སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་རང་མོས་སྙན་ངག་གི་དུས་མཚམས་ལ་གསར་དུ་དཔྱད་པ།
སྤེལ་དུས། 2017-09-01   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རིན་ཆེན།
          ནང་དོན་གནད་བསྡུས། དཔྱད་རྩོམ་ཐུང་ངུ་འདིའི་ནང་བོད་ལ་བཙན་པོའི་རྒྱལ་རབས་སྐབས་ནས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་རྩོམ་རིག་བརྩམས་ཆོས་ཡོད་པ་བསྟན་ནས། རང་མོས་སྙན་ངག་གི་ཐོག་མའི་དུས་མཚམས་ཀྱང་སྤུ་དེ་གུང་རྒྱལ་དུས་ནས་འཇོག་དགོས་པ་གསལ་བཤད་བྱས་ཡོད་ལ། འོན་ཀྱང་། བཙན་པོའི་དུས་རབས་ཀྱི་མགུར་གླུའི་རྣམ་པའི་ རང་མོས་སྙན་ངག་ལ་དེང་གི་སྙན་ངག་གསར་བ་ཞེས་པའི་ཐ་སྙད་དེ་སྦྱར་ན་འོས་འཚམས་མིན་པས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྐབས་མཁས་དབང་དོན་གྲུབ་རྒྱལ་གྱིས་བརྩམས་གནང་བའི་《ལང་ཚོའི་རྦབ་ཆུ》ནས་གཙོས་པའི་རང་མོས་སྙན་ངག་གི་བརྩམས་ཆོས་རྣམས་ལ་ད་གཟོད་སྙན་ངག་གསར་བ་ཞེས་བརྗོད་ན་མིང་དོན་མཚུངས་པ་བརྗོད་ནས། རང་མོས་སྙན་ངག་དང་སྙན་ངག་གསར་བ་ཞེས་པའི་ཐ་སྙད་འདི་གཉིས་ལ་དུས་མཚམས་འཇོག་སྟངས་ཀྱི་ཆ་ནས་ཁྱད་པར་ ངེས་ཅན་ཡོད་པ་གླེང་ཁུལ་བྱས་ཡོད།
          བརྡ་ཆད་གཙོ་བོ། གནའ་རབས་མགུར་གླུ  རང་མོས་སྙན་ངག  སྙན་ངག་གསར་བ།  དུས་མཚམས།  ཁྱད་པར།                 
གླེང་གཞི།  
          དེ་ཡང་རང་ཅག་བོད་མི་རིགས་ནི་གནའ་སྔ་མོའི་དུས་ནས་མདོ་དབུས་མཐོ་སྒང་དུ་འཚོ་ཞིང་གནས་པའི་ཁྱད་ལྡན་མི་རིགས་ཤིག་ཡིན་ཞིང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྔོན་བྱོན་མེས་པོ་རྣམས་ཀྱིས་རང་རང་གི་ བློ་གྲོས་རྩལ་ལ་བརྟེན་ནས་ངོ་མཚར་ལྡན་པའི་ཁྱད་འཕགས་ཤེས་རིག་རི་བོའི་གཏོས་དང་མཉམ་པ་གསར་སྐྲུན་གནང་བས། གཞན་མི་རིགས་ལ་ངོ་གནོང་མི་དགོས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་གཏོད་ཡོད་ལ། ལྷག་པར་དུ་ གནའ་རབས་རྩོམ་རིག་ནི་བོད་ཀྱི་རྩོམ་རིག་གི་སྐྱེས་མོས་ཚལ་ན་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཆུན་པོ་ཞིག་དང་།སྔོན་བྱོན་མེས་པོ་རྣམས་ཀྱིས་ཤ་ཁྲག་རུས་གསེང་ལས་མཆེད་ཅིང་མི་རིགས་རང་ཉིད་ཀྱི་རྩོལ་བ་དང་རྣམ་དཔྱོད་ཀྱི་ཐུགས་རིག་ལས་བལྟམས་པའི་རིན་བྲལ་གྱི་དགོས་འདོད་ནོར་བུ་ཉག་གཅིག་ཡིན་པས། དེ་དག་ གནའ་བོའི་ཤེས་རིག་གི་བང་མཛོད་ནང་བདུད་རྩིའི་ཉིང་ཁུ་འཁྱིལ་བ་བཞིན་གཟི་བྱིན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བཞིན་མཆིས།   གནའ་རབས་དུས་སྐབས་སུ་གངས་ལྗོངས་འཛིན་མའི་དཀྱིལ་འཁོར་ཡངས་མོར་དར་བའི་སྙན་ངག་ནི་བོད་ ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་རིག་གི་ཐོག་མའི་རྣམ་པ་ཡིན་ཞིང་།  དེས་བོད་ཀྱི་སྙན་ངག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་མི་རིགས་གཞན་ལ་གཞན་དྲིང་མི་འཇོག་པའི་འབུར་ཐོན་གྱི་ནུས་པ་དང་རིན་ཐང་གཞལ་བར་དཀའ་བའི་གལ་ཆེའི་གནས་བབ་བཟུང་ཡོད་ལ།  ཕ་མེས་ཡང་མེས་ཚོའི་བློ་གྲོས་ཀྱི་རྣམ་དཔྱོད་སྤྱན་ལས་བལྟམས་པའི་གནའ་རབས་ཀྱི་ཤེས་རིག་དཔག་བསམ་ལྗོན་དབང་དེར་རྩ་བ་ལྟ་བུའི་རྨང་གཞི་བཏིང་ཡོད། དེའི་ཕྱིར། བོད་ཀྱི་སྙན་ངག་གི་ནང་གསེས་རང་མོས་སྙན་ངག་གི་འཕེལ་རིམ་དང་དེ་ནམ་དར་བའི་དུས་མཚམས་ལ་སྲེག་བཅད་བརྡར་བའི་གསེར་བཞིན་དུ་ངོས་འཛིན་དང་དཔྱད་པ་ཡང་དག་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བར་མཐོང་རྐྱེན། ཕྲན་གྱིས་དེའི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་ཅུང་ཟད་གླེང་བར་སྤྲོ་བས། ཤེས་ཡོན་གྱི་ཕ་མཐའ་རི་བོའི་གཏོས་དང་མཉམ་ཞིང་ལྟ་མཐོང་མྱོང་གསུམ་ནམ་མཁའི་མཐའ་ལྟར་ཡངས་པའི་རྒྱ་ཆེའི་སྨྱུག་ཐོག་པ་དང་རིག་པ་སྨྲ་བའི་དྲན་དབང་རྣམས་པས་བཀའ་སློབ་སྦྲང་ཆར་བསིལ་མ་ཐན་པས་གདུང་བའི་ཁོ་བོའི་ཞིང་ས་ གཤིན་པོར་བསྩལ་རྒྱུའི་འདུན་པ་ཆེས་ཆེའོ།།       
          དང་བོ།  བོད་ཀྱི་རང་མོས་སྙན་ངག་གི་དུས་མཚམས་བཤད་པ།  
          དེ་ཡང་རང་ཅག་བོད་མི་རིགས་ནི་མི་རིགས་གཞན་དང་འདྲ་བར་དེའི་རྩོམ་རིག་ཡོད་དོ་ཅོག་གི་འགོ་ཁུངས་དེ་སྙན་ངག་ཡིན་ལ་རྩོམ་རིག་གི་ཆེས་ཐོག་མའི་རྣམ་པ་དེའང་སྙན་ངག་ཡིན།  བོད་ཀྱི་གནའ་བོའི་རྩོམ་རིག་ཁྲོད་ཀྱི་སྙན་ངག་ལ་གདོད་མའི་རང་བཞིན་གྱི་སྙན་ངག་དང་བཙན་པོའི་རྒྱལ་རབས་སྐབས་ཀྱི་མགུར་གླུའི་རྣམ་པའི་སྙན་ངག་གཉིས་སུ་དབྱེ་ན་ཆོག་པར་འདོད་ཅིང་། དེ་གཉིས་ཀ་ནི་ཕལ་ཆེ་བ་ངག་རྩོམ་གྱི་རྣམ་པའི་ཐོག་ནས་བརྩམས་པ་ཞིག་ཡིན་པ་ཤེས་ཐུབ། དབྱིན་ཇིའི་མཁས་པGeorge·Themsonགྱིས།“གདོད་མའི་དུས་མི་ རྣམས་ཐུན་མོང་དུ་ངལ་རྩོལ་བྱེད་པའི་སྐབས་སུ་གོམ་སྟབས་དང་ལྡན་པའི་བྱ་བ་ལ་གྲུབ་ཆ་གཉིས་ཏེ། ལུས་ཀྱི་ གྲུབ་ཆ་དང་ངག་གི་གྲུབ་ཆའོ། དེ་ལས་སྔ་མ་འཕེལ་རྒྱས་བྱུང་བ་ལས་བྲོ་གར་དང་ཕྱི་མ་འཕེལ་རྒྱས་བྱུང་བ་ལས་གླུ་གཞས་དང་སྙན་ངག་བྱུང་བ་རེད”ཟེར་བ་བཞིན་གདོད་མའི་མི་རྣམས་ཀྱི་བློ་གྲོས་ནར་མ་སོན་ཅིང་རིག་ གནས་ཆུ་ཚད་དམའ་བས།ཁོང་ཚོས་སྤྱི་ཚོགས་ཁྲོད་ཀྱི་ལོ་རྒྱུས་དོན་རྐྱེན་ནམ་ཆབ་སྲིད་དང་དཔལ་འབྱོར། རིག་ གནས། ལོ་རྒྱུས་སོགས་ཀྱི་གནད་དོན་ཕལ་ཆེ་བ་སྙན་ངག་ལམ་ནས་མཚོན་པར་བྱེད་ཅིང་། ཡང་གཅིག་བཤད་ན། གླུ་དང་སྙན་ངགབྲོ་གསུམ་གྱི་འགོ་ཁུངས་གཅིག་ཡིན་པས་སྐབས་དེའི་རྩོམ་རིག་གི་ནང་དོན་ཀྱང་གནད་དོན་དེ་དག་ལས་འཕྲོས་པ་ཡིན། འོན་ཀྱང་མཐར་དེ་གསུམ་པོ་སོ་སོ་རང་ཚུགས་སུ་གྱུར་བ་ཡིན་ཏེ། “རོལ་དབྱངས་ འགྱུར་ཁུག་གི་ཕྱོགས་སུ་འཕེལ་ཅི་ཐུབ་དང་། སྙན་ངག་གམ་གླུ་ཡང་ཚིག་དོན་གྱི་ཕྱོགས་སུ་འཕེལ་ཅི་ཐུབ་བྱས་ པས།སོ་སོའི་བར་གྱི་འབྲེལ་བ་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ་མཐར་གླུ་གར་རོལ་གསུམ་སོ་སོ་རང་ཚུགས་སུ་གྱུར་ཏོ”①ཞེས་པ་ལས་གསལ་ལོ།དེ་ནས་གདོད་མའི་སྙན་ངག་ལ་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་བཙན་པོའི་དུས་སྐབས་སུ་བོད་མི་དམངས་རྨོངས་རྟུལ་ལས་གྲོལ་ཏེ་ཤེས་རིག་དུས་སྐབས་ལ་འཇུག་པའི་འགོ་གསར་པ་ཞིག་བརྩམས་པ་ཡིན་ལ། སྐབས་དེར་དར་བའི་ངག་ཐོག་རང་བཞིན་གྱི་མགུར་གླུའི(གནའ་རབས་མགུར་གླུ་ནི་བོད་བཙན་པོའི་དུས་སྐབས་སུ་རྗེ་བློན་རྣམས་ཀྱིས་བླངས་པའི་མགུར་ལ་བྱ་ཞིང་། དེའི་དུས་ཡུན་གྱི་ཁྱབ་ཁོངས་ནི་སྤུ་དེ་གུང་རྒྱལ་  ནས་བོད་སིལ་བུར་ཐོར་བའི་བར་ལ་ངོས་བཟུང་བ་ཡིན།⑴)རྣམ་པའི་རང་མོས་སྙན་ངག་དག་གིས་བོད་ཀྱི་སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་མི་རྣམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དྲག་པོའི་བསམ་བློ་དང་བརྩེ་དུང་ བརྒྱུད་སྒྲོགས་བྱེད་པའི་བསམ་པའི་དགོས་མཁོ་ངེས་གཏན་སྐོང་ཐུབ་ལ། མགུར་གླུའི་རྣམ་པའི་རང་མོས་སྙན་ ངག་གི་བརྩམས་ཆོས་དག་གིས་ཕྱོགས་ངེས་ཅན་ཞིག་གི་ཐོག་ནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་ ཆབ་སྲིད། དཔལ་འབྱོར། དམག་དོན། རིག་གནས། སྐད་ཡིག གོམས་གཤིས་སོགས་ཀྱི་གནས་ཚུལ་འབྲེལ་བ་ཇི་ལྟ་བུ་ཡིན་པ་རགས་ཙམ་ཤེས་རྟོགས་ཐུབ་ནུས།དེ་བཞིན་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྐབས་དང་འགལ་འདུ། མི་དང་མིའི་བར་གྱི་འགལ་འབྲེལ་སོགས་ཚུར་སྣང་བྱེད་ཐུབ་ཀྱི་ཡོད་པས།བོད་ཀྱི་གནའ་རབས་རྩོམ་རིག་ཁྲོད་ཀྱི་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་དག་ནི་གནའ་རབས་རྩོམ་རིག་གི་ལོ་རྒྱུས་བང་མཛོད་ནང་རྒྱ་ཕིབས་ བཞིན་འོད་ཟེར་འཕྲོ་བའི་ཡིད་བཞིན་ནོར་བུ་ཉག་གཅིག་ཡིན།དེས་བོད་ཀྱི་སྙན་ངག་འཕེལ་རྒྱས་ཀྱི་བཤུལ་ལམ་རིང་མོའི་ཁྲོད་ཚད་གཞལ་དཀའ་བའི་བླ་ན་འཕགས་པའི་གོ་གནས་བཟུང་ཡོད་པ་མ་ཟད་ཤུགས་རྐྱེན་ངེས་ཅན་ལྡན་པས་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་ཆའང་མཁོ་སྤྲོད་བྱེད་ནུས། དེས་ན་བོད་ཀྱི་གནའ་རབས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་དག་ལ་གཅིག་ནས་རྩོམ་རིག་གི་རིན་ཐང་ལྡན་ཡོད་ལ། གཉིས་ནས་ལོ་རྒྱུས་ཀྱི་རིན་ཐང་ཡང་ངེས་ཅན་ལྡན་ཡོད་པས་གཞན་སེམས་ཡིད་ཀྱི་ཉ་མོ་ཁྱེད་ཀྱི་ ལྕགས་ཀྱུས་ཅིག་ཅར་དུ་བཀུག་ཐུབ་རྒྱུ་སྨྲ་མི་དགོས་སོ།།    གཞན་ཡང《སྙན་ངག་མེ་ལོང》བོད་དུ་མ་དར་གོང་ལ་བོད་རང་ལ་སྙན་ངག་གི་རིགས་པའི་གཞུང་ལུགས་ཤིག་མེད་ཀྱང་བོད་ཀྱི་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མེས་པོ་གོང་མ་རྣམས་ཀྱིས་བོད་རང་གི་ཞགས་ཚི་ལྡན་པའི་སྙན་ངག་གི་རྩོམ་རིག་བརྩམས་ཆོས་དུ་མ་གཅིག་རྗེས་གཉིས་མཐུད་ངང་བརྩམས་ནུས་པ་ཡིན་ལ། བོད་ཀྱི་གནའ་རབས་རྩོམ་རིག་ཁྲོད་མ་གཞི་རང་མོས་སྙན་ངག་ཞེས་པའི་ཐ་སྙད་དེ་འདྲ་ཞིག་གཏན་ནས་མེད་ཀྱང་ཁོང་ཚོས་རང་སྟོབས་ཀྱིས་རྩོལ་ཤུགས་ལ་བརྟེན་ནས་མགུར་གླུའི་རྣམ་པའི་ཐོག་ནས་བྲིས་གནང་མཛད་པའི་རང་མོས་སྙན་ངག་གི་རྩོམ་རིག་བརྩམས་ཆོས་དེ་འདྲ་དངོས་སུ་བརྩམས་གནང་ཡོད་པ་ང་ཚོས་མིག་མཐོང་ལག་ཟིན་ཐུབ་པས། རང་མོས་སྙན་ངག་གི་དུས་མཚམས་ཀྱང་དེང་གི་ཤེས་ཡོན་ཅན་དུ་མས་ངོས་འཛིན་བྱེད་པའི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དེ་ལས་བརྒལ་ནས་དེའི་གོང་གི་བཙན་པོའི་རྒྱལ་རབས་སྐབས་ནས་བོད་ལ་རང་མོས་སྙན་ངག་གི་རྩོམ་རིག་བརྩམས་ཆོས་ཡོད་པ་ངོ་སྤྲོད་དང་གསལ་བཤད་མདོར་བསྡུས་བྱས་ན།དཔེར་ན། བོད་རྒྱལ་དགུ་བ་སྤུ་དེ་གུང་རྒྱལ་གྱི་རིང་ལ་བླངས་པའི་མགུར་ལ། “འ་བ་ཉི་ཉེ་བ་ཉིད།  བྱ་རོ་རོ་ན་མདུང་གྀ་རྩེ་རང་ནིག  ཡོས་རོ་རོ་ན་ལྟམ་གྱི་གོང་ར་ནིག  བརླ་བརྡུངས།  སྤུར་བཏབ།  འོབ་དེ་མྱེད་སྤུ་དེ་མྱེད།”②ཞེས་པ་ལྟ་བུའི་མགུར་ལ་ཆ་མཚོན་ན་དཔེ་མཚོན་རངབཞིན་གྱི་མགུར་གླུའི་རྣམ་ པའི་རང་མོས་སྙན་ངག་གི་རྩོམ་སྟངས་སྤྱད་ཡོད།
          སྐྱེ་བོ་མང་བོ་ཞིག་གིས་དེ་ནི་མགུར་གླུའི་རྩོམ་སྟངས་རྣམ་པ་ཡིན་པ་ལས་སྙན་ངག་མ་ཡིན་ཞེས་ཤོད་མཁན་ཡོད་སྲིད་ལ།མགུར་གླུ་དང་སྙན་ངག་ནི་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད་པར་ཐ་དད་ཡིན་པར་བརློམ་མཁན་མི་ཉུང་བ་ཞིག་ཡོད་སྲིད་མོད། འོན་ཀྱང་། གནའ་རབས་རྩོམ་རིག་དང་དེང་རབས་རྩོམ་རིག ཉེ་རབས་ རྩོམ་རིག་གང་ཞིག་ཡིན་རུང་མགུར་གླུ་དང་ལེགས་བཤད་སོགས་ནི་རྩོམ་རིག་གི་རྣམ་པ་ཆེ་གྲས་བཞིའི(འདིར་སྙན་ངག་དང་ལྷུག་རྩོམ།བརྩམས་སྒྲུང་དང་འཁྲབ་གཞུང་ངམ་ཟློས་གར་རྩོམ་རིག་བཅས་ལ་རྩོམ་རིག་གི་རྣམ་པ་ཆེ་གྲས་བཞིར་གོ)ནང་གི་སྙན་ངག་ནང་དུ་བསྡུས་ན་ཆོག་པར་འདོད་དེ། འཇུ་སྐལ་བཟང་མཆོག་གིས། སྙན་ངག་ཅེས་པ་རྩོམ་ལུས་འདིར་འཇུག་ཚུལ་ལའང་ཁྱབ་ཆེ་ཆུང་མི་འདྲ་བ་གཉིས་ཡོད་དེ། མེ་ལོང་མའི་རང་ལུགས་ལྟར་བརྩམས་པའི་སྙན་ངག་ཁོ་ན་ལ་འཇུག་པ་དང་། མགུར། ལེགས་བཤད་དང་བཅས་པའི་སྙན་ངག་སྤྱི་ལ་འཇུག་པའོ”③ཅེས་མགུར་ནི་སྙན་ངག་གི་ཁོངས་སུ་འདུས་པ་རྟོགས་ནུས་ཤིང་། དུང་དཀར་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་།“སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིགས་པའི་གཞུང་ལུགས་བོད་དུ་མ་དར་གོང་དུ་བོད་རང་ཉིད་ཀྱི་ཁྱད་ཆོས་མཚོན་པའི་སྙན་ངག་ཡོད”ཅེས་གསུངས་ཤིང་དེའི་དཔེར་བརྗོད་དུའང་མགུར་མ་མང་དུ་དྲངས་པ། དེ་བཞིན“གླུ་དང་། མགུར། མཆིད་ཅེས་འབྱུང་བ་འདི་ནི་བོད་ཀྱི་གནའ་རབས་སྙན་ངག་གི་དཔེ་མཚོན་ཡག་ཤོས་ཤིག་རེད”④ཅེས་པ། སྙན་ངག་གསར་བའི་ཤིང་རྟའི་སྲོལ་འབྱེད་མཁན་སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གིས《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས》སོགས་སུ་མེ་ལོང་མའི་ལུགས་ལྟར་བརྩམས་པའི་སྙན་ངག་དང་མགུར་གླུ་གཉིས་ནི་དོན་དངོས་ཐོག་བོད་ཀྱི་སྙན་ངག་གི་ནང་གསེས་རྩོམ་སྟངས་མི་འདྲ་བ་རིགས་གཉིས་ཡིན་པ་བསྟན་པ་སོགས་ལས་སྙན་ངག་གི་རྩོམ་རིག་རྣམ་པའི་ཁོངས་སུ་གཏོགས་པ་ཤེས་ཐུབ། དེས་ན་བོད་ཀྱི་བཙན་པོའི་སྐབས་ཀྱི་མགུར་དག་ཀྱང་སྙན་ངག་ཡིན་པ་བརྗོད་མི་དགོས་ལ།གོང་གི་དཔེར་བརྗོད་འདིའི་བརྗོད་བྱའི་ཐད་ནས་བཤད་ནའང་དེ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་རྒྱབ་ལྗོངས་འོག་བྲིས་གནང་བ་ཞིག་ཡིན་པ་དང་། དེའི་ནང་དོན་ལ་འགྲེལ་བཤད་བྱེད་སྟངས་མི་གཅིག་པ་འགའ་ཞིག་ཡོད་ཀྱང་འདིར་རྒྱལ་ རབས་གཡུ་ཡི་ཕྲེང་བའི་འགྲེལ་བཤད་ནང་དོན་ལྟར་བཀོད་ཡོད་དེ། “ཨ་ཁུ་བས་སྙིང་ཉེ་ཁྱེད།  བྱ་རེ་རེ་ནི་མདུང་གི་རྩེ་ལ་འཛེར། ཡོས་རེ་རེ་བཞིན་ཟ་ཞིང་། ཁ་མཚར་གཏམ་རེ་གླེང་། དགྲ་བཅོམ།  བང་སོ་བཞེངས། ཉེན་མེད་འཁོན་མེད”⑤ཅེས་མགུར་དོན་བཀྲལ་བ་དེ་དོན་ལ་གཞོལ་ཞིང་གནད་ལ་འཁེལ་བར་བསམས་ཤིང་། དེ་ནི་ད་བར་དངོས་སུ་མིག་མཐོང་ལག་ཟིན་བྱུང་བའི་བོད་ཀྱི་ཆེས་ཐོག་མའི་རང་མོས་སྙན་ངག་གི་དཔེ་མཚོན་རང་བཞིན་ཡིན་ཏེ། བརྗོད་བྱའི་བསྟན་དོན་ཆ་ནས་དེ་ལས་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་དང་། མི་དང་མིའི་བར་གྱི་འགལ་འབྲེལ་སོགས་ཚུར་སྣང་དང་ལྡོག་འཕྲོ་བྱེད་ཐུབ། དེ་ཡང་ “བོད་ཀྱི་དུས་རབས་རིམ་བྱུང་གི་ རྩོམ་ཡིག་གང་ཞིག དེ་དག་རེ་རེ་ནས་དུས་རབས་ངེས་ཅན་ཞིག་ལ་དབང་བའི་རྐྱེན་གྱིས། རང་རང་ནམ་བྱུང་ བའི་དུས་རབས་ཀྱི་ཁྱད་ཆོས་གསར་བར་མངོན་འདུག་པ་སྨོས་མ་འཚལ”⑥ཞེས་གསུངས་པ་བཞིན། གོང་གི་ མགུར་གླུའི་རྣམ་པའི་རང་མོས་སྙན་ངག་དེ་ལས་ཀྱང་དུས་རབས་ངེས་ཅན་ཞིག་གི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་འདུག་ཏེ། དེ་ལས་བོད་བཙན་པོའི་སྐབས་ཀྱི་རྩོམ་རིག་གི་ཆུ་ཚད་དང་སྐད་ཆའི་སྒྲ་གདངས་ལྕི་ཡངས། དབྱངས་ཉམས་ཀྱི་མཛེས་པ། ཡིད་ཀྱི་འགྱུར་བ་ཇི་ལྟར་མཚོན་པའི་རང་བཞིན །སྐད་ཆའི་སྒྱུ་རྩལ། བརྡ་སྤྲོད་དང་ ཚིག་སྦྱོར་གྱི་རྣམ་པ་ཇི་འདྲ་ཞིག་ཡོད་པ་ང་ཚོའི་མིག་གི་དགའ་སྟོན་དུ་བཤམས་ཤིང་། དེ་བཞིན་སྒྱུ་རྩལ་གྱི་ཁྱད་ཆོས་ཐོག་ནས་བཤད་ན་ཡང་གོང་གི་དཔེར་བརྗོད་དེ་ལྟ་བུ་ངག་རྩོམ་གྱི་རྣམ་པའི་ཐོག་ནས་བྱུང་བ་ཞིག་ཡིན་པས་སྐབས་དེའི་སྤྱི་ཚོགས་སུ་ངག་ལ་གྱེར་སླ་ཞིང་རྣ་བར་སྙན་ཞིང་འཇེབས་པའི་རང་བཞིན་ལྡན་ལ། ལུས་ཀྱི་ཆ་ནས་ཚིག་ཁྱིམ་ཆ་ཡ་ཅི་རིགས་སྤེལ་བས་དབྱངས་ཀྱི་འགྱུར་ཁུག་ཕུན་སུམ་ཚོགས་པ་དང་། དེ་བཞིན་མར་དྲི་རྩམ་དྲི་བྲོ་བའི་བོད་རང་རང་གི་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་གཙོ་ཆེ་བ།སྐབས་བབ་ཀྱི་བརྗོད་བྱའི་ནང་དོན་གནད་ལ་འཁེལ་ཞིང་ཁ་གསལ་བའི་སྒོ་ནས་སྟོན་ནུས་ལ། དར་ཁྱབ་ཆེ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གཏམ་དཔེ་དང་དཔེའི་སྒྱུ་རྩལ་བཀོལ་སྤྱོད་བྱས་ཡོད་དེ། དཔེར་ན་གོང་གི་དཔེར་བརྗོད་ནང་གི་ཚིག་རྐང་གཉིས་པ་དང་གསུམ་པ་གཉིས་དཔེ་བཀོལ་བའི་ཐབས་ལ་བརྟེན་ཡོད་པས་དཔེ་དོན་ཟུང་འབྲེལ་གྱི་སྒོ་ནས་བརྗོད་བྱའི་དོན་འབུར་དུ་ཐོན་པ་དང་། རྗོད་བྱེད་ཚིག་སྦྱོར་བབ་ཆགས་ཤིང་གསོན་ཉམས་ལྡན་ལ་སྐབས་དེའི་སྤྱི་ཚོགས་ཀྱི་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་ཞགས་ཚི་མངོན་པར་གསལ་པོ་ལྡན་པས་དེ་དག་ནི་བོད་ཀྱི་རང་མོས་སྙན་ངག་གི་ཆེས་ཐོག་མའི་རྣམ་པ་ཡིན་པ་སྨོས་ཅི་དགོས། ལྷག་པར་དུ་རྩོམ་རིག་བརྩམས་ཆོས་གང་འདྲ་ཞིག་ཡིན་རུང་དེར་དཔྱད་བརྗོད་དང་དབྱེ་ཞིབ། མྱོང་རོལ་བྱེད་དུས་བརྩམས་ཆོས་དེ་ངེས་པར་དུ་སྐབས་དེའི་སྤྱི་ཚོགས་ཀྱི་དུས་སྐབས་སུ་བཞག་ནས། སྐབས་དེའི་སྤྱི་ཚོགས་དེའི་ལོ་རྒྱུས་དང་གནས་བབ། རྩོམ་པ་པོ་འཚོ་གནས་བྱེད་སའི་ཁོར་ཡུག དཔལ་འབྱོར་དང་ཆབ་སྲིད། རིག་གནས། དེ་བཞིན་སྐབས་དེའི་རྩོམ་རིག་འཕེལ་རྒྱས་ཀྱི་ཆུ་ཚད་དང་མིའི་རྩོམ་འབྲིའི་ནུས་པ། བསམ་བློའི་གོ་རྟོག་བཅས་དང་ཟུང་འབྲེལ་བྱས་ནས་དེར་དཔྱད་པ་དང་། དབྱེ་ཞིབ། མྱོང་རོལ་བྱས་ན་ཧ་ཅང་གི་འོས་ཤིང་འཚམས་པ་ཞིག་ཡིན་པས། སྐབས་དེའི་སྤྱི་ཚོགས་དང་ཟུང་འབྲེལ་བྱེད་པ་ལས་སྤྱི་ཚོགས་དེ་དང་བྲལ་ན། གནའ་རབས་བོད་བཙན་པོའི་སྐབས་ཀྱི་རྩོམ་རིག་བརྩམས་ཆོས་སྙན་ངག་ལྟ་བུར་གོ་བ་གཏིང་ཟབ་དང་རྩོམ་པ་པོའི་བསམ་བློ་དང་ལྟ་བ་མཐར་ཕྱིན་པ་ཞིག་རྒྱུས་ལོན་བྱེད་མི་ཐུབ་ལ། དེར་དཔྱད་བརྗོད་ཡང་དག་ཞིག་བྱེད་མི་ནུས་པ་ཡིན་པས། མྱོང་རོལ་བྱེད་པའི་སྐབས་རྩོམ་པ་པོས་བརྗོད་འདོད་པའམ་བསྟན་བྱའི་ནང་དོན་བདེ་བླག་ངང་ཀློག་པ་པོ་གང་དེས་ཤེས་རྟོགས་མི་ནུས་པ་མ་ཟད་། ཐ་ན། རྩོམ་རིག་བརྩམས་ཆོས་གང་དེའི་རོ་བཅུད་ཡལ་བར་ངེས་ཤིང་རྩོམ་རིག་གི་རིན་ཐང་ཡང་བརླག་སྲིད།    དེས་ན། ངེས་པར་དུ་རྩོམ་རིག་བརྩམས་ཆོས་གང་དེ་བྱུང་བའི་དུས་སྐབས་ཀྱི་ཁྱད་ཆོས་དང་གནས་བབ་སོགས་དང་ཟུང་འབྲེལ་བྱས་ནས་དེར་དཔྱད་པ་གཏོང་དགོས་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེ་བར་སེམས་པས།བོད་ཀྱི་གནའ་རབས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་བརྩམས་ཆོས་དག་ཀྱང་རང་མོས་སྙན་ངག་ཡིན་མིན་དེང་གི་སྙན་ངག་གི་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཁྱད་ཆོས། དེང་དུས་སྙན་ངག་གི་རིགས་ལམ་གྱི་སྟེང་ནས་བརྡར་ཤ་བཅད་དེ་མཐའ་གཅིག་ཏུ་དེ་དག་རང་མོས་སྙན་ངག་མིན་པར་སྨྲས་ན་ཧ་ཅང་གི་དགོད་བྲོ་བའི་གཏམ་དུ་ཟད་འགྲོ་བས་ཁྲོན་པའི་ནང་ནས་ནམ་མཁའི་ཁ་ཞེང་མ་གླེང་བར་སྐར་ཚོགས་དབུས་ཀྱི་ཟླ་བ་དངོས་དེ་མཚོ་ནང་གི་ཟླ་བའི་གཟུགས་བརྙན་ཞིག་ཏུ་འདོད་མི་ཉན་ལ།སྐར་ཚོགས་དབུས་ཀྱི་བསིལ་ཟེར་ཟླ་བ་དེ་ཟླ་བ་དངོས་ལ་བརྩི་རྒྱུ་ནི་ཆེས་གཙོ་ཆེ་ཞིང་། བརྩམས་ཆོས་རང་སྟེང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གཞིགས་ནས་དཔྱད་པ་གཏོང་རྒྱུ་དགོས་སུ་གཙིགས་ཆེ་བས་རང་ཉིད་ལ་མིག་མེད་པར་གཞན་གྱི་གང་ཡང་མཐོང་གི་མིན་འདུག་ཅེས་མི་སྨྲ་བར་འཚལ།    དེ་བཞིན་བོད་བཙན་པོའི་སྐབས་ཀྱི་མགུར་གླུ།“བཙན་པོའི་མཚན་ལ་ནི་ལྷ་ཞེས་པ། གཅེན་སློན་བཙན་  དང་གཅུང་སློན་ཀོལ་གཉིས། ཁོངགཉིས་མཚན་ལ་ནི་ལྷ་ཞེས་པ། སྲིན་བྱ་འུག་པ་དེ་རྒོད་ཀྱིས་བསད།    ཚེས་པོང་ནག་སེང་གིས་ཟིང་རྗེ་བསད། རྗེ་བདེན་གྱི་ནི་འབངས་འཁོར་རྣམས་སྐྱིད། སྒ་མཛེས་པ་རྟའི་རྒྱན་དུ་གྱུར། མི་ཡོད་སྨོན་ནི་རང་ཡང་སྐྱིད། གཡང་དཀར་ལུག་ནི་མཚེ་མ་ལ་སྐྱེས།”⑦ཞེས་པ་ལྟ་བུ་སོགས་ཕྱི་ཚུལ་ནས་བལྟས་ན་སྲོལ་རྒྱུན་སྙན་ངག་གི་རྩོམ་རིག་རྣམ་པའི་ཁོངས་སུ་གནས་ཡོད་ཀྱང་ཚིག་རྐང་རེ་རེའི་ཆ་ཡ་སྙོམས་སྟངས་དང་སྐད་ཆའི་སྒྱུ་རྩལ་ཁྱད་ཆོས་ལ་བལྟས་ན་རང་མོས་སྙན་ངག་གི་ཁོངས་སུ་བཞག་ན་ཆོག་པར་འདོད་དེ། དེའི་ནང་དོན་གྱི་ཆ་ནས་ཡུལ་འཕྱིང་བ་སྟག་རྩེར་ལོག་ཐུབ་པས་ཡིད་སེམས་དགའ་བདེས་མྱོས་པའི་ སེམས་ཁམས་ཀྱི་འགྱུར་བ་དང་ཉམས་སྣང་རྟོགས་ཐུབ། དེའི་ནང་ནས་“སྲིན་བྱ་འུག་པ་དེ་རྒོད་ཀྱིས་བསད། ཞེས་པ་དང་སྒ་མཛེས་པ་རྟའི་རྒྱན་དུ་གྱུར།  གཡང་དཀར་ལུག་ནི་མཚེ་མ་ལ་སྐྱེས།”སོགས་པ་དཔེ་ཡི་རྣམ་པའི་ཐོག་ནས་གསོན་ཉམས་ལྡན་པའི་ངང་བརྗོད་དོན་ཁ་གསལ་སྟོན་ནུས་ལ་དེའི་རྩོམ་ལུགས་ཀྱང་སྲོལ་རྒྱུན་གྱི་སྙན་ངག་ལས་ཆེས་ཆེར་བརྒལ་ཏེ་སྐྱེ་བོའི་ནང་སེམས་ཡིད་ཀྱི་འགྱུར་བ་དང་ཚོར་འདུ་མཚོ་ཡི་རླབས་རྒྱུན་དེ་རང་མོས་ངང་མགུར་གྱི་རྣམ་པའི་ཐོག་ནས་མཚོན་ཡོད་པས། ཚིག་རྐང་ལ་ཚད་བཀག་རང་བཞིན་མེད་ལ་ཡིག་འབྲུའི་གྲངས་ཉུང་དང་ཚིག་གི་ཆ་ཡ་སྡེབ་སྟངས་སོགས་ལ་ཚོད་འཛིན་མེད་པར་རང་མོས་ངང་གང་བདེར་སྦྱར་ཆོག་པ་ཞིག་ཡིན་པས་དེ་དག་ནི་རང་མོས་སྙན་ངག་གི་ཐོག་མའི་རྣམ་པ་ལོས་ཡིན།     རང་མོས་སྙན་ངག་དེ་དག་གི་སྟེང་ནས་བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་ཚུར་སྣང་བྱེད་ལ། སྐྱེ་བོའི་དགའ་སྐྱོ་ཆགས་སྡང་གི་བསམ་པའི་བརྩེ་དུང་དང་ཚོར་འདུ་དྲག་པོ་མགུར་གྱི་རྣམ་པའི་ཐོག་ནས་མཚོན་པར་བྱེད་ཀྱི་ཡོད་པས། དེས་ཕྱོགས་ངེས་ཅན་ཞིག་གི་སྟེང་ནས་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་བཞིན་ཡོད་པ་ནི་ང་ཚོས་ཤེས་གསལ་རེད་ལ་ཕྱིས་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་རྩོམ་མཁན་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་མཁོ་འདོན་བྱས་ཡོད་ཅིང་། སྐྱེས་པའི་མི་ལ་གཏམ་དང་བྱས་པའི་ལས་ལ་རྗེས་བཞག་ཡོད་དོ།    ཡང་གཅིག་བཤད་ན། འགྲོ་བ་མིའི་རིགས་ཀྱི་རྩོམ་རིག་ཡོད་དོ་ཅོག་གི་འབྱུང་ཁུངས་ནི་ངལ་རྩོལ་ལ་གཏུགས་དགོས་ལ། ངལ་རྩོལ་གྱིས་རྩོམ་རིག་གསར་སྐྲུན་བྱས་པས་བོད་ཀྱི་རང་མོས་སྙན་ངག་དེ་དག་ཀྱང་གདོད་མའི་སྙན་ངག་གི་རྨང་གཞིའི་སྟེང་རིམ་བཞིན་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་བྱུང་བ་ཞིག་ཡིན་པས་བཙན་པོའི་རྒྱལ་རབས་དུས་ཀྱི་རང་མོས་སྙན་ངག་གི་བརྩམས་ཆོས་མི་ཉུང་བ་ཞིག་ང་ཚོས་མིག་མཐོང་ལག་ཟིན་བྱུང་བ་དེ་དག་ནི་ཐོལ་བྱུང་གི་སྣང་ཚུལ་ཞིག་མ་ཡིན་པར་སྐབས་དེར་དར་ཞིང་འཕེལ་བའི་སྤྱི་ཚོགས་ཀྱི་རྒྱུ་དང་རྟེན་འབྲེལ་དུ་མ་ཚོགས་པ་ལ་བརྟེན་ནས་བྱུང་བ་ཡིན་ལ། རིན་ཐང་ངེས་ཅན་ལྡན་པས་སྤྱི་ཚོགས་དེའི་མི་རྣམས་ཀྱི་རིག་གནས་དང་བསམ་པའི་དགོས་མཁོ་ངེས་གཏན་སྐོང་ནུས་ཀྱི་ཡོད།ལྷག་པར་དུ་དུས་སྐབས་སོ་སོའི་སྙན་ངག་གི་གོ་དོན་དང་ཁྱད་ཆོས་སོགས་ཅུང་མི་འདྲ་བར་སྣང་ཞིང་། “འདེགས་འཇོག་གསལ་བའི་ངལ་རྩོལ་གྱི་གླུ་འདི་སྙན་ངག་གི་འབྱུང་གཞི་དང་སྙན་ངག་གི་ཆེས་ཐོག་མའི་རྣམ་པའོ”⑧ཞེས་པ་ལྟར། བོད་ཀྱི་བཙན་པོའི་སྐབས་ཀྱི་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་བརྩམས་ཆོས་དག་ཀྱང་ངག་རྩོམ་གྱི་རྣམ་པའི་ཐོག་ནས་བརྩམས་པ་ཡིན་གཤིས་སྐབས་དེའི་སྤྱི་ཚོགས་སུ་ངག་ལ་གྱེར་སླ་ཞིང་དབྱངས་ཀྱི་འདེགས་འཇོག་གསལ་བའི་རང་བཞིན་ལྡན་ཡོད་ངེས། འཇུ་སྐལ་བཟང་གིས “ཚིགས་སུ་བཅད་པའི་རྩོམ་རིག་ལ་སྙན་ངག་གོ” ཞེས་གསུངས་པ་དང་། བདུད་ལྷ་རྒྱལ་གྱིས་“སྙན་ངག་བྱུང་བའི་ཐོག་མའི་དུས་རིམ་དུ་སྙན་ངག་ཡིན་ན་ཚིགས་སུ་བཅད་པ་ཞིག་ཡིན”ཞེས་གསུངས་གནང་འདུག་ལ། ཁོང་གིས་གསལ་བཤད་གནང་བར།འདིར་བཤད་པའི་ཚིགས་བཅད་ནི་ཚིགས་སུ་བཅད་པ་ཙམ་ལས། ཚེག་ཁྱིམ་མཉམ་པའི་ཚིགས་བཅད་ནན་མོ་དེ་མིན་པར་གསུངས་པ་སོགས་ལས་ར་སྤྲོད་ནུས།     གནའ་རབས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་བརྩམས་ཆོས་དེ་དག་ནི་བོད་ཀྱི་ཕ་མེས་ཡང་མེས་ཚོས་ལོ་ཟླའི་བཞུར་རྒྱུན་གྱི་ཁྲོད་ཟུངས་ཁྲག་དང་རྔུལ་ཆུའི་ཐིགས་པ་ཕྲེང་བར་བརྒྱུས་པའི་ནོར་བུའི་དོ་ཤལ་ཉག་གཅིག་ཡིན་ཞིང་། མ་གཞི་སྐབས་དེ་དུས་《སྙན་ངག་མེ་ལོང》ལྟ་བུའི་སྙན་ངག་གི་རིགས་པའི་གཞུང་ལུགས་ཤིག་དར་མེད་ལ་ཚིག་སྦྱོར་བལྟོས་བཅས་ཀྱིས་སྙན་འཇེབས་རང་བཞིན་མེད་མོད། ཆ་རྐྱེན་ངེས་ཅན་འཛོམས་མེད་པའི་དུས་སྐབས་དེའི་སྤྱི་ཚོགས་ཐོག་ནས་བཤད་ན་ཆེས་ཡིད་རངས་དགོས་པ་ཞིག་རེད། དེ་བཞིན་ལེགས་བཤད་དང་གཏམ་དཔེའི་ཚུལ་ལའང་རང་མོས་སྙན་ངག་གི་རྩོམ་རིག་རྣམ་པ་བཀོལ་སྤྱོད་བྱས་ཡོད་པ་དཔེར་ན། “ཐང་ཤིང་གཅིག་འགྲེང་ནི།  ནགས་མཐའ་མྱེད་ལ་ཟུག་ལ།  ཆུ་མྱིག་རྔོ་ཅུང་ནི།  རྒྱ་མཚོ་འི་རྩི་འོ།”⑨ཞེས་གསོན་ཉམས་ལྡན་ལ་གནད་ལ་འཁེལ་བའི་དཔེ་མཚོན་གྱི་ཐོག་ནས་སྤྱི་བྲག་དང་མང་ཉུང་རྩོད་སྒྲུབ་ཀྱི་འབྲེལ་བ་བརྗོད་ཡོད་པས་དེར་ངེས་གཏན་གྱི་མཚན་ཉིད་རིག་པའི་གནས་ལུགས〈哲理〉དང་ལྡན། དེ་བཞིན“གཟུས་ནྀ་ལྷ་བོན་ཏོ། སློན་བཙན་སློན་བཀོལ་གཟུས་ནྀ་ལྷ་བོན་ཏོ། སྲིན་བྱ་རྒོད་ཀྱིས་   བཏག་སྟེ། ཚེས་པོང་ནག་སེང་གིས་བཏགས་སོ།  རྗེ་བདེན་གྱྀས་ནྀ་བཀོལ་ཏོ།  སྒ་བདེན་གྱིས་ནྀ་བསྟད་དོ།   མྱྀ་སྨོན་རུམ་དུ་སྤུང་ངོ་། མཚེ་གཟུགས་རུམ་དུ་འཁྲུངས་སོ།”⑩སོགས་གོང་གི་དཔེར་བརྗོད་དག་ལས་ང་ཚོས་ བོད་ཀྱི་སྐབས་དེའི་རང་མོས་སྙན་ངག་ལ་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡོད་པ་ཤེས་ཐུབ་སྟེ།  སྒྱུ་རྩལ་དང་ལོ་རྒྱུས་མཉམ་འདྲེས་ཀྱི་རྣམ་པ་གཙོ་ཆེ་བའམ། ལོ་རྒྱུས་དང་རྩོམ་རིག་ཟུང་འབྲེལ་གྱི་〈文史结合〉རྣམ་པའི་ཐོག་ནས་བརྗོད་དོན་སྟོན་གྱི་ཡོད་པས་དེར་གཅིག་ནས་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཞིབ་འཇུག་ བྱེད་པར་མཁོ་བའི་རིག་གཞུང་གི་ལོ་རྒྱུས་རིན་ཐང་ཆེན་པོ་ལྡན་ལ།ཆབས་ཅིག་དེར་རྩོམ་རིག་གི་རིན་ཐང་ཡང་ངེས་ཅན་ཡོད་པ་ཡིན།     གནའ་རབས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་རྩོམ་རིག་བརྩམས་ཆོས་དག་ཚིག་ཉུང་ཞིང་མངོན་བརྗོད་བཀོལ་བ་ཉུང་བ། སྒྲ་མདངས་ཀྱི་ཉམས་འགྱུར་མངོན་པར་གསལ་ཞིང་བརྗོད་བྱའི་དོན་ཆེས་ གཅིག་སྡུད་ཀྱི་རང་བཞིན་ལྡན་པ། གཙོ་ཆེ་བ་རང་བཞིན་བརྗོད་པའི་རྒྱན་བཀོལ་བ་མང་ལ་དཔེ་རྒྱན་དང་  གཟུགས་རྒྱན་བཀོད་པའང་མི་ཉུང་བ་ཞིག་ཡོད་ཅིང་། དེ་དག་སྐད་ཆའི་རྩོལ་བ་ལ་ཞུགས་པའི་སྐབས་སྐད་ཆ་ལ་དབུགས་ཀྱི་རྒྱུ་འགྲོས་དང་འགྲོགས་པའི་གཅོད་མཚམས་ངེས་ཅན་ཞིག་ལྡན་ཡོད་ལ་བརྗོད་བྱ་བོད་ཀྱི་འཚོ་བ་དངོས་དང་རྗོད་བྱེད་བོད་སྐད་རང་གཤིས་ལ་ཡོད་པའི་ཁྱད་ཆོས་བརྗོད་པའི་རྒྱན་ཚིག་ཤ་སྟག་ཏུ་སྣང་།  དེ་བཞིན། “མགུར་ཁ་ཤས་ལ་མདོ་སྨད་ཀྱི་དམངས་གླུའི་ཁྱད་ཆོས་ལྡན་ཡོད་ལ། མགུར་གང་ཡིན་ཡང་སྐབས་སུ་ བབ་པའི་བརྗོད་འདོད་ཀྱི་དོན་དེ་ཐོལ་བྱུང་དུ་བླངས་པ་ཡིན་པ་དེའང་ཁྱད་ཆོས་ཤིག་རེད”⑾ཅེས་པ་  དང་། སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གིས་ཀྱང་། “ཚེག་བར་དོ་མི་མཉམ་པའི་ལུས་དེ་རྣམས་ཀྱང་སྡེབ་སྦྱོར་  ལེགས་པོ་ཞིག་བྱུང་མི་འདུག་མོད། འོན་ཀྱང་ཚིག་སྔ་ཕྱི་འབྲེལ་ཆག་པ་དང་།  བརྗོད་བྱའི་དོན་ཡང་ཧ་ཅང་གསལ་པོ་རེད”⑿ཅེས་པ། དེ་བཞིན་མགུར་གླུ་དག་གི་དབྱངས་དང་ཚིག་གི་འབྲེལ་བ་དམ་ཞིང་ངག་སྒོ་ཡངས་ པོར་འབྱེད་ཐུབ་པ།རང་གི་བརྗོད་པར་འདོད་པའི་དོན་རྣམས་ཚིག་གི་རྣམ་པའི་ཐོག་ནས་གང་འདོད་དུ་བཀོལ་ཐུབ་ཅིང་དེ་དག་དབྱངས་ཀྱི་འགྲོས་དང་ཡང་མཐུན་པར་བྱེད་ཐུབ་པ་ཡིན།           མདོར་ན། གོང་དུ་བཤད་པ་བཞིན་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་མགུར་གླུའི་རྣམ་པའི་རང་མོས་ སྙན་ངག་དག་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཚིག་སྦྱོར། དུས་སྐབས་དེའི་སྙན་ངག་གི་ཁྱད་ཆོས་སོགས་ གང་ལ་བལྟས་ཀྱང་སྐབས་དེའི་སྤྱི་ཚོགས་ཐོག་བྱུང་བའི་གནའ་རབས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་རྩོམ་རིག་རྣམ་པར་བཞག་ན་མི་འགྲིག་པ་མེད་པས།བོད་ཀྱི་རང་མོས་སྙན་ངག་གི་ཆེས་ཐོག་མའི་དུས་མཚམས་ཀྱང་སྤུ་དེ་གུང་རྒྱལ་དུས་ནས་དར་བ་ཡིན་པས〈དེའི་གོང་ལ་རང་མོས་སྙན་ངག་བྱུང་ཡོད་པ་སྲིད་མོད། སྐབས་དེར་བོད་ལ་སྒྲ་གཟུགས་དོན་གསུམ་གྱི་ཕུང་པོས་གྲུབ་པའི་ཡི་གེ་ཞིག་མེད་རྐྱེན་དེའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་ཉུང་བས།མཚམས་འདིར་དེའི་དུས་མཚམས་ཀྱང་སྤུ་དེ་གུང་རྒྱལ་དུ་བཞག་པའོ〉བོད་ཀྱི་ཆེས་ཐོག་མའི་རང་མོས་སྙན་ངག་གི་དུས་མཚམས་ཀྱང་སྤུ་དེ་གུང་རྒྱལ་ནས་འཇོག་གོ། 
          གཉིས་པ།  རང་མོས་སྙན་ངག་དང་སྙན་ངག་གསར་བ།
          སྤྱིར་དེང་གི་སྤྱི་ཚོགས་སྟེང་བོད་ཀྱི་རིག་གནས་ལ་སྦྱངས་བརྩོན་གྱི་ལྕགས་ཀྱུ་ཐོགས་པའི་ཤེས་ལྡན་པ་ཕལ་ཆེ་བས་རང་མོས་སྙན་ངག་གི་མིང་གཞན་ལ་སྙན་ངག་གསར་བ་ཞེས་མིང་གསར་བ་ཞིག་བཏགས་འདུག་ལ་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་དུ་བརྩིས་ནས་ཉ་ཉུང་མཉམ་བསྲེས་བྱེད་བཞིན་འདུག འོན་ཀྱང་ བདག་གི་སྣང་ངོར་རང་མོས་སྙན་ངག་དང་སྙན་ངག་གསར་བ་གཉིས་ལ་ཁྱད་པར་ཡོད་པར་སེམས་ཏེ། རང་མོས་སྙན་ངག་ཡོད་དོ་ཅོག་སྙན་ངག་གསར་བའི་གྲས་སུ་བཞག་ན་དེ་ནི་ཅུང་མི་འོས་པས།རང་མོས་སྙན་ངག་ལའང་གནའ་རབས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་དང་རིག་པའི་གད་རྒྱངས་སྒྲོག་མཁན་དཔལ་དོན་གྲུབ་ རྒྱལ་མཆོག་ནས་གཙོས་པའི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྐབས་བོད་ཀྱི་སྙན་ངག་པ(རང་མོས་སྙན་ངག་པ)རྣམས་ཀྱི་སྨྱུག་རྩེ་ལས་བཞུར་བའི་རང་མོས་སྙན་ངག་ཁག་གཉིས་སུ་དབྱེ་ན་ཆོག་པར་འདོད་ཅིང་།དེའི་ནང་ནས་གནའ་རབས་རྩོམ་རིག་སྐབས་ཀྱི་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་དག་ནི་སྙན་ངག་གི་ཞིང་ས་གཤིན་པོར་རང་མོས་སྙན་ངག་གི་རྩོམ་རིག་རྣམ་པའི་རྩ་བ་ཚུགས་མ་ཐག་དང་མྱུ་གུ་འབུས་མ་ཐག་ཡིན་པས་དེ་ལྟ་བུའི་སྙན་ངག་བརྩམས་ཆོས་རྣམས་ལ་རང་མོས་སྙན་ངག་ཞེས་པའི་ཐ་སྙད་སྦྱར་ན་འོས་ཤིང་འཚམས་པ་ལས་སྙན་ངག་གསར་བ་ཞེས་པའི་ཐ་སྙད་ལྕི་མོ་དེ་སྦྱར་ན་དོན་ལ་གཞོལ་བ་ཞིག་དང་གནད་ལ་ འཁེལ་བ་ཞིག་མ་ཡིན་པར་འདོད། རྒྱུ་མཚན་ནི་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་ཁོར་ཡུག དེ་བཞིན་ རང་མོས་སྙན་ངག་གི་གསར་བའི་ཆ་ནི་བལྟོས་བཅས་ཀྱི་མངོན་གསལ་དོད་པོ་མེད་ལ།དེས་སྐབས་དེའི་སྤྱི་ཚོགས་སུ་གནས་སྐབས་ཤིག་རིང་དར་སོའམ་མི་རྣམས་ཀྱིས་དེར་བསྟེན་ནས་རང་གི་བསམ་བློ་དང་རིག་གནས་ཀྱི་ཐད་ལ་ནུས་པ་དང་དགོས་མཁོ་ངེས་ཅན་ཞིག་སྐོང་ཐུབ་ཡོད་ཀྱང་སྤྱི་ཚོགས་ལ་ནུས་པ་ཧ་ཅང་གི་ཆེས་ཆེར་ཐོན་མེད་པས།  སྐྱེ་བོ་མང་པོ་ཞིག་གི་འདོད་པ་སྐོང་མི་ཐུབ་རྐྱེན་སྤྱི་ཚོགས་དེར་དར་འཕེལ་མྱུར་པོ་ཡོང་རྒྱུ་ལྟ་ཅི།
          བོད་བཙན་པོའི་བར་དཀྱིལ་ཙམ་ནས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་རྩོམ་རིག་རྣམ་པ་དེ་བཀོལ་ སྤྱོད་བྱེད་མཁན་མཁའ་དབྱིངས་དབུས་ཀྱི་འཇའ་ཚོན་བཞིན་མི་རྣམས་ཀྱི་འདྲེན་བྱེད་ལམ་ནས་མི་མངོན་པར་ གྱུར་ལ་དགུན་གྱི་འབྲུག་སྒྲ་བཞིན་དུ་གྱུར་བ་རེད། དེས་ན་དུས་སྐབས་དེའི་རང་མོས་སྙན་ངག་ལ་སྙན་ངག་ གསར་བ་ཟེར་བའི་ཐ་སྙད་དེ་སྦྱར་ན་འོས་འཚམས་མིན་པར་འདོད།     འོ་ན། སྙན་ངག་གསར་བ་ཞེས་པ་དེ་དུས་མཚམས་གང་ནས་ངོས་འཛིན་བྱེད་དགོས་ཞེ་ན། དེ་ནི་དུས་ རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྐབས་དར་བའི་རྩོམ་རིག་གསར་བའི་སྣེ་ཤན་པའམ་བོད་ཀྱི་སྙན་ངག་ གསར་བའི་ཤིང་རྟའི་སྲོལ་འབྱེད་གནང་མཁན་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས《ལང་ཚོའི་རྦབ་ཆུ》ཞེས་པའི་རང་མོས་སྙན་ངག་དེ་སྤེལ་བ་ནས་འགོ་བརྩམས་པ་ཞིག་ཡིན་ལ།དེ་ནས་བཟུང་ཆར་ཤུལ་གྱི་མྱུ་གུ་འབུས་པ་བཞིན་དར་ཁྱབ་བྱུང་བའི་རང་མོས་སྙན་ངག་རྣམས་ལ་སྙན་ངག་གསར་བ་ཞེས་བརྗོད་ན་འགྲིག་པར་འདོད་ཅིང་།《ལང་ཚོའི་རྦབ་ཆུ》དེ་ནི་རྩོམ་པ་པོས་གསུངས་པ་ཇི་བཞིན་རྦབ་ཆུ་འདི་ནི་རང་བཞིན་གྱི་རྦབ་ཆུ་དཀྱུས་མ་ཞིག་མ་ཡིན་པར་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་བོད་གངས་ཅན་གཞོན་ནུ་རྣམས་ཀྱིས་སེམས་ན་འབབ་པའི་ལང་ཚོའི་རྦབ་ཆུ་ཡིན་པ་དང་། གང་གི་ལུས་སེམས་གཙང་ལ་ལང་ཚོའི་དཔལ་ཡོན་རྒྱས་ཤིང་ལང་ཚོའི་རྔམ་བརྗིད་དང་སྐྱེས་སྟོབས་ཀྱི་དཔལ་དང་ལྡན་པས། ཁྱེད་ནི་ལོ་རྒྱུས་ཀྱི་དཔང་བོ་དང་མ་འོངས་པའི་ལམ་འདྲེན་ཉག་གཅིག་ཡིན་ལ། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོས་ཁྱེད་ལ་གཟི་བརྗིད་དང་ལ་རྒྱ་གནང་བ་དང་དུས་རབས་ཀྱི་བཞུར་སྒྲ་སྙན་མོས་ཁྱེད་ལ་སྐུལ་མ་དང་སྟོབས་ཤུགས་བསྩལ་བས་ཡིན་ཞིང་།    ཁྱེད་ཀྱི་ཆལ་ཆིལ་གཡོ་བའི་རླབས་ཕྲེང་དང་ལང་ལོང་འཐོར་བའི་གཟེགས་མ་ལས་བོད་གངས་ཅན་གྱི་མི་རབས་གསར་བའི་སྟོབས་ཤུགས་མཚོན་པ་དང་ཤང་ཤང་འབབ་པའི་ཆུ་རྒྱུན་དང་།འུར་འུར་བཞུར་བའི་ཆུ་སྒྲས་བོད་གངས་ཅན་གྱི་མི་རབས་གསར་བའི་ཕུགས་བསམ་མཚོན་ཡོད་པས་ཡིན། དེས་ན། བོད་གངས་ཅན་གྱི་ གཞོན་ནུའི་གོམ་སྒྲ་དེ་ནམ་ཡང་ཡལ་བ་མེད་ཅིང་རྦབ་ཆུའི་ལང་ཚོ་ལ་དེ་བས་ཉམས་པ་མེད་པ་ཞིག་ཡིན་པས། 《ལང་ཚོའི་རྦབ་ཆུ》ནི་བོད་གངས་ཅན་གྱི་མི་རབས་གསར་བའི་གཞོན་ནུས་རྩོམ་རིག་གི་རྣམ་པ་གསར་བ་སྤྱད་དེ་བསམ་བློ་གསར་བ་དང་སྙིང་སྟོབས་དང་སྟོབས་ཤུགས། ཁོར་ཡུག་གསར་བའི་སྒུལ་ཤུགས་འོག་བྲིས་   གནང་མཛད་པའི་རྩོམ་རིག་གསར་བ་ལྷད་མེད་པ་ཞིག་ཡིན། དེ་ནི་“སྙན་ངག་འདིའི་ཚིག་རྐང་རེ་རེ་གྱེར་ན་ མཚོ་ཡི་རླབས་ལྟར་མཐོ་དགོས་སར་མཐོ་བ་དང་། དམའ་དགོས་སར་དམའ་བ། དལ་དགོས་སར་དལ་བ། བྲེལ་དགོས་སར་བྲེལ་བ་ངང་གིས་ཐོན་པ་ཞིག་ཡིན་པས་དངོས་གནས་མཛངས་མའི་ཡོན་ཏན་གྱིས་ཕྱུག་པའི་མཛེས་མས་གླུ་དབྱངས་ལེན་པ་ལྟ་བུའི་ཉམས་ཤིག་ཅིག་ཅར་དུ་ཐོན་ཡོད་པའོ”⒀ཞེས་པ་ལྟར་རོ།  དེ་བཞིན་དེའི་དཔེ་མཚོན་རང་བཞིན་གྱི་སྙན་ངག་གསར་བའི་བརྩམས་ཆོས《ལང་ཚོའི་མཆོད་པ》《གནའ་བོའི་ཅོང་རྙིང》《རྒོད་པོ་དང་ནམ་མཁའ》《དགེ་འདུན་ཆོས་འཕེལ》《གླག་རྒོད》《ཆུང་མ་གཉིད་ཟིན། ངས་ད་དུང་སྙན་ངག་འབྲི་བཞིན་ཡོད》《འཚོ་བ་ནི་བདུད་རྩི་བཞིན》《གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས》སོགས་ནས་གཙོས་པའི་སྙན་ངག་གསར་བའི་བརྩམས་ཆོས་གྲངས་ལས་འདས་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་དང་ཐོན་བཞིན་ཡོད་པའི་སྙན་ངག་རྣམས་ལ་བྱ།དེ་དག་ལས་སྙན་ངག་གསར་བའི་རྩོམ་པ་པོའི་སེམས་སྒྲ་ཐོས་ཐུབ་ལ་འགན་འཁྲི་ཞིག་དང་ན་ཟུག་ཞིག སྙིང་སྟོབས་ཤིག  སྟོབས་ཤུགས་ཤིག་མངོན་བཞིན་འདུག སྤྱིར་སྙན་ངག་ཡིན་ནའང་འདྲ། རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་ནའང་འདྲ། ཡང་ན། “བྱ་དངོས་གསར་བ”(新事物)གང་འདྲ་ཞིག་ཡིན་ནའང་དེར་གསར་བ་ཞེས་བརྗོད་དོན་ནི་དེ་དག་ལ་འགྲན་ཟླ་བྲལ་བའི་ཚེ་སྲོག་གི་གསོན་ཤུགས་མངའ་བས་ཡིན་ལ།དུས་རབས་ངེས་ཅན་ཞིག་གི་མིའི་བསམ་པའི་དགོས་མཁོ་ངེས་གཏན་སྐོང་ནུས་པས་ཡིན། དེ་བཞིན་དེས“བྱ་དངོས་རྙིང་བ”(旧事物)དེ་ལས་རྣམ་པར་རྒྱལ་བར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མིས་རིམ་བཞིན་དེ་དང་ལེན་དང་བཀོལ་སྤྱོད་བྱེད་པའི་སྟོབས་ཤུགས་ལྡན་པས་ཡིན་ལ། དེས་སྤྱི་ཚོགས་དེའི་ནང་དྭངས་གཙང་གི་ཁ་དབུགས་གསར་བ་ཞིག་གསར་སྐྲུན་བྱས་ཤིང་རང་ཅག་བོད་མི་རིགས་ལ་མཚོན་ནས་བཤད་ན། རྩོམ་རིག་གསར་བ་དར་བ་ནས་བཟུང་མི་རྣམས་ཀྱི་རྩོམ་སྟངས་དེ་བཀོལ་སྤྱོད་བྱས་་ནས་བརྩམས་པའི་བརྩམས་ཆོས་གྲངས་མེད་ཞིག་གསར་སྐྲུན་བྱས་པ་དང་།བསམ་ཕོད་ཅིང་སྨྲ་ནུས་པ། ལག་ལེན་དངོས་ལ་སྒྲུབ་ནུས་པའི་བསམ་བློ་གསར་བའི་སྣེ་ཁྲིད་དང་སྙིང་སྟོབས་ཤིག་ཡོད་པ་ཡིན་ལ། དེ་ནི་བོད་བཙན་པོའི་སྐབས་ཀྱི་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་རྩོམ་སྟངས་བཞིན་ལོ་རྒྱུས་འབྲི་རྒྱུ་གཙོ་བོར་འཛིན་པ་ཙམ་དུ་མ་ཟད་པར་བརྗོད་བྱའི་ནང་དོན་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་།  རྣམ་པའི་ཐད་སྔར་གྱི་རང་མོས་དེའི་འཆིང་རྒྱ་ལས་གྲོལ་ཏེ་ཚིག་སྦྱོར་དེ་བས་སྙན་ཞིང་འཇེབས་ལ་འཆར་སྒོ་ཡངས་པ།རྩོམ་རིག་རང་སྐྱ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པ། སྡེབ་སྦྱོར་ལེགས་ཤིང་ཚིག་གི་ཐད་ནས་ཀྱང་རྡོ་བཅག་བཙན་སྒྲིག་བྱས་པལྟ་བུ་མ་ཡིན་པར་རྩོམ་རིག་གི་སྐད་ཆ་ལྗིད་ཆེ་ཞིང་ཉིང་བསྡུས་ཀྱི་རང་བཞིན་ལྡན།དེ་བཞིན་སྲོལ་རྒྱུན་སྙན་ངག་བཞིན་སྐྱེས་བུའམ་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་འཕགས་མཛད་རྗེས་ལ་བསྟོད་གླུ་ཕུལ་བ་ཙམ་དུ་མ་ཟད་པར་སྤྱི་ཚོགས་ཀྱི་དོན་དངོས་འཚོ་བར་དོ་སྣང་དང་སེམས་ཁུར། འགན་འཁྲི། འཚོ་བའི་ཁྲོད་ཀྱི་ན་ཟུག་བཅས་གླེང་བ་གཙོ་བོར་བྱས་ཡོད་ལ། སྲོལ་རྒྱུན་སྙན་ངག་བཞིན་ཚིག་རྒྱན་བཀོལ་བ་གཙོ་བོར་འཛིན་གྱི་མེད་ཅིང་།སྲོལ་རྒྱུན་གྱི་རྩོམ་སྟངས་ཇི་བཞིན་འཁོར་བའི་ཉེས་དམིགས་་བསྟན་པ་གཙོ་བོར་མ་བྱས་པར་མི་དང་མིའི་བར་གྱི་འགལ་འབྲེལ་དང་། མི་དང་རང་བྱུང་ཁམས་དང་། མི་དང་སྤྱི་ཚོགས་བར་གྱི་འགལ་འབྲེལ་སོགས་གཙོ་ཆེ་བ་འཇིག་རྟེན་པའི་བསམ་བློ་དང་འཚོ་བ། བརྩེ་དུང་སོགས་འབྲི་བྱར་བྱས་ཤིང་། རྩོམ་པ་པོའི་ཆ་ནས་བཤད་ཀྱང་ཕལ་ཆེ་བ་རབ་བྱུང་བ་མ་ཡིན་པར་འཇིག་རྟེན་ཁྱིམ་པ་ཡིན་ལ། མི་རྣམས་འཁོར་བར་ཞེན་པ་ལོག་ནས་མངོན་མཐོ་དང་ངེས་ལེགས་ཆེད་དགེ་སྒྲུབ་སྡིག་སྤོང་གིས་བློ་ཁ་དམ་པའི་ཆོས་ལ་བསྒྱུར་བ་བྱ་རྒྱུ་དམིགས་ཡུལ་དུ་མི་འཛིན་པར་ཇི་འདྲ་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་འགྲོ་བ་མིའི་བསམ་བློའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་འབྲི་བྱའི་ནང་དོན་དུ་བྱས་པ་མང་བ། འཇིག་རྟེན་མི་རྣམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དྲག་པོའི་སེམས་སྒྲ་བརྩམས་ཆོས་ནང་ཐོན་པ་མང་བ།དོན་དངོས་ཀྱི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་ལ་དོ་སྣང་དང་སེམས་ཁུར་བྱེད་པར་སྐུལ་བ་མང་བ་ཡིན།   ཁོང་གིས་སྙན་ངག་གསར་བའི་སྒོ་མོ་འབྱེད་ཐུབ་པའི་རྒྱུ་མཚན་ནི་གཅིག་ནས་རྩོམ་པ་པོ་རང་ཉིད་ཀྱི་རྩོམ་ རིག་གི་ཆུ་ཚད་དང་ལྟ་རྒྱ་དང་མཐོང་རྒྱ། མྱོང་བ། འགན་འཁྲིའི་སེམས་དང་འདུ་ཤེས་བཅས་ལ་རགས་ ལས་ཡོད་ལ། གཉིས་ནས་རྩོམ་པ་པོ་འཚོ་གནས་བྱེད་སའི་ཁོར་ཡུག་ལ་རགས་ལས་ཡོད། དེང་གི་ཆར་བོད་ཀྱི་ རྩོམ་རིག་གསར་བར་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ལ་བརྩམས་ཆོས་ཀྱི་གྲངས་ཚད་ཀྱང་མང་དུ་ཕྱིན་ཡོད། ལྷག་པར་བོད་ཀྱི་སྙན་ངག་གསར་བའི་ཤིང་རྟའི་སྲོལ་འབྱེད་མཁན་སྐུ་ཞབས་དོན་གྲུབ་རྒྱལ་ལ་མཚོན་ན་གཞན་དང་མི་འདྲ་བའི་སྙིང་སྟོབས་ཤིག་ལྡན་ཡོད་དེ།མི་རིགས་ལ་འགན་འཁྲིའི་བསམ་པ་ཆེས་ཆེར་ལྡན་ཡོད་ལ་སྤོབས་པ་ཆེན་པོ་ཞིག་ཀྱང་ལྡན་ཡོད་དེ“རང་ཉིད་ཀྱི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་མི་འཇོག་པའི”སྤོབས་པ་ཆེས་ཆེར་མངའ་ཞིང་། བྱ་བ་གང་དང་གང་ཞིག་ཡིན་རུང་བསམ་ཕོད་པ་དང་སྨྲ་ཕོད་པ། ལག་ལེན་དངོས་སུ་ སྒྲུབ་ནུས་པའི་སྙིང་སྟོབས་མངའ་བས་ཡིན། རྒྱའི་རྩོམ་པ་པོ་ལུའུ་ཞུན་གྱི་རྩོམ་ཡིག་ནང་བཞིན(揭示社会病苦,引起疗救注意)སྤྱི་ཚོགས་ཀྱི་ན་ཟུག་དང་སྐྱོན་ཆ་རྣམས་རྩོམ་གྱི་ཤུགས་སུ་ཐེར་འདོན་བྱས་ཏེ་མི་རྣམས་ཀྱིས་དེ་དག་ལ་ངོས་འཛིན་ཐུབ་པ་བྱས་པ་དང་།དོ་ཁུར་དང་གཙིགས་ཆེན་བྱེད་དུ་བཅུག་ནས་གནད་དོན་དག་ཐག་གཅོད་དང་ལུགས་སྲོལ་དང་སྲོལ་རྒྱུན་ངན་པ་རྣམས་དོར་བར་འབོད་བརྡ་དང་སྐུལ་མ་བཏང་ཞིང་།ན་ཟུག་གི་འཁུན་སྒྲ་དེ་མེད་པར་བཟོས་ཏེ་དུས་རབས་ཀྱི་རྗེས་སྙེགས་བྱེད་དགོས་པའང་ཤུགས་སུ་བསྟན་ཡོད། དཔེར་ན། 《རྐང་ལམ་ཕྲ་མོའི》ནང་རྐང་ལམ་དང་གཞུང་ལམ་གཉིས་བྲིས་པ་ལ་བརྟེན་ནས་རྐང་ལམ་སྟེང་གི་སླེ་བོ་རྒྱབ་ཏུ་ཁུར་བའི་མི་དང་གཞུང་ལམ་ཐོག་གི་རླངས་འཁོར་དང་ཤིང་རྟ། ལག་འདྲུད་འཁོར་ལོ་སོགས་བསྡུར་བ་བྱས་ནས་སྡེ་བའི་མི་རྣམས་སྲོལ་རྒྱུན་གྱི་གནའ་གཏམ་ཁོ་ནར་མགོ་འཁོར་ནས་སྡོད་པ་ལས་རྐང་ལམ་ཕྲ་མོ་དེ་རྒྱ་ཆེ་ཁོད་སྙོམས་སུ་གཏང་མེད་ལ། གཞུང་ལམ་སྟེང་འཁོར་ལོའི་རིགས་ལ་ཉེན་ཁ་ཆེ་བར་དོགས་ཏེ་སྔར་བཞིན་རྐང་ ལམ་སྟེང་སྙེགས་པ་དེར་ཟུར་ཟ་སུན་འབྱིན་བྱས་ནས། རྙིང་ཞེན་དང་རྨོངས་དད། བག་འཁུམ་གྱི་བསམ་པའི་ འཆིང་ཐག་ལས་གྲོལ་ཏེ་གསར་གཏོད་དང་ཚན་རིག་གི་ལམ་བུར་ཞུགས་ནས་དུས་རབས་ཀྱི་རྗེས་སྙེགས་ཐུབ་པ་བྱ་དགོས་རྒྱུར་འབོད་སྐུལ་གྱི་ཅོང་བརྡ་བཏང་བ་དང་། རྩོམ་པ་པོ་རང་ཉིད་ཀྱིས་སྣེ་ཁྲིད་དེ “ངའི་གོམ་པའང་ རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང”⒁བ་དེ་ཡིན། དེ་ནི་སྐུ་ཞབས་གངས་ཞུན་གྱིས་ གསུངས་པ་ལྟར“རང་གྲོལ་ནི་རང་གྲོལ་གྱི་ཆེད་དུ་སྟེ། རང་གྲོལ་ནི་རང་གྲོལ་ཁོ་ནའི་ཆེད་དུ་མ་ཡིན་ཏེ། ཆེས་ མཐོ་ཞིང་ཆེས་ཟབ་ལ་ཆེས་རིང་བའི་རང་གྲོལ་ཞིག་གི་ཆེད་དུའོ”⒂ཞེས་པ་དེའོ། །     དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་དཔྱིད་ཀྱི་དྲི་བཞོན་ཕོ་ཉ་དེ་དལ་བ་དལ་བུར་གངས་ལྗོངས་ས་ཡི་ཐིག་ལེར་ལྡང་བ་ནས་བཟུང་སྙན་ངག་གསར་བའི་ལམ་ནས་རྩོམ་ལ་འཇུག་མཁན་གྱི་རྩོམ་མཁན་འབོར་ཆེན་ མཚོ་རྫིང་བརྡོལ་བ་ལྟར་ས་སྟེང་དུ་ཁྱབ་པས། རང་བདག་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ བསྐལ་བཟང་རྫོགས་པའི་དུས་སྐབས་ཤིག་ཏུ་འཕོས་པ་རེད། སྐབས་དེར་དར་བའི་བོད་ཀྱི་སྙན་ངག་གསར་བ་ལ་འཕེལ་རྒྱས་ཀྱི་མཐོ་རླབས་གསར་བ་ཞིག་འཕྱུར་ཞིང་། རྩོམ་མཁན་མང་པོ་ཞིག་གིས་རང་རང་གི་ཆུ་ཚད་ལ་ བལྟོས་ནས་བརྩམས་པའི་བརྩམས་ཆོས་རྩྭ་ཐང་དུ་ལུག་ཁྱུ་བཀྲམ་པ་བཞིན་ཁྱབ་གདལ་བྱུང་།དུས་ད་ལྟའང་སྙན་ངག་གསར་བས་བོད་ཀྱི་རྩོམ་རིག་ལམ་བུའི་ཐོག་གོ་གནས་ངེས་ཅན་བཟུང་ཡོད་ལ།སྨྱུག་ཐོག་པ་མང་པོ་ཞིག་གིས་རྩོམ་རིག་གསར་བའི་རྩོམ་སྟངས་རྣམ་པ་དེ་སྤྱད་དེ་རང་རང་གི་དགའ་སྐྱོ་ཆགས་སྡང་གི་ནང་སེམས་ཚོར་འདུ་དྲག་པོ་ཚུར་སྣང་བྱེད་ཀྱི་ཡོད་པ་དང་སྒོས་སུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཀྱི་སློབ་གཉེར་བ་མང་པོས་སྙན་ངག་གསར་བའི་རྩོམ་སྟངས་རྣམ་པའི་བརྩམས་ཆོས་ལ་དགའ་ཞེན་དང་རང་རང་གི་ཆུ་ཚད་ལ་བལྟོས་ནས་སྙན་ངག་གསར་བའི་བརྩམས་ཆོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་འབྲི་བཞིན་ཡོད་ལ་རྩོམ་རིག་གསར་བའི་བརྩམས་ཆོས་ལ་མྱོང་རོལ་དང་དཔྱད་པའང་གཏོང་བཞིན་ཡོད་དོ།།               
          གསུམ་པ།   མཇུག་བསྡུ་བ།  
          མདོར་ན། གོང་དུ་སྨྲས་པ་བཞིན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྐབས་བོད་ཀྱི་རང་མོས་ སྙན་ངག་གི་རྩོམ་སྟངས་རྣམ་པ་འདིར་སྔོན་ཆད་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་མཐོ་རླབས་གསར་བ་ཞིག་ འཕྱུར་བ་ཡིན་པ་ལས།སྐབས་དེ་དུས་རང་མོས་སྙན་ངག་དངོས་སུ་འགོ་བརྩམས་པ་ཞིག་དང་དབུ་བརྙེས་པ་ཞིག་མ་ཡིན་པར། གནའ་རབས་མགུར་གླུའི་ནང་རང་མོས་སྙན་ངག་གི་རྩོམ་རིག་རྣམ་པ་བཀོལ་སྤྱོད་བྱས་ཡོད་པ་ང་ ཚོས་བརྩམས་ཆོས་རང་ངོས་ནས་ར་སྤྲོད་དང་ངོས་འཛིན་ཐུབ་པ་ཞིག་ཡིན། སྐབས་དེའི་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་ལམ་ནས་བརྩམས་པའི་བརྩམས་ཆོས་དག་གི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཚིག་སྦྱོར། དུས་སྐབས་དེའི་སྙན་ངག་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཁྱད་ཆོས་སོགས་གང་ལ་བལྟས་ཀྱང་གནའ་རབས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་དཔེ་མཚོན་རང་བཞིན་ལྡན་པའི་ བརྩམས་ཆོས་འབའ་ཞིག་ཏུ་འཁུམས་པས།བོད་ཀྱི་རང་མོས་སྙན་ངག་གི་ཐོག་མའི་དུས་མཚམས་ཀྱང་སྤུ་དེ་གུང་རྒྱལ་སྐབས་ནས་དབྱེ་མཚམས་བཞག་ན་དོན་དངོས་དང་མཐུན་པར་འདོད་ཅིང་།སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནི་དུས་རབས་གསར་བའི་བོད་ཀྱི་སྙན་ངག་གསར་བའི་ཤིང་རྟའི་སྲོལ་འབྱེད་པ་པོ་ཡིན་ལ། ཁོང་གིས་《ལང་  ཚོའི་རྦབ་ཆུ》བརྩམས་པའི་རྗེས་ནས་དར་བའི་རང་མོས་སྙན་ངག་གི་བརྩམས་ཆོས་དག་ལ་ད་གཟོད་སྙན་ངག་གསར་བ་ཞེས་བཏགས་ན་མིང་དོན་མཚུངས་པར་སྙམ། དེས་ན། ངེད་ཅག་གངས་རིའི་ལས་དབང་ལ་མཐོང་ཆེན་དང་དོ་ཁུར་གནང་མཁན་ཁ་བའི་རིག་གནས་རྗེས་ཤུལ་མཁན་ཚོས་དེ་དག་ལ་ངོས་འཛིན་ཡང་དག་དང་དཔྱད་པ་ཡང་དག་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཉག་གཅིག་ཡིན་ནོ།།།།
          མཆན་འགྲེལ་དང་ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།
          ① སྦྲང་ཆར། ༡༩༩༣—༠༤ དཔྱད་རྩོམ་ཚངས་བའི་ཐིག་རིས།  བདུད་ལྷ་རྒྱལ། 《སྙན་ངག་གི་བྱུང་འཕེལ་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་ལ་ཅུང་ཟད་དཔྱད་པ》ཞེས་པ་ལས་དྲངས། ⑴ དགེ་རྒན་དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས་སྒྲིག་རྩོམ་བྱས་པའི་《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》ཞེས་པའི་ནང་དུས་མཚམས་འདི་ལྟར་ཕྱེ་འདུག་ལ། བདག་ཀྱང་དེར་འཐད་པའོ།
          ② 《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གིས་སྒྲིག་རྩོམ་བྱས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༣པ།    ༡༩༩༩ལོའི་ཟླ་༢པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་བོ་བཏབ།
          ③  བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས《སྙན་ངག་གི་རྣམ་བཤད》འགྱུར་མེད་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ༨པར་པར་གཞི་དང་བོ་དཔར། འཇུ་སྐལ་བཟང་གིས་བརྩམས་གནང་བའི་《བོད་ཀྱི་སྙན་ངག་གི་ རྒྱུད་འཛིན་ དང་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ་གཟུར་གནས་རིག་པའི་འཇུག་ངོགས》ལས་དྲངས།  ཤོག་ངོས། ༡༧
          ④ 《བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང》 རེབ་གོང་བ་དགེ་འདུན་རབ་གསལ་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ་༩པར་པར་ཐེངས་དང་བོ་བཏབ། ཤོག་ངོས། ༤༥
          ⑤  《རྒྱལ་རབས་གཡུ་ཡི་ཕྲེང་བ》སྟོད་ཆ། ཤོག་གྲངས་༥༨པར་གསལ། 
          ⑥  青海民族学院学报 ﹙社会科学版﹚  1989年第三期175页   བློ་ཆོས་ཀྱིས་བརྩམས། 
          ⑦   西北民族学院学报﹙哲学社会科学版﹚1982年第四期28页
          ⑧  སྦྲང་ཆར། ༡༩༩༣—༠༤  དཔྱད་རྩོམ་ཚངས་བའི་ཐིག་རིས་། བདུད་ལྷ་རྒྱལ། 《སྙན་ངག་གི་བྱུང་འཕེལ་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་ལ་ཅུང་ཟད་དཔྱད་པ》ཞེས་པ་ལས་དྲངས།
          ⑨ 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། (སྟོད་ཆ)།     གཙོ་སྒྲིག་པ། རྒྱ་ཡེ་བཀྲ་བྷོ། ༢༠༠༢ལོའི་ཟླ་༣པ།  ཤོག་ངོས། ༡༠༠⑩ 《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གིས་སྒྲིག་རྩོམ་བྱས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༣༡པ།   ༡༩༩༩ལོའི་ཟླ་༢པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་བོ་བཏབ། ⑾ 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། (སྟོད་ཆ)།     གཙོ་སྒྲིག་པ། རྒྱ་ཡེ་བཀྲ་བྷོ། ༢༠༠༢ལོའི་ཟླ་༣པ། ཤོག་ངོས། ༧༨⑿ 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། (སྟོད་ཆ)།     གཙོ་སྒྲིག་པ། རྒྱ་ཡེ་བཀྲ་བྷོ། ༢༠༠༢ལོའི་ཟླ་༣པ། ཤོག་ངོས།  ༧༤⒀ 《དེང་རབས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཞིབ་འཇུག》  ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་།  གཙོ་སྒྲིག་པ།  གོ་ཤུལ་གྲགས་པ་འབྱུང་གནས།  ཤོག་ངོས། ༤༠༥   ༢༠༠༦ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་བོ་བཏབ། ⒁ 《བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ》    བདུད་ལྷ་རྒྱལ་གྱིས་སྒྲིག་རྩོམ་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ༡༠བར་པར་གཞི་བསྒྲིགས་པ་དང་པར་ཐེངས་དང་བོ་དཔར། ཤོག་ངོས། ༤༤༢⒂ 《མཚོ་སྔོན་བོད་ཡིག་གསར་འགྱུར》སྤྱི་ལོ་༢༠༡༡ལོའི་ཟླ་༠༧ ཚེས་༠༨  པར་ངོས། ༡༥
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716