ་གུའི་སྣང་ངོར་གསལ་བོ་མིན་ཞིང་རབ་རིབ་མག་མོག་ལས་འཆར་མི་ཐུབ་པའི་གཟུགས་བརྙན་དེ་སྔོན་ཆད་སྤོ་བོ་རལ་བ་ཅན་གྱིས་བཤད་པའི་མི་ལ་ཙི་ཙི་ནི་ཀུན་དགའ་ཚེ་རིང་གི་ཤི་རྐྱེན་དང་འབྲེལ་ཏེ་དེ་རིང་མངོན་གསལ་དུ་ཤེས་རྟོགས་བྱུང་སོང་། དོན་དུ་མི་ལ་ཙི་ཙིས་དངོས་སུ་བྱིས་པ་གསོད་པའམ་བཟུང་མི་འགྲོ་རུང་།དེས་ཇི་ལྟར་བྱས་ནས་ཐེམ་ཁ་དང་གད་ཁ་ནས་མར་ལྡིང་ན་བྱིས་པས་ལད་མོ་བྱས་ཏེ་མར་ལྡིང་སྲིད་པས། མཐར་བྱིས་པ་པའི་ཚེ་སྲོག་ལ་ཉེན་ཁ་ཆེ་བས་རྒྱུན་དུ་དར་མ་རྣམས་ཀྱིས་བྱིས་པར་སློབ་གསོ་གཏོང་དུས་མི་ལ་ཙི་ཙི་སོགས་ཀྱི་གཏམ་རྒྱུད་བཤད་བཞིན་ཡོད། དོན་དུ་བྱིས་པའི་བདེ་འཇགས་ཀྱི་ཆེད་དུ་དོན་དག་གང་རུང་གཏམ་རྒྱུད་ལ་སྦྱར་ནས་ངེས་སླ་བར་བྱས་ནས་བཤད་པ་རེད། སྒྲུང་གཏམ་དེའི་ནང་དུ་ཀུན་དགའ་ཚེ་རིང་ཤི་རྗེས་ད་གཟོད་སྡེ་དཔོན་དང་མི་རྐྱང་གཅོད་པ་སོགས་ཀྱིས་ཁ་བརྡ་ལས་མི་ལ་ཙི་ཙིའི་སྣང་བརྙན་དེ་མི་རུ་བཞེངས་སྐྲུན་བྱས་པའམ་མིའི་གཟུགས་སུ་བཀོད་པ་བརྒྱུད། མི་དར་མ་རྣམས་ཀྱིས་བཤད་པ་ལས་རང་གི་སེམས་སུ་“མི་ལ་ཙི་ཙི་ཟེར་བའི་མིའུ་ཐུང་སྒྲེན་པོ་སྐྲ་ལོ་རིང་བོ་ཅན་”ཞིག་ཏུ་སྣང་བ་ནི་སྨིན་མ་ཐུབ་པའི་བྱིས་པའི་འཆར་སྣང་ཙམ་ཡིན་ཡང་། དར་མ་ཚོས་ཀྱང་རང་རང་ས་ནས་མི་ལ་ཙི་ཙི་ཞེས་པའི་གཟུགས་བརྙན་ཐ་དད་པ་རེ་བཤད་པས་ཁོ་ཚོས་ཀྱང་མི་ལ་ཙི་ཙི་དེ་འདྲའི་གསལ་བོ་ཞིག་ཤེས་ཀྱིན་མི་འདུག མི་རྐྱང་གཅོད་པས་མཐོང་བའི་མི་མ་ཡིན་པའི་རིགས་ཤིག་གད་ཁ་ནས་མར་ལྡིང་བ་དེ་མི་ལ་ཙི་ཙི་རེད། དེས་ན་མི་ལ་ཙི་ཙི་དངོས་སུ་མངོན་དུ་གྱུར་རུང་དེའི་བྱད་གཟུགས་ཇི་ལྟ་བུ་ཞིག་ཡིན་པ་དར་མ་ཚོ་ཡང་བཤད་རྒྱུ་མེད་ལ་ཕྲུ་གུ་ཚོ་ནི་དེ་བས་ཀྱང་ངོ་།། འོན་ཀྱང་། བྱིས་པའི་སྣང་ངོར་“མི་ལ་ཙི་ཙི་ཟེར་བའི་མིའུ་ཐུང་སྒྲེན་པོ་སྐྲ་ལོ་རིང་བོ་ཅན་”ཞིག་ཏུ་རྟོག་བཟོ་བྱས་པའི་མིའུ་ཐུང་ཟེར་བ་དེ་ཡང་བྱིས་པ་རང་གི་གཟུགས་གཞིའི་ཚད་ལྟར་དཔེ་བླངས་པ་དང་ཡང་ན་མི་ལ་ཙི་ཙིས་བྱིས་པ་རྣམས་ལ་མགོ་བསྐོར་དང་བསླུ་བྲིད་གཏོང་བྱེད་དུ་རང་ཉིད་མིའུ་ཐུང་དུ་བརྫིས་པ་སོགས་ཞིབ་ཏུ་བརྟག་ན་ཤེས་སྲིད་ཀྱང་། བོད་ཀྱི་བྱིས་སྒྲུང་གི་ཁྱད་ཆོས་ལྟར་མི་ལ་ཙི་ཙི་ཡང་བྱིས་པ་ཁོ་ན་ལས་གཞན་མི་དར་མ་སོགས་ལ་གནོད་པ་མི་བྱེད་པ་ཤིན་ཏུ་གསལ་ཏེ་ཀུན་དགའ་ཚེ་རིང་མི་སྣང་བར་གྱུར་དུས་སྤོ་བོ་རལ་བ་ཅན་གྱིས་མོ་བཏབ་མ་ཐག་ཏུ་“ཀུན་དགའ་ཚེ་རིང་མི་ལ་ཙི་ཙིས་ཁྲིད་པ་འདྲ་ ”ཞེས་ཐལ་དོན། ཕྲུ་གུ་རང་ཉིད་གཅིག་པུ་ཁེར་རྐྱང་དུ་སོང་ན་མི་ལ་ཙི་ཙིས་ཁྲིད་འགྲོ་བ་བསྟན་ཡོད། དེས་ན་སྒྲུང་གཏམ་དུ་མི་དར་མ་བོར་ན་མི་ལ་ཙི་ཙིས་ཁྲིད་འགྲོ་བ་དངོས་སུ་བསྟན་མེད་པ་དང་དར་མ་རྣམས་ཕྲུ་གུ་ཚོ་དང་འདྲ་བར་མི་ལ་ཙི་ཙིའི་ཕྱོགས་ལ་དེ་འདྲའི་བསམ་བློ་གཏོང་གི་མེད་པས་ཞོར་དུ་མི་དར་མ་ལ་གནོད་འཚེ་མི་གཏོང་བ་བསྟན་ཡོད། མི་ལ་ཙི་ཙི་ནི་མི་མི་ཡིན་པས་ཤི་བའི་ཉེན་ཁ་སོགས་ལ་དོགས་སྣང་མེད་ལ་བྱིས་པ་རྣམས་ལ་འཆི་རྒྱུ་ཡོད་པས་རང་གི་ཚེ་སྲོག་དང་བདེ་འཇགས་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་མི་ཤེས་པའི་དབང་གིས་མི་ལ་ཙི་ཙིས་མགོ་བསྐོར་བཏང་ནས་མཐར་འཆི་བའི་གནས་སུ་ཁྲིད་འགྲོ་བའོ།། སྒྲུང་གཏམ་ནང་དུ་མི་ལ་ཙི་ཙི་དངོས་སུ་མངོན་དུ་གྱུར་རུང་། དེའི་བྱད་གཟུགས་ཇི་ལྟ་བུ་ཡིན་པ་གསལ་བོ་ཞིག་བཤད་མི་འདུག བཤད་ཡོད་ནི་ཕྲུ་གུའི་སྣང་ངོར་ཤར་བའི་མི་ལ་ཙི་ཙི་དང་རྒན་པའི་ངག་སྒྲོས་ལས་ཐོས་པའི་མི་ལ་ཙི་ཙིའི་རྣམ་པ་ཙམ་ལས་དངོས་སུ་མི་ལ་ཙི་ཙི་ནི་འདིའོ་ཞེས་ཀློག་པ་པོ་ལ་བརྗོད་བྱའི་མཐའ་མཇུག་གི་གསང་བ་ལྷང་ལ་ཕུད་མི་འདུག དེ་ནི་བདག་གི་རྨོངས་བློར་ཤར་ཚོད་ནི་བོད་ཀྱི་བྱིས་སྒྲུང་གི་ནང་དོན་ནི་རབ་རིབ་ཡིན་པ་ལས་ཕྱི་གསལ་ནང་གསལ་ཞིག་མིན་པ་བྱིས་པ་རྣམས་ལ་དེ་ཉིད་རྟོགས་འདོད་ཀྱི་སྒྱུ་རྩལ་གྱི་འགུག་ཤུགས་ལྡན་ལ་སློབ་གསོའི་རང་བཞིན་ཅན་གྱི་ཁྱད་དུ་འཕགས་པའི་རྩོམ་རིག་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཏུ་འདོད་དོ།། 
          མཇུག་གཏམ།
          སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་གང་ཞིག་བཀླགས་ཀྱང་དེ་ལ་ཕྲན་བཤད་དང་དཔྱད་པ་གཏོང་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ཁྱོན་ནས་མིན་ཞིང་ལྷག་ཏུ་རྩོམ་པ་པོའི་བསམ་གཞིག་གི་བཟོ་གྲྭ་ལས་བཟོ་བཅོས་རབ་དང་རིམ་པ་བྱས་ནས་ཐོན་པའི་ཕུན་སུམ་ཚོགས་པའི་ཤེས་རབ་ཀྱི་འབྲས་བུ་དེ་ལ་མི་གཞན་གྱིས་ཅི་བསམ་གང་འདོད་དུ་དཔྱད་ལོག་དང་འགྲེལ་ལོག་བྱས་ན་རྩོམ་མཁན་གང་དེ་ལ་བརྩི་བཀུར་མ་བྱས་པ་དང་ཁྱད་གསོད་བྱས་པའི་སྣང་ཚུལ་ལས་མ་འདས་མོད། བཟློག་ཏུ་མེད་པའི་དཔེ་ཀློག་གི་འཚོ་བ་ལས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་བསྡུས་དེབ་ཅིག་བཀླགས་པ་དང་དེ་ལས་《མི་ལ་ཙི་ཙི》ཞེས་པའི་སྒྲུང་ཐུང་དེ་ཡང་དང་ཡང་དུ་བཀླགས་རུང་སུན་སྣང་ལས་སྤྲོ་སྣང་སྟེར་ཞིང་། ཕྱིར་དྲན་གྱི་ཀློང་དུ་སྐད་ཅིག་ཉིད་ལ་ཁྲིད་པས་རང་གིས་ནུས་ཚོད་ཀྱིས་དཔྱད་ཁུལ་བྱས་ནས་བདག་གི་མཐར་ཕྱིན་དཔྱད་རྩོམ་དུ་བྲིས་པ་ཡིན་པས་སྒྲུང་ཐུང་དེ་འགྲེལ་ལོག་དང་བྲིས་ནོར་ཅི་མཆིས་ཚང་མ་རྩོམ་པ་པོ་ཁོང་ལ་དགོངས་དག་ཞུ་བ་དང་སྐྱོན་དང་ནོར་འཁྲུལ། ཆད་ལྷག་དང་བརྡ་སྤྲོད་ཀྱི་ཞན་ཆ་ཅི་ཡོད་ཀློག་པ་པོ་རྣམས་ཀྱིས་དགོངས་འཆར་ལྷུག་པོར་གསུང་རོགས་ཞུ།
          དཔྱད་གཞིའི་ཡིག་ཆ།
          《ལམ་གྱི་ཉི་འོད།》ལྷ་བྱམས་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༡༢པར་གཞི་དང་བོ་བསྒྲིགས། ༢༠༡༠ལོའི་ཟླ༡༢དཔར་ཐེངས་དང་བོ་དཔར། p106-123
          《རྩོམ་རིག་གཞུང་ལུགས་གནད་བསྡུས།》རྡོ་རྗེ་རིན་ཆེན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་༡༠པའི་པར་གཞི། p283
          《རྩོམ་འཇུག་རིག་གཞོན་དགའ་ཚལ།》ཁྲི་བསམ་གཏན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༣པའི་པར་གཞི། p73. 127
          《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ།》འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༡པར་པར་གཞི་དང་བོ་བསྒྲིགས། ༢༠༠༥ལོའི་ཟླ༡པར་པེ་ཅིན་དུ་དཔར་ཐེངས་དང་བོ་བརྒྱབ། p 306-307
          《ཟླ་ཟེར།》༢༠༡༣ལོའི་འདོན་ཐེངས་གསུམ་པ། p73. 67
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716