སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ཀྱི་དུས་ཀྱི་དགར་ཚུལ་ཐད་ནས་རང་དང་གཞན་གྱི་འདོད་པ་གླེང་བ།
སྤེལ་དུས། 2017-09-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བདུད་ལྷ་རྒྱལ།
          གཞན་ལུགས་གླེང་བ།  
          བོད་རིགས་རྩོམ་འབྱུང་ལོ་རྒྱུས་ཀྱི་དུས་ཀྱི་དགར་ཚུལ་ལ་ད་སྔ་ཡན་ཆོད་དུ་བཞེད་པ་མི་མཐུན་པ་ཆེན་པོ་གསུམ་ཡོད།  གཅིག་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་པར་དུ་བཏབ་པའི<<བོད་ཀྱི་རྩོམ་འབྱུང་ལོ་རྒྱུས>>ཀྱི་བཞེད་པ་སྟེ།  ༡.གནའ་རབས་དང་བྲན་གཡོག་ལམ་ལུགས་དུས་སྐབས་ཀྱི་རྩོམ་རིག(གནའ་ནས་སྤྱི་ལོ་842ལོ)དང་།  ༢.བཀས་བཀོད་རྒྱུད་འཛིན་གྱི་མངའ་ཁོངས་བཅད་བཟུང་དུས་སྐབས་ཀྱི་རྩོམ་རིག(843-1264ལོ)དང་།  ༣.བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་སྔོན་མའི་དུས་ཀྱི་རྩོམ་རིག(4265-1644ལོ)དང་༤.བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་གཞུག་མའི་དུས་ཀྱི་རྩོམ་རིག(1644-1949ལོ)བཅས་བཞི་རུ་དབྱེ་ཡོད།  དེ་ལས་གཞན་ཞིག་ནི་མཚོ་སྔོན་ཕྱོགས་ཀྱི་རྒན་སངས་རྒྱས་ཀྱི་བཞེད་པ་སྟེ།  ༡.གནའ་རབས་རྩོམ་རིག(གནའ་ནས་སྤྱི་ལོ629)༢.བཙན་པོའི་དུས་སྐབས་ཀྱི་རྩོམ་རིག(629-847)༣.བོད་སིལ་བུའི་སྐབས་ཀྱི་རྩོམ་རིག(847-1264ལོ)༤.ས་ཕག་རིན་གཙང་སྐབས་ཀྱི་རྩོམ་རིག(1265-1642ལོ)༥.དགའ་ལྡན་ཕོ་བྲང་སྐབས་ཀྱི་རྩོམ་རིག(1642-1949ལོ)སྟེ་མཚམས་ལྔ་རུ་བཅས་ཡོད།  བཞེད་པ་མི་མཐུན་པ་འདི་གཉིས་ཀས་ཀྱང་གཙོ་བོར་སྤྱི་ཚོགས་ཀྱི་ངོ་བོ་དང་ལོ་རྒྱུས་ཀྱི་འཕེལ་རིམ་མམ་ཡང་ན་ཆབ་སྲིད་ཀྱི་དབྱེ་བ་བཅད་པ་ཡིན་པར་མངོན།  དེ་དག་གི་ལོ་ཚུགས་629ལོ་དང་།  842ལོ།  1265ལོ།  1642ལོ།  1949ལོ་སོགས་ནི་བོད་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་ལ་མཚོན་ན་དངོས་གནས་གནམ་སའི་འགྱུར་ལྡོག་བྱུང་མཚམས་རེད།  
          629ལོ་ནི་བོད་བཙན་པོའི་རྒྱལ་ཁབ་གཅིག་གྱུར་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཁྲིར་འཁོད་པའི་ལོ་དང་།  842ལོ་ནི་རྒྱལ་པོ་གླང་དར་བཀྲོངས་ནས་གཅིག་གྱུར་གྱི་རྒྱལ་པོ་མེད་པའི་བོད་སིལ་བུའི་འགོ་ཚུགས་ལོ་དང་།  1264ལོ་ནི་འགྲོ་མགོན་འཕགས་པས་བོད་ས་གནས་ཀྱི་སྲིད་དབང་བཟུང་ནས་བོད་སིལ་བུའི་མཇུག་གྲིལ་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཚུགས་པའི་ལོ་དང་།  1642ལོ་ནི་ས་ཕག་རིན་གཙང་གི་དབང་རྩོད་དྲག་པོའི་མཇུག་གྲིལ་ནས་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཀྱི་སྲིད་དབང་རྒྱལ་མཆོག་ལྔ་པ་ཆེན་མོར་ཕུལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཚུགས་ལོ་དང་།  1949ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་ཚུགས་པའི་ལོ་སྟེ་བོད་མི་རིགས་འདིའི་ལོ་རྒྱུས་ཧྲིལ་བོ་དང་།  ལྷག་པར་ཆབ་སྲིད་ཀྱི་ལོ་རྒྱུས་བཤུལ་ལམ་རིང་མོའི་སྟེང་ན་གོང་གི་ལོ་ཚིགས་དག་གིས་དངོས་གནས་ཕྲེང་བའི་མདོ་འཛིན་གྱི་ཚུལ་བཟུང་ནས་ཡོད་པ་རེད།  དེ་ཡང་རྩོམ་རིག་ལ་སྤྱི་ཚོགས་འཚོ་བ་ཚུར་སྣང་གི་ཁྱད་ཆོས་ཡོད་ལ།  དབང་སྒྱུར་མཁན་དང་དབང་སྒྱུར་མྱོང་མཁན་གྱི་གྲལ་རིམ་ཡོད་པའི་སྤྱི་ཚོགས་ནང་དུ་ཆབ་སྲིད་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་ནས་གོ་ས་ཆེས་ཆེན་པོ་བཟུང་ཡོད་པ་དང་།  ཆབ་སྲིད་རང་ཉིད་དཔལ་འབྱོར་གྱི་སྤྱི་སྡུད་ཀྱི་མཚོན་བྱེད་ཡིན་པས་ཕྱིར་ན།  སྤྱི་ཚོགས་འཚོ་བ་ཚུར་སྣང་ཅན་གྱི་རྩོམ་རིག་དེ་ཡང་ཆབ་སྲིད་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་འབྱུང་བ་སྨོས་མ་དགོས།  དེས་ན་རྩོམ་རིག་དང་སྤྱི་ཚོགས་ཀྱི་འབྲེལ་བའི་སྟེང་ནས་བཤད་ན་གོང་གི་བཞེད་པ་གཉིས་ལ་རྒྱུ་མཚན་ཅུང་འཛོམས་པོ་ཡོད་པ་ང་ཚོས་མཐོང་ཐུབ།  
          ཡིན་ན་ཡང་།  རྩོམ་རིག་དང་ཆབ་སྲིད་ཀྱི་འབྲེལ་བ་ནི་དུས་དང་རྣམ་པ་ཀུན་ཏུ་མཐའ་གཅིག་ཏུ་དེ་ལྟར་ཡིན་ངེས་ཤིག་མ་ཡིན་པར།  དུས་སྐབས་མི་འདྲ་བ་དང་།  གནས་སྐབས་མི་འདྲ་བའི་གནས་བབ་བྱེ་བྲག་པའི་འོག་ཏུ་འབྲེལ་བ་གཞན་གྱི་རྣམ་པ་ཅན་འབྱུང་ངེས་ཡིན།  ང་ཚོ་བོད་ལ་མཚོན་ན་ལྷག་པར་དུ་དེ་ལྟར་ཡིན་ཏེ།  གཅིག་ན།  བོད་ཀྱི་ཆབ་སྲིད་ལོ་རྒྱུས་སྟེང་ནས་སྲིད་དབང་འཕྲོག་ལེན་དང་བརྗེ་རེས་ཀྱི་རྣམ་གྲངས་མང་ནས་མང་དུ་བྱུང་བ་ཡིན་མོད།  འོན་ཀྱང་གྲུབ་མཐའ་སོ་སོ་དང་དབང་སྒྱུར་པ་སོ་སོས་སྲིད་དབང་རྐྱང་བའི་ངོས་ནས་སྲིད་རྩོད་དབང་འཁྲུག་བྱས་པ་ལས་དེ་དང་མཉམ་དུ་བོད་སྤྱི་ཚོགས་སྤྱིའི་རྣམ་པ་དང་།  ཐོན་སྐྱེད་ནུས་ཤུགས་དང་།  ཐོན་སྐྱེད་འབྲེལ་བ་སོགས་ལ་བསྒྱུར་བཅོས་ཆེན་པོ་འབྱུང་མ་ཐུབ་པ་དང་།  བོད་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཐག་གཅོད་མ་ཐུབ་པས་ཕྱིར་ན།  རྩོམ་རིག་གི་བརྗོད་བྱའི་དོན་གྱི་འབྱུང་གནས་བོད་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་མ་ཐུབ།  དེས་ན་སྤྱི་ཚོགས་འཚོ་བ་ཚུར་སྣང་ཅན་གྱི་རྩོམ་རིག་ལོ་རྒྱུས་ཀྱི་དབྱེ་མཚམས་ལ་བོད་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་འདི་བཟུང་བར་འོས་མིན་གྱི་ཆ་ཡོད།  
          གཉིས་ན།  བསམ་པའི་བཀོད་པའི་ཕྱོགས་སུ་གཏོགས་པའི་རྩོམ་རིག་འདི།  སྤྱིར་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་བར་གྱི་འགལ་བ་དང་།  དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པའི་བར་གྱི་འབྲེལ་བས་གྲུབ་པའི་སྤྱི་ཚོགས་ཀྱི་རྣམ་པའམ་ནང་དོན་མཚོན་པར་བྱེད་པ་ཉིད་ཡིན་ཀྱང་།  འོན་ཀྱང་དེ་མཚོན་པའི་ཚུལ་ནི་སྤྱི་ཚོགས་ཀྱི་ནང་དོན་དེ་དང་མཉམ་གཤིབ་མ་ཡིན་ལ།  དུས་མཚུངས་ཀྱང་མ་ཡིན།  ལྷག་པར་དུ་རྩོམ་རིག་གི་གོ་རྟོགས་ཅུང་དམའ་བ་དང་།  རྩོམ་རིག་གི་འདུ་ཤེས་སམ་ལྟ་བའི་(文学观念)ངོས་ནས་དངོས་ཡོད་དང་འབྲེལ་དམ་དུ་མ་ཆགས་པའི་མི་རིགས་ཤིག་ལ་མཚོན་ན།   ཆབ་སྲིད་དང་འཚོ་བའི་ངོས་ནས་འཕོ་འགྱུར་ཆེན་པོ་བྱུང་རུང་།  རྩོམ་རིག་གིས་དེ་མ་ཐག་ཏུ་གནས་ཚུལ་དེ་དག་ཚུར་སྣང་བྱེད་པ་ཤིན་ཏུ་དཀའ་བའི་གནས་ཡིན།  བོད་ལ་དཔེར་མཚོན་ན་ས་ཕག་རིན་གཙང་དགའ་ལྡན་ཕོ་བྲང་སོགས་ཀྱི་རིང་ལ་བོད་གངས་ཅན་གྱི་ལྗོངས་འདིར་མི་ཤི་རྟ་འགྱེལ་གྱི་འཁྲུག་ལོང་ཕལ་ཆེར་རྒྱུན་མ་ཆད་པ་ལོ་རྒྱུས་དེབ་ཐེར་དག་ན་གསལ་ཡང་།  སྤྱི་ཚོགས་འཚོ་བ་ཚུར་སྣང་ཅན་གྱི་རྩོམ་རིག་གི་སྟེང་ནས་ང་ཚོས་དོན་རྐྱེན་དེ་དག་གི་ཟུར་ཙམ་ཡང་མཐོང་མི་ཐུབ་པ་འདི་ལྟ་བུ་རེད།  དེས་ན་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་ལོ་བྱེ་བྲག་པ་དེ་དག་གཞིར་བཟུང་ནས་རྩོམ་འབྱུང་ལོ་རྒྱུས་ལའང་ལོ་འདི་ནས་ལོ་འདིའི་བར་ཞེས་དབྱེ་བར་གྱུར་པ་ཅུང་ཟད་རིགས་པ་མ་ཡིན་ནོ་སྙམ།  
          གསུམ་དུ་ན།  རྩོམ་རིག་གི་འབྱུང་གནས་སམ་ཚུར་སྣང་གི་ཡུལ་སྤྱི་ཚོགས་འཚོ་བ་དང་དངོས་ཡོད་འདི་གྲུབ་ཆ་མང་པོ་ཞིག་གིས་གྲུབ་པ་ཡིན་ཏེ།  མི་ཁེར་རྐྱང་བ་ཡིན་ན་འང་འདྲ།  མི་རིགས་ཤིག་ཡིན་ནའང་འདྲ།  རྒྱལ་ཁབ་ཅིག་ཡིན་ན་འང་འདྲ།  དེ་ཉིད་ཀྱི་སྤྱི་ཚོགས་འཚོ་བའི་ནང་དོན་ལ།  ཆབ་སྲིད།  དཔལ་འབྱོར།  མིའི་འབྲེལ་བ།  བསམ་པའི་འཁྱེར་སོ།  དུས་རབས་ཀྱི་དགོངས་པ།  ཆོས་ལུགས་སོགས་རྣམ་པ་ཆེས་ཤིན་ཏུ་མང་པོ་ཡོད་པ་ཡིན་ལ།  གྲུབ་ཆ་འདི་དག་གིས་མི་རིགས་དང་རྒྱལ་ཁབ་དེའི་དུས་རིམ་ངེས་ཅན་ཞིག་གི་ནང་དུ་བཟུང་བའི་གོ་ས་དང་རྩོམ་རིག་གིས་གང་ལ་དམིགས་ཀྱིས་བཟུང་བའི་ཚད་ཀྱང་ཆ་མཉམ་པ་དང་བཏང་སྙོམས་པ་ཞིག་ཡིན་མི་སྲིད།  ལར་ཆབ་སྲིད་གསར་བརྗེ།  ལར་དཔལ་འབྱོར་གོང་སྤེལ།  ལར་ཆོས་ལུགས་དད་པ།  ལར་འཇིག་རྟེན་སྣང་བ་ཡིན་ངེས།  དུས་རབས་ངེས་ཅན་པ་དེའི་ནང་དུ་བྱ་གཞག་གང་ཞིག་གིས་སྤྱི་ཚོགས་འཚོ་བའི་ཁྲོད་ནས་གོ་ས་ཆེན་པོ་བཟུང་བ་ཡིན་ན།  རྩོམ་རིག་གི་ནང་དོན་ཡང་རང་གི་འབྱུང་གནས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བྱ་གཞག་གཙོ་ཆེ་བ་དེ་དང་འབྲེལ་དམ་པར་འགྱུར་བ་ཡིན།  རྩོམ་རིག་དང་སྤྱི་ཚོགས་དང་།  རྩོམ་རིག་དང་དངོས་ཡོད་བར་གྱི་འབྲེལ་བ་དམ་པོ་འདི་རྩོམ་རིག་རང་གི་ཆོས་ཉིད་ཡིན་པས་འདི་ལ་ང་ཚོར་མི་མཐུན་པ་གང་ཡང་ཡོད་པ་མ་ཡིན།  དེ་བས་ན།  རྩོམ་འབྱུང་ལོ་རྒྱུས་ལ་དུས་ཀྱི་དབྱེ་བ་ཕྱེ་དུས་ཀྱང་རྩོམ་རིག་རང་གི་ནང་དོན་ནམ་རྩོམ་རིག་གི་མཚོན་བྱར་གྱུར་པའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བྱ་གཞག་གལ་ཆེན་དག་ཡལ་བར་འདོར་མི་རུང་།  ཆབ་སྲིད་ཀྱིས་འཚོ་བའི་ནང་དོན་ཕལ་ཆ་བཟུང་ཡོད་འི་མི་རིགས་ཤིག་ཡིན་ན།  དེའི་རྩོམ་འབྱུང་ལོ་རྒྱུས་ལ་དུས་ཀྱི་དབྱེ་བ་ཕྱེ་དུས་ཆབ་སྲིད་ཀྱི་འཕོ་འགྱུར་གཙོར་བྱ་འོས་ལ།  དཔལ་འབྱོར་གཙོར་བྱས་པ་ཡིན་ན་དཔལ་འབྱོར་གཙོ་བ་དང་།  སྒྱུ་རྩལ་གཙོར་བྱས་པ་ཡིན་ན་སྒྱུ་རྩལ་གཙོ་བ་དང་།  ཆོས་ལུགས་གཙོར་བྱས་ཀྱི་མི་རིགས་ཤིག་ཡིན་ན་ཆོས་ལུགས་དེ་བསམ་གཞིག་གི་ཡུལ་དུ་བྱ་དགོས་པ་ལས་མཐའ་གཅིག་ཏུ་ཆབ་སྲིད་ཀྱིས་གཅིག་གོ་གཉིས་ཆོད་བྱས་པས་དངོས་པོའི་གནས་ཚོད་དང་འགལ་བར་འགྱུར་ངེས་ཡིན།  
          ང་ཚོ་བོད་ལ་མཚོན་ན།  ཆབ་སྲིད་ཀྱི་སྣང་ཚུལ་མེད་པ་མིན་ཡང་།  སྤྱི་ཚོགས་འཚོ་བའི་ནང་དོན་གྱི་ཆ་ནས་བཤད་ན།  ཆབ་སྲིད་ལས་ཆོས་ལུགས་འདིས་བོད་མི་དམངས་ཀྱི་འཚོ་བའི་ཁྲོད་ནས་གོ་ས་སྤོམ་ཆེ་བ་ཞིག་བཟུང་ཡོད།  རྩོམ་རིག་འདི་ཉིད་ཀྱང་ཆོས་ལུགས་ཀྱི་ལག་ཆར་གྱུར་པ་ལས།  ཆབ་སྲིད་ཀྱི་ལག་ཆར་གྱུར་པ་ཆེས་ཆེར་ཉུང་།  ཐ་ན་མེད་ཅེས་ཀྱང་མི་ཆོག་དམ་པ་དང་ཆེས་ཐད་ཀར་བ་ཡིན་པས།  དེས་ན་བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ལ་དུས་ཀྱི་དབྱེ་བ་ཕྱེ་དུས་ཆབ་སྲིད་ཉིད་གཞིར་འཛིན་བྱེད་པ་མི་རིགས།  
          གོང་གི་བཞེད་པ་གཉིས་པོས་བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ལ་དབྱེ་བ་ཕྱེ་དུས་སྤྱི་ཚོགས་ཀྱི་ལོ་རྒྱུས་སམ་ཆབ་སྲིད་ཀྱི་འཕོ་འགྱུར་གཞིར་བཟུང་བར་གྱུར་པ་འདི་ངས་བསམ་ན་རྒྱའི་རིག་གནས་དང་རྒྱའི་རྩོམ་རིག་གི་དུས་ཀྱི་དབྱེ་སྟབས་ཀྱི་ཤན་ཞུགས་པ་ཡིན་པར་འདོད་དེ།  རྒྱས་རང་གི་རྩོམ་འབྱུང་ལ་དུས་ཀྱི་དབྱེ་བ་འབྱེད་དུས་རྒྱལ་རབས་སོ་སོའི་སྒོ་ནས་དབྱེ་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད།  འོན་ཀྱང་བོད་ཀྱི་རྩོམ་རིག་གི་ཆུ་ཚད་དང་རྩོམ་རིག་གི་ལྟ་བ་སོགས་རྒྱ་མི་རིགས་ལྟ་བུ་ཞིག་མ་ཡིན་པས།  གནས་ཚུལ་བྱེ་བྲག་པ་ལ་བྱེ་བྲག་པའི་སྒོ་ནས་དཔྱད་པ་གཏོང་དགོས།  ཀྲུང་གོ་རྒྱལ་ཁབ་སྤྱི་དང་བོད་ལ་བཅིངས་གྲོལ་ཐོབ་ཚུན་ནས་ལོ་རབས་བརྒྱད་ཅུ་པའི་བར་ལ་མར་ཁེ་སི་རིང་ལུགས་ལར་སྣང་བ་འགས་ཆབ་སྲིད་ཀྱི་དར་ཆ་མཐོ་ནས་མཐོར་བསྒྲེངས་ཏེ་མི་དམངས་ཐམས་ཅད་ཀྱི་བསམ་བློ་དང་འདུཤེས་ཀུན་གཞིའི་སྟེང་ལ་ཆབ་སྲིད་ཀྱི་གྲིབ་མ་སྟུག་པོས་སྒྲིབ་སྟེ།  ཐམས་ཅད་ཀྱི་ཡོད་ཚད་ལ་ཆབ་སྲིད་ཀྱི་མིག་ཤེལ་ཐོགས་པར་འགྱུར་བའང་།  ལོ་རབས་བརྒྱད་ཅུ་པ་ཡན་གྱི་མིའི་ཐུན་མོང་གི་རང་གཤིས་སུ་གྲུབ་ཡོད་པ་ལོ་རྒྱུས་ཀྱི་དངོས་ཡོད་རེད།  དེའི་སྟབས་ཀྱིས་དེང་འདིར་རྒྱའི་མཁས་པ་མང་པོ་ཞིག་གིས་ཀྱང་ཀྲུང་གོའི་རྩོམ་འབྱུང་ལོ་རྒྱུས་བསྐྱར་འབྲི་བྱེད་དགོས་ཞེས་འབོད་སྐུལ་ཚ་བོ་གཏོང་བཞིན་པ་ལྟར་རེད།  
          གོང་གི་བཞེད་པ་དེ་གཉིས་ལས་ད་དུང་གཞན་ཞིག་ཡོད་པ་ནི།  <<བོད་ལྗོངས་ཞིབ་འཇུག>>1999ལོའི་དེབ་གཉིས་པའི་སྟེང་དུ་སྤེལ་བའི་དགའ་བ་ཕ་སངས་ཀྱི་དབྱེ་ཚུལ་སྟེ།  གནའ་རབས་རྩོམ་རིག(ཐོག་མ་ནས་ཁྲི་རལ་བ་ཅན)དང་།  ཉེ་རབས་རྩོམ་རིག(ཁྲི་རལ་བ་ཅན་ནས་བོད་ཞི་བའི་བཅིངས་གྲོལ་ཐོབ་རེག་བར)དང་།  དེང་རབས་རྩོམ་རིག(བོད་ཞི་བའི་བཅིངས་གྲོལ་ཐོབ་ཚུན)གོ།  ཁོང་གིས་གཙོ་བོར་རྩོམ་རིག་རང་གི་ཐུན་མོང་མ་ཡིན་པའི་གོ་དོན་གྱི་སྟེང་ནས་དབྱེ་ཞིབ་བྱས་པར་མངོན་ཏེ།  ཁོསདེ“འང་ཐོག་མར་རྩོམ་རིག་ལོ་རྒྱུས་ཞེས་པའི་གོ་དོན་གང་ཡིན་པ་ཤེས་རྟོགས་བྱ་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པ་དཔེར་ན།  ཨུ་རུ་སུའི་སྐད་དོན་དུ་ཡི་གེའི་སྒོ་ནས་མཚོན་པའི་སྒྱུ་རྩལ་གྱི་ལོ་རྒྱུས་ཞེས་པ་དང་།  འཇར་མན་གྱི་སྐད་དོན་དུ་ཚིག་གི་སྒྱུ་རྩལ་གྱི་ལོ་རྒྱུས་དང་རྒྱ་ནག་གི་སྐད་དོན་དུ་གཞུང་གི་ལོ་རྒྱུས་སམ་རྩོམ་རིག་ལོ་རྒྱུས་ཞེས་སོགས་བརྗོད་པ་ལྟར་ན།  ཡི་གེ་དང་སྐད་བརྡ་དང་དེ་མཚོན་བྱེད་ཀྱི་གཟུགས་གཉིས་ཀྱི་འགྱུར་བའི་ལོ་རྒྱུས་ནི་རྩོམ་རིག་ལོ་རྒྱུས་ཀྱི་རྣམ་པགཙོ་བོ་ཡིན་པ་དང་།  བརྗོད་བྱ་བསམ་ཆོས་ཀྱི་འགྱུར་བའི་ལོ་རྒྱུས་ཀྱི་རྣམ་པ་གཙོ་བོ་ཡིན་པ་དང་།  བརྗོད་བྱ་བསམ་ཆོས་ཀྱི་འགྱུར་བའི་ལོ་རྒྱུས་ནི་རྩོམ་རིག་ལོ་རྒྱུས་ཀྱི་ནང་དོན་གཙོ་བོ་ཡིན་པ་མཚོན་ཐུབ”ཅེས་འཁོད་པ་དང་།  དེ་ནས་ཁོས་རྗོད་བྱེད་བརྡ་གསར་རྙིང་གི་འགྱུར་བ་སྐད་གསར་བཅད་ཐེངས་གཉིས་པའི་དུས་དང་།  བརྗོད་བྱ་བསམ་པའི་འགྱུར་བ་སངས་རྒྱས་ཆོས་ལུགས་བསྣུབས་འགོ་ཚུགས་པའི་ལོ་སྟེ་མངའ་བདག་ཁྲི་རལ་བ་ཅན་འདས་པའི་ལོ་841པ་དེ་གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གི་དབྱེ་འཚམས་སུ་བྱས་པ་དང་།  “དེའང་བོད་ཞི་བའི་བཅིངས་གྲོལ་མ་བཏང་རྗེས་སུ་ཕལ་སྐད་གཙོ་བོར་བྱེད་པའི་སྲོལ་དེ་ཞི་བའི་བཅིངས་གྲོལ་བཏང་རྗེས་སུ་ཕལ་སྐད་གཙོ་བོར་བྱེད་པའི་ཁ་ཕྱོགས་སུ་འགྱུར་བ་བྱུང་བ་དང་།  བསམ་བློར་སློབ་སྟོན་བྱེད་པའི་ཁ་ཕྱོགས་སུ་འགྱུར་བ་བྱུང་བ་དང་།  བསམ་བློར་སློབ་སྟོན་བྱེད་པའི་གཞུང་ལུགས་ཀྱི་རྨང་གཞིར་བྱེད་པའི་སངས་རྒྱས་ཆོས་ལུགས་དེ་རིམ་བཞིན་མར་ཁེ་སི་རིང་ལུགས་ཀྱིས་ཚབ་བྱེད་པ་སོགས་ཀྱི་གསར་བརྗེ་ཆེན་པོ་བྱུང་བ་ལས།  བོད་ཞི་བའི་བཅིངས་གྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་པའི་དུས་དེ་ཤེད་ཙམ་ནི་བོད་ཀྱི་ཉེ་རབས་དང་དེང་རབས་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་རྟགས་འཁྲུལ་མེད་ཅིག་རེད་སྙམ་ཡོད།  
          དེ་ལ་སྤྱིར་སྒྱུ་རྩལ་གྱི་གཞུང་ལུསག་ལྟར་ན།  ༡.ཐིག་རིས་དང་ཚོན་མདངས་ལ་བརྟེན་ནས་སྣང་བརྙན་གསར་བྱེད་པའི་གཟུགས་སྒྲུབ་སྒྱ་རྩལ(造型艺术)༢ .སྒྲ་དང་དབྱངས་འགྲོས་དབྱངས་རྟ་བཅས་ལ་བརྟེན་ནས་སྣང་བརྙན་གསར་བཟོ་བྱེད་པའི་འཁྲབ་སྟོན་སྒྱུ་རྩལ་(表演艺术)དང་།  ༣.སྐད་ཆ་ལ་བརྟེན་ནས་སྣང་བརྙན་གསར་བཟོ་བྱེད་པའི་སྐད་ཆའི་སྒྱུ་རྩལ་ལམ་རྩོམ་རིག་སྒྱུ་རྩལ(文学艺术 )དང་།  ༤.སྔ་མ་གསུམ་པོ་གཅིག་འདུས་ཀྱིས་སྣང་བརྙན་གསར་བཟོ་བྱེད་པའི་སྤྱི་འདུས་སྒྱུ་རྩལ(综合艺术)བཞི་ཡོད་ལ།  དེ་བཞི་བོའི་དབྱེ་བ་དེ་གཙོ་བོ་སྒྱུ་རྩལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ་རང་གྲུབ་བྱེད་ཀྱི་རྒྱུ་ཆ་འམ་ལག་ཆ་ལ་གཞི་བཅས་ནས་བྱུང་བ་ཡིན།  དེས་ན་དགའ་བ་པ་སངས་ཀྱིས་རྩོམ་རིག་རང་གི་ཐུན་མོང་མ་ཡིན་པའི་རྒྱུ་ཆ་སྟེ།  སྐད་ཆའི་འགྱུར་ལྡོག་ལ་ཆེས་གཟབ་གཟབ་དང་ཆེས་ནན་ཏུར་དུ་མཛད་པ་ལ་རིགས་པའི་ཆ་མི་ཉུང་བ་ཞིག་ཡོད།  འོན་ཀྱང་སྐད་ཆའི་སྒྱུ་རྩལ་ལམ་རྩོམ་རིག་སྒྱུ་རྩལ་དང་།  “ཡི་གེའི་སྒོ་ནས་མཚོན་པའི་སྐད་ཆའི་སྒྱུ་རྩལ་གྱི་ལོ་རྒྱུས”སམ“སྐད་ཆ”ལས་གཞན་ད་དུང་དེའི་གོ་དོན་གྱི་ངོས་ན་འབྲེལ་སྒྲའི་བདག་ཉིད་གཅིག་པའི་འབྲེལ་བ་ཅན་གྱི“སྒྱུ་རྩལ”ཞེས་པའི་མིང་ཟུར་བ་ཞིག་ཡོད་པ་འདིར་གནད་ཆེན་པོ་ཞིག་ཡོད་པ་ཡིན།  ཡི་གེ་དང་ཚིག་དང་སྐད་ཆ་ལ་བརྟེན་པ་ཙམ་གྱིས་སྒྱུ་རྩལ་རྩོམ་རིག་ཡིན་མི་སྲིད།  སྒྱུ་རྩལ་རྩོམ་རིག་ཡིན་དུས་རྩོམ་རིག་རང་གི་རྒྱུ་ཆའམ་ལག་ཆའི་སྐད་ཆ་དེ“སྒྱུ་རྩལ་གྱི་ཐབས”ཀྱིས་བཀོད་སྒྲིག་བྱེད་དགོས་པ་ཞིག་ཡིན།  འདིའི་སྟེང་ནས་རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་རྩོམ་གྱི་ཁྱད་པར་བྱུང་བ་ཡིན།  སྐད་ཆའི་སྒྱུ་རྩལ་ལམ་རྩོམ་རིག་སྒྱུ་རྩལ་ལ།  རྩོམ་རིག་གི་རྒྱུ་ཆ་སྐད་ཆ་དེ་མེད་མི་རུང་དུ་གནས་པ་ཡིན་ཡང་།  གཙོ་བོ་གནད་ས་ནི་རྒྱུ་ཆ་དེ་དག་སྒྱུ་རྩལ་གྱི་ཐབས་ཀྱིས་བེད་སྤྱད་ནས་སྣང་བརྙན་ལས་གཞན་ད་དུང་དེ་ལས་ལྷག་པའི་སྒྱུ་རྩལ་རྩོམ་རིག་ཏུ་འགྲོ་བྱེད་ཀྱི་སྣང་བརྙན་གསར་བཞེངས་ཀྱི་རྩོམ་ཐབས(སྐད་ཆ་བཀོད་སྒྲིག་བྱེད་སཏངས)ལ་གལ་ཆེན་དུ་དམིགས་ཐུབ་པ་དགོས(རྩོམ་རིག་གི་ཕྱིའི་རྣམ་པ་ཟེར་བའང་འདི་ཡིན)གལ་ཏེ་རྗོད་བྱེད་སྐད་ཆ་ཁོ་ན་ཉིད་ལ་དམིགས་ནས་བརྡ་དང་སྐད་ཆ་ལ་འགྱུར་ལྡོག་བྱུང་བ་ཙམ་གྱིས་རྩོམ་རིག་གི་ཕྱིའི་རྣམ་པ་ལ་འགྱུར་ལྡོག་བྱུང་བར་གྱུར་པ་དང་འབྱུང་དགོས་པ་ཞིག་ཡིན་ན།  མ་འོངས་པའི་རྩོམ་རིག་གི་ལོ་རྒྱུས་ཅུང་འབྲི་ཁག་པོ་ཡིན་ངེས་སྙམ།  འདི་ནི་རྗོད་བྱེད་སྐད་ཆའི་ཐད་ནས་དོགས་སློང་ཅུང་བགྱིས་པ་ཡིན་ལ།  ཁོང་གིས་བསྟན་པའི་བརྗོད་བྱ་བསམ་ཆོས་ཀྱི་ཐད་ནས་ཅུང་དཔྱོད་ན།  
          ཁོས་མངའ་བདག་ཁྲི་རལ་བ་ཅན་དང་བོད་ཞི་བའི་བཅིངས་གྲོལ་གྱི་དུས་འདི་གཉིས་བསམ་པའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་བའི་དུས་སུ་བྱས་ཏེ།  རྩོམ་འབྱུང་ལོ་རྒྱུས་ཀྱི་བརྗོད་བྱའམ་ནང་དོན་ལའང་འཕོ་འགྱུར་ཆེན་པོ་བྱུང་བར་ཁ་ཚོན་བཅད་པ་ལ།  གཅིག་ན།  གོང་དུ་བསྟན་པ་ལྟར་གྱི་བསམ་པའི་འགྱུར་བ་དང་རྩོམ་རིག་གཉིས་མཉམ་གཤིབ་དུས་མཉམ་དུ་བྱས་པའི་སྐྱོན་འབྱུང་སྟེ།  བསམ་པའི་འགྱུར་བ་དང་བསྟུན་ནས་རྩོམ་རིག་ལའང་འགྱུར་ལྡོག་འབྱུང་རུང་ཡོད་ཀྱང་།  དེ་ལྟར་འབྱུང་ངེས་ཤིག་མ་ཡིན།  སྤྱི་ལོ841པའི་སྔ་གཞུག་གཉིས་ཀྱི་རྩོམ་རིག་བརྩམས་ཆོས་རང་མཚན་པར་བལྟས་ནའང་འགྱུར་བ་ཆེན་པོ་བྱུང་ཡོད་པ་ང་ཚོས་མཐོང་དཀའ་ལ།  སྤྱི་ལོ1951པའི་སྔ་གཞུག་གཉིས་ཀྱི་བརྩམས་ཆོས་ལའང་མངོན་གསལ་ཅན་གྱི་ཁྱད་པར་ཡོད་པ་ཆེས་ཤིན་ཏུ་མཐོང་དཀའ།  
          གཉིས་སུ་ན།  གལ་ཏེ་བསམ་བློའི་འཕོ་འགྱུར་དང་རྩོམ་རིག་གི་འགྱུར་བ་གཉིས་མཉམ་གཤིབ་དུས་མཉམ་ཡིན་པའི་དབང་དུ་བཏང་དུ་བཏང་ནའང་།  ངས་བསམ་ན་སྤྱི་ལོ་841པ་དང་སྤྱི་ལོ1951པ་གཉིས་ལ་སྐལ་ཆེན་པོ་མེད་སྙམ།  ཀུན་གྱིས་ཤེས་གསལ་ལྟར།  བོད་ཀྱི་བསམ་བློའི་ཕྱོགས་ནས་ཆེས་ཐོག་མར་གདོད་མའི་ཆོས་ལུགས་ཀྱིས་དབང་བསྒྱུར་པ་དང་།  དེ་ནས་གཡུང་དྲུང་བོན་གྱི་བསྟན་པས་དབང་བྱས་པ་དང་།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནས་བཟུང་སངས་རྒྱས་ཆོས་ལུགས་བོད་དུ་བསྒྱུར་པ་དང་།  རྒྱལ་པོ་གླང་དར་དུས་སུ་སངས་རྒྱས་ཆོས་ལུགས་བསྣུབས་པ་ཡིན་ཡང་དེ་ཡང་ཕྱི་ཚུལ་གྱི་རྟགས་དང་ཆོ་ག་འདུལ་བའི་རྒྱུན་དང་དགེ་ཚུལ་སློང་གི་རྟགས་ཙམ་ལ་གནོད་པ་བྱས་པ་ལས་བོད་འབངས་སྤྱིའི་སེམས་ཀྱི་གཏིང་ལ་སྣུམ་གྱིས་གོས་ཟིན་པ་ལྟ་བུའི་ནང་ཆོས་ལུགས་ཀྱི་བསམ་པའི་འཁྱེར་སོ་དང་རིན་ཐང་ལྟ་བར་འགྱུར་ལྡོག་ཆེན་པོ་བཟོ་མ་ཐུབ།  དེའི་སྟབས་ཀྱིས་གླང་དར་གྱི་ཆོས་ལུགས་བསྒྱུར་བཅོས་ཀྱང་ཕམ་ཁའི་ངང་མཇུག་གྲིལ་བ་དེ་རེད།  དེ་བས་གླང་དར་བསྟན་བསྣུབས་འདིས་བོད་འབངས་སྤྱིའི་བསམ་བློའི་ཕྱོགས་ལ་དུས་ཀྱི་དབྱེ་བ་འབྱེད་མཚམས་བྱེད་ཆོག་པའི་དགོས་པ་ཐོན་མེད་སྙམ།  དེ་ནས་བཟུང་སྟེ་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་འཐེན་འཁྱེར་ཙམ་ལས་གང་ལྟར་ནང་པའི་ཆོས་ཀྱིས་དབང་བསྒྱུར་བྱད་པ་གཅིག་མཚུངས་རེད།  སྤྱི་ལོ1951པར་མཚོན་ནའང་བོད་སྤྱི་ཚོགས་ཀྱི་ངོ་བོ་དང་།  ཆབ་སྲིད་ཀྱི་རྣམ་པ་དང་།  དཔལ་འབྱོར་གྱི་སྒྲིག་གཞིར་འགྱུར་ལྡོག་ཆེན་པོ་བཟོས་པ་ཡིན་ཡང་།  བོད་འབངས་སྤྱིའི་བསམ་པའི་ཐད་ནས་ངས་བསམ་ན་ད་དུང་ཡང་དུས་རབས་དཀྱིལ་དང་མཚུངས་པར་སྐྱབས་འགྲོ་བཟློག་བསྒྱུར་བྱམས་སྙིང་རྗེ།  འདོད་ཆུང་ཆོག་ཤེས་སོགས་ཕྱི་མ་ཕན་ཆད་གཙོར་བྱས་ཀྱི་མངོན་མཐོ་ངེས་ལེགས་ཀྱི་བསམ་པས་ཟིན་པ་འབའ་ཞིག་གོ།  ངས་བསམ་ན་སྤྱི་ཚོགས་གསར་པའི་བསམ་བློ་གསར་པའི་དྭངས་མ་ནི་ལོ་རབས་བརྒྱད་ཅུ་པ་ནས་བོད་སྐྱེ་འབངས་ཀུན་གྱི་ཀུན་གཞིའི་མཚོ་མོར་ཡོངས་སུ་བསྐྱིལ་བའོ་སྙམ།  སྤྱི་ལོ841པ་ཡིན་ནའང་འདྲ།  སྤྱི་ལོ1951པ་ཡིན་ནའང་འདྲ།  བོད་མི་རིགས་ལ་མཚོན་ན་གཉིས་ཀའང་བླ་ནས་འོག་གི་བཙན་ཐབས་ཀྱི་བསྒྱུར་བཅོས་ཡིན་པ་ལས།  འོག་ནས་བླ་རུ་ངང་ཤུགས་ཀྱི་བྱུང་བའི་སྤྱི་ཁྱབ་བམ་ཡོངས་ཁྱབ་རང་བཞིན་ཅན་གྱི་འཕོ་འགྱུར་ཞིག་མ་ཡིན་པས།  དུས་འདི་གཉིས་བོད་སྤྱི་ཚོགས་སྤྱིའི་ལོ་རྒྱུས་ཀྱི་ཁོར་ཡུག་ཆེན་མོའི་ནང་དུ་བཞག་ནས་བལྟས་ན།  དེ་ནི་བསམ་པའི་འཕོ་འགྱུར་ཐད་ནས་དེ་འདྲའི་དོན་ལ་གནས་པ་ཅན་གྱི་གསལ་ཐག་ཆོད་པའི་ལམ་ཚོད་རྡོ་རིང་གཉིས་མ་རེད་སྙམ།  
          གོང་གི་འདོད་པ་གསུམ་པོ་གང་ཡིན་ཡང་རང་རང་ལ་བདེན་དོན་གྱི་ཅུང་ཟད་རེ་ཡོད་ལ།  ལྷག་པར་དུ་འདོད་པ་གསུམ་པས་རྩོམ་རིག་གི་སྐད་ཆ་དང་བསམ་བློའི་ཆ་ནས་དཔྱད་པ་ནི་རྩོམ་རིག་རང་གི་ཕྱིའི་རྣམ་པ་དང་ནང་དོན་གྱི་ཆའི་ཆོས་ཉིད་དང་ཆེས་ཉེ་བར་གྱུར་པ་ཡིན་ཡང་།  ཁོ་རྗོད་བྱེད་དམ་རྣམ་པའི་ཆ་ནས་སྐད་ཆ་ཁོ་ནའི་སྟེང་ནས་ལུས་པ་ལས་སྐད་ཆའི་སྒྱུ་རྩལ་ལ་དོ་སྣང་བྱེད་མི་ཐུབ་པ་དང་།  བརྗོད་བྱའི་ནང་དོན་གྱི་ཆ་ནས་སྤྱི་ལོ841པ་དང་1951པའི་སྟེང་ནས་བཞག་པ་ནི་ཆེས་ཕངས་པའི་གནས་སོ།  །  
          རང་ལུགས་འཇོག་པ།  
          སྐབས་དང་པོའི་རྩོམ་རིག
          རྩོམ་རིག་དང་ལོ་རྒྱུས་སྟེང་གི་རིག་གནས་གང་ཞིག་ལ་དཔྱད་པར་བྱེད་ཀྱང་དེ་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་རྣམ་པ།  སྐབས་དེའི་ཆབ་སྲིད།  དཔལ་འབྱོར།  རིག་གནས།  རང་བྱུང་ཁོར་ཡུག་སོགས་དང་དངོས་སམ་བརྒྱུད་ནས་འབྲེལ་ཡོད་པ་ཤ་སྟག་ལས།  འབྲེལ་མེད་དོན་གཞན་ཅན་དང་ལྟོས་མེད་ཁེར་ཚུགས་ཤིན་ཏུ་གཏན་ནས་ཡོད་མི་སྲིད།  འདི་ནི་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་སྨྲ་བའི་རྩ་བའི་ཁྱད་ཆོས་ཀྱང་ཡིན།  འོན་ཀྱང་དཔྱད་བདེ་བའི་ཆེད་དུའམ་ཡང་ན་བོད་སྤྱི་ཚོགས་དང་བོད་ཀྱི་རྩོམ་རིག་གི་སྣང་ཚུལ་འདི་ནས་གནས་ཚུལ་ཅུང་བྱེ་བྲག་པ་ཞིག་ཡིན་པའི་ཆ་ནས།  ང་ཚོས་འདིར་བོད་ཀྱི་རྩོམ་རིག་གི་རྣམ་པ་ཁོ་ན་ཟུར་དུ་བཀར་ནས་ཁོ་རང་སྟེང་ནས་ལོ་རྒྱུས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་ཡོད་དཔྱད་པར་བྱ་བ་ལ།  རྩོམ་འབྱུང་ལོ་རྒྱུས་ཞེས་པ་གཙོ་བོ་རྩོམ་རིག་རང་ཉིད་ཀྱི་ལོ་རྒྱུས་ཡིན་ན།  དེའི་གཞིར་འཛིན་པའི་རྩོམ་རིག་དེར་རྣམ་པ་གཉིས་སུ་ངེས་ཏེ།  གཅིག་ནི་རྩོམ་རིག་གི་བརྩམས་ཆོས་དང་།  གཅིག་ནི་རྩོམ་རིག་རང་གི་ལྟ་བ་སོགས་བརྗོད་པའི་གཞུང་ལུགས་སོ།  །  ང་ཚོ་བོད་ལ་མཚོན་ན་མེ་ལོང་མ་མ་དར་གིང་དུ་རྩོམ་རིག་བརྩམས་ཆོས་མ་གཏོགས།  རྩོམ་རིག་གི་གཞུང་ལུགས་ནི་མེད།  དེ་བས་དེའི་གོང་གི་རྩོམ་རིག་ལ་དཔྱད་པར་ང་ཚོར་རྩོམ་རིག་བརྩམས་ཆོས་ཁོ་ན་མ་གཏོགས་གཞི་འཛིན་ས་ཡོད་པ་མ་རེད།   དེ་ལ་ད་ལྟ་ང་ཚོར་མཐོང་ཐོས་སུ་ཡོད་པའི་བོད་རྩོམ་ཐོག་མ-སྤུ་དེ་གོང་རྒྱལ་གྱི་མགུར“འ་བ་ཉིད་ཉེ་བས་ཉི”ནས་ཉི་མ་དེ་རིང་བར་གྱི་རྩོམ་རིག་གི་ལོ་རྒྱུས་རིང་མོར་ཕྱིར་ལྟ་བྱས་ན།  སྤུ་དེ་གོང་རྒྱལ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བར་ལ་ཙན་པ་གཅིག་བྱས་ན་ཆོགརྒྱུ་མཚན་ནི་ལོ་རྒྱུས་ཀྱི་བར་ཐག་རིང་མོ་འདིའི་ནང་དུ་ནང་དོན་གྱི་ཆ་ནས་འགྱུར་ལྡོག་ཆེན་པོ་མེད་པའི་རྒྱུད་གཅིག་ཏུ་འབྲེལ་བའི་རྒྱུན་ཆགས་རང་བཞིན་ཞིག་ཡོད་པ་དང་།  སྒྱུ་རྩལ་གྱི་ཆ་ནས་ཀྱང་འགྱུར་ལྡོག་ཆེན་པོ་མེད་པའི་བརྒྱུད་གཅིག་ཏུ་འབྲེལ་བའི་རྒྱུན་ཆགས་རང་བཞིན་ཞིག་ཡོད།  
          བར་གླགས་འདིར་སྤྱིར་ཡིག་ཆ་མང་དུ་ཡོད་ཀྱང་།  མདོར་བསྡུས་ན།  ལོ་ཚིགས་ཀྱི་གུང་སྒྲིག་པའི་ལོ་ཐོའི་སྐོར་ཞིག་དང་།  རྒྱལ་པོ་སོ་སོའི་གཏམ་རྒྱུད་དང་གནའ་གཏམ་རང་བཞིན་ཅན་གྱི་བྱུང་བ་བརྗོད་པའི་སྐོར་ཞིག་དང་།  རྒྱལ་པོ་རྒྱལ་ཕྲན་སོ་སོའི་རྒྱལ་རབས་ཀྱི་སྐོར་བཅས་གསུམ་ཡོད།  འདི་གསུམ་ལས་སྒྱུ་རྩལ་གྱི་རང་བཞིན་ཡོད་པ་དང་།  རྩོམ་རིག་གི་ཁྱད་ཆོས་ཡོད་པ་གཉིས་པ་གནའ་གཏམ་དང་མགུར་མ་སྦྲགས་ནས་ཡོད་པའི་བྱུང་བ་བརྗོད་པའི་སྐོར་འདི་རེད།  སྐབས་འདིའི་ཐོག་མིའ་སྤུ་དེ་གུང་རྒྱལ་གྱི་དགྲ་ཤ་བླངས་པའི་མགུར་དང་གཏམ་རྒྱད་ཡིན་ནའང་འདྲ།  མྱང་ཙེང་སྐུས་སྟག་རི་གཉན་གཟིགས་ལ་གློ་བ་ཉེ་བའམ་འདུན་པ་འཆོར་བའི་མགུར་དང་གཏམ་རྒྱུད་ཡིན་ནའང་འདྲ།  བར་གྱི་གནམ་རི་སྲོང་བཙན་དུས་སུ་ཁྱུང་བོ་སྤུང་སད་དང་ཞང་སྣང་གཉིས་ཀྱིས་བླངས་པའི་གླུ་ཤགས་དང་གཏམ་རྒྱུད་ཡིན་ནའང་འདྲ།  ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ།  འཇང་དུམ་མྱ་དཀར་པོའི་རྒྱལ་པོ་ཀག་ལ་བོང་འབངས་སུ་བཅུག་སྟེ།  བོད་དང་མྱའི་དམག་དཔུང་བསྡེབས་ནས་རྒྱ་དང་འཐབ་མོ་བཀྱེ་རྗེས་ཀྱི་བཙན་པོ་རྗེ་འབངས་ཀྱི་མགུར་དང་དེའི་གཏམ་རྒྱུད་ཡིན་ནའང་འདྲ།  གང་ལྟར་ཀྱང་རྩོམ་ལུས་ཀྱི་ཆ་ནས་བརྩམས་སྒྲུང་གི་ཐོག་མའི་རྣམ་པ་གཏམ་རྒྱུད་གནའ་གཏམ་ཅན་དང་།  སྙན་ངག་གི་ཐོག་མའི་རྣམ་པ་མགུར་གླུ་གཉིས་སུ་ཡོད་ལ།  དེ་དག་གི་ནང་དོན་ལ་གཙོ་བོར་རྒྱལ་པོ་དང་འགོ་བ་ཚོ་དཔོན་རང་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་དང་འབྲེལ་ཞིང་།  དབང་སྒྱུར་གྲལ་རིམ་བར་གྱི་འགལ་བ་དང་འབྲེལ་བ་དངོས་སུ་མཚོན་པ་བཅས་ཀྱིས་རྗེས་ཕྱོགས་ཀྱི་རྩོམ་དང་མི་འདྲ་བའི་མཐོང་བའི་ཆོས་འདི་གཙོ་ཞིང་དངོས་ཡོད་འཚོ་བའམ་མིའི་འཚོ་བ་དང་དམ་དུ་འབྲེལ་བའི་ཁྱད་ཆོས་ཡོད།  
          སྒྱུ་རྩལ་གྱི་ཆ་ནས།  གཏམ་རྒྱུད་གནའ་གཏམ་གྱི་རང་བཞིན་ཅན་དག་ནི་རྒྱལ་པོ་སོ་སོའི་དངོས་ཡོད་ཀྱི་བྱ་བ་བརྗོད་པ་དག་ཡིན་པས།  བདེན་པའི་རང་བཞིན་ཆེ་ལ།  ལོ་རྒྱུས་ཀྱི་རིན་ཐང་ཡོད་པ་དང་།  གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ཚང་ཞིང་གྱ་གྱུ་ཆེ་བ།  བསྡུ་ཆེ་ལ་འབྲེལ་དམ་པ།  ཉོག་བཤད་མེད་པ་བཅས་ཀྱིས་ཚགས་དམ་པའི་ཁྱད་ཆོས་ཡོད་ལ།  རྩོམ་རིག་གི་སྐད་ཆ་ཡང་ཚིག་བསྡུས་ཤིང་བརྗོད་ཆགས་པ།  བརྗོད་བདེ་ཞིང་དོན་གསལ་བ།  སྣང་བརྙན་གྱི་རང་བཞིན་ཡོད་པ་ཅན་དང་།  ལྷག་པར་མི་སྣའི་སྐད་ཆ་ལབ་གླེང་བྱེད་པ་རྣོ་ལ་གནད་དུ་ཕོག་པ།  འདེགས་འཇོག་དང་འགྱུར་ཁུགས་ལྡན་པ།  གཟི་ཤུགས་ཆེ་བ་།  ཆ་འགྲིག་གི་རྣམ་པའམ་གཏམ་དཔེའི་རང་བཞིན་ཡོད་པ་དེའི་ནང་གི་སེང་གོ་མྱི་ཆེན་དང་ཁྱུང་བོ་སྤུང་སད་ཀྱི་སྐད་ཆའི་ལབ་གླེང་ལྟ་བུའོ།  །  
          མགུར་གླུའི་རྣམ་པ་ཅན་དག་ནི།  ཐོག་མའི་རྒྱན་གྱི་དོད་ཚུལ་དང་ལྷག་པར་དཔེ་རྒྱན་གཟུགས་རྒྱན་ཐ་ན་བསྡུས་བརྗོད་མཚོན་དོན་ལྟ་བུའི་རྒྱན་གྱི་རྣམ་པ་མཐོ་རིམ་ཅན་བྱུང་ཡོད་ལ།  དཔེ་དེ་དག་ཀྱང་བོད་མི་རིགས་ཡོངས་ལ་བྱང་ཆ་རྒྱུས་མངའ་ཡོད་པ།  རང་གི་ཉེ་འཁོར་ཀུན་ཏུ་དུས་རྒྱུན་མཐོང་ཐོས་སུ་ཡོད་པ།  རང་གི་ཞིང་འབྲོག་གི་འཚོ་བ་དང་ཆེས་ཆེར་འབྲེལ་དམ་པ་ཅན་ཉིད་དང་།  མགུར་དང་གླུ་འདི་རང་གི་ནང་སེམས་ཀྱི་འགྱུར་བ་ངག་ཏུ་ཐོལ་བྱུང་དུ་ཤར་བ་ཞིག་ཡིན་ཙ་ན།  སྐབས་འདིའི་ཚིགས་བཅད་རྩོམ་ལུས་འདི་གཅིག་ན་དབྱངས་སུ་གྱེར་ཆོག་པ་ཚིགས་བཅད་ཀྱི་རྣམ་པར་དང་།  གཉིས་ན་ནང་སེམས་ཀྱི་འགྱུར་བ་མཚོན་བྱེད་ཀྱི་ཐབས་མཆོག་ཅིག་ཏུ་སྣང་ནས་ཡོད།  དེ་ལས་ཀྱང་མགུར་གླུ་དེ་དག་ལ་ཕ་རོལ་རྣམ་གནོན་གྱི་ཟིལ་ཤུགས་ཆེ་བ་དང་།  རང་སེམས་རྗེན་འཆར་གྱི་དུངས་མཚན་རང་བཞིན་ཡོད་པ་བཅས་ཀྱི་ཐུན་མོང་གྱི་དགེ་མཚན་དང་མི་མཚུངས་པ་ཡོད།  འདུས་སྲོང་མང་པོ་རྗེས་མགར་གྱི་བུ་རྒྱུད་ལ་བླངས་པའི་མགུར་ལྟ་བུར་མཚོན་ན་རྒྱན་གྱི་རྣམ་པ་ཆེས་ཕུན་སུམ་ཚོགས་པར་ཡོད་པ་མ་ཟད།  མགུར་དེའི་ཟིལ་ཤུགས་ཀྱིས་མགུར་ལེན་མཁན་ནི་རྒྱལ་པོ་ལྟ་བུའི་བླ་ན་མཐོ་བ་ཞིག་ཡིན་པ་དང་།  ལེན་ཡུལ་ཀྱང་རང་ག་བའི་རྩྭ་མི་ཤིང་མི་ཞིག་མ་ཡིན་པའི་ཚོར་བ་སྟེར་ཐུབ་ལ།  མགུར་ཡོངས་སུ་ཁྱབ་པའི་ཤགས་ཀྱི་ཟིལ་ཤུགས་དེས་ཕ་རོལ་མཆོག་དམན་གང་ཡིན་ཡང་སྤ་བཀོང་བར་བྱེད་པར་ཐེ་ཚོམ་ཅི་ཡང་མེད།  དེ་ལས་གཞན་པའི་སྟག་རི་གཉན་གཟིགས་སྐབས་ཀྱི་མྱང་ཙེང་སྐུས་བླངས་པའི་མགུར་དང་།  མགར་སྟོང་བཙན་ཡུལ་བཟུང་གིས་སྲོང་བཙན་སྒམ་པོའི་མགུར་ལན་དུ་བླངས་པའི“བྱ་འིས་ནི་ཞུ་པུབ།  ལ་པྱི་ནི་གདང་སུ་དྲོ”ལྟ་བུའི་མགུར་སོགས་ཀྱིས་འཐུས་སོ།  །  
          བར་མཚམས་རིང་མོ་འདིའི་བར་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་འདི་ཉིད་བོད་ཀྱི་ཆབ་སྲིད་དང་།  དཔལ་འབྱོར།  དམག་དོན།  རིག་གནས་སོགས་གང་ཐད་ནས་སྔ་ན་མེད་པ།  ཕྱིས་སུ་དཀོན་པ་ཞིག་གིས་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཀྱི་དབྱེ་མཚམས་ཆེས་གསལ་བ་ཅན་ཞིག་ཡིན་ཀྱང་།  བོད་ཀྱི་རྩོམ་རིག་བརྩམས་ཆོས་ལ་གཞིགས་ན་སྲོང་བཙན་སྐབས་ཀྱི་མགུར་དང་གཏམ་རྒྱུད་དང་འདུས་སྲོང་མང་པོ་རྗེའི་སྐབས་ཀྱི་མགུར་དང་གཏམ་རྒྱུད་གཉིས་ལ་ནང་དོན་དང་སྒྱུ་རྩལ་གང་གི་ཆ་ནས་ཀྱང་རྒྱུན་ཆགས་ཀྱི་འབྲེལ་བ་ཡོད་པ་ལས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་ང་ཚོས་མཐོང་དཀའ།   དེ་ཡང་ཡིན་ཏེ་རྒྱལ་པོ་ཁོང་གི་རིང་ལ་བོད་གཅིག་གྱུར་བྱས་ནས་སྲིད་དབང་ཚུགས་པ་ཡིན་ཡང་།  འོན་ཀྱང་སྲིད་དབང་དེ་འདྲ་བརྟན་བརླིང་ཅན་མ་ཡིན་པ་དང་།  མཐའ་བཞིའི་རྒྱལ་ཁབ་ཁག་གི་བར་ནའང་ཇི་སྐད་དུ་“གཙུག་ལག་རྒྱལ་པོ་གདུག་པ་སྦྲུལ་ལྟར་འཁྱིལ།  ཆོས་ཀྱི་རྒྱལ་པོ་ཁྱི་ལ་སྤྱང་ལྟར་འཇབ།  ནོར་གྱི་རྒྱལ་པོ་བྱིའུ་ལ་ཁྲ་ལྟར་འཛུམ།  ཧོར་གྱི་རྒྱལ་པོ་ཤིང་ལ་སྟ་ལྟར་འཚབ”ཅེས་པ་ལྟར་ཆབ་སྲིད་ཀྱིས་གཙོས་པའི་འགལ་བ་དྲག་པོ་དེ་ད་དུང་སྔར་བཞིན་གནས་ཡོད་པས།  སྐབས་དེའི་བོད་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ད་དུང་ཡང་ཆབ་སྲིད་དང་།  དེས་མཚན་པའི་མིག་སྔའི་འཚོ་བའི་སྟེང་ན་ཡོད་པ་དང་།  བོད་འབངས་ཀྱི་བསམ་བློ་ཡང་སྔར་གྱི་ཚེ་འདི་གཙོར་བྱས་ཀྱི་བསམ་བློ་དྲག་ནས་དྲག་ཏུ་ཕྱིན་པ་ལས།  དེ་ལ་འགྱུར་ལྡོག་བྱུང་བ་ཅང་མེད།  དེ་བས་བདག་གིས་སྲོང་བཙན་སྒམ་པོ་ཁོང་ཆབ་སྲིད་ཀྱི་ལོ་རྒྱུས་ཡིན་ན་མ་གཏོགས་རྩོམ་འབྱུང་ལོ་རྒྱུས་ཀྱི་དུས་དབྱེ་མཚམས་སུ་འཇོག་འདོད་པ་མིན།  
          སྐབས་གཉིས་པའི་རྩོམ་རིག
          རྩོམ་རིག་གི་ནང་དོན་གྱི་ཆ་ནས་དང་ཕྱིའི་རྣམ་པའི་ཆ་གཉིས་ཀ་ནས་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་ནས་རེད།  བོད་ཀྱི་ལོ་རྒྱུས་ཐོག་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འདི་ཡང་མེས་པོ་སྲོང་བཙན་སྒམ་པོ་དང་མཚུངས་པར།  བོད་ཀྱི་ཆབ་སྲིད།  དམག་དོན།  དཔལ་འབྱོར་ཕྱོགས་གང་ཐད་ནས་མཛད་རྗེས་རླབས་པོ་ཆེ་བཞག་མྱོང་བའི་རྒྱལ་པོ་ཆེན་པོ་ཞིག་ཡིན།  ལྷག་པར་དུ་བོད་ཀྱི་རིག་གནས་དང་བསམ་བློའི་ལོ་རྒྱུས་སྟེང་ནས་བཤད་ན།  རྒྱལ་པོ་འདི་གཞན་དང་ཐུན་མོང་མ་ཡིན་པའི་རྒྱལ་པོ་ཞིག་ཡིན།  
          སྤྱིར་ལྷ་ཐོ་ཐོ་རིའི་རིང་ལ་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་དང་།  སྲོང་བཙན་སྒམ་པོའི་རིང་ལ་དམ་པའི་ཆོས་དེ་བོད་དུ་ཐོག་མར་དར་བ་ཡིན་ཡང་།  དེ་དག་གི་རིང་ལ་དམ་པའི་ཆོས་དེ་མཐོ་རིམ་དཔོན་ཁག་ཁ་ཤས་སམ་བོད་མི་ཉུང་ཤས་ཤིག་གི་ཁྲོད་དུ་དར་བ་ལས།  བོད་སྤྱི་ལ་མཚོན་ན་བསམ་བློའི་འདུ་ཤེས་ད་དུང་ཡང་ཚེ་འདི་གཙོ་གཉེར་གྱི་གདོད་མའི་ཆོས་ལུགས་ཀྱིས་དབང་སྒྱུར་ནས་ཡོད་པ་ཡིན།  རྒྱལ་པོ་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་གཙུག་བརྟན་བར་དུའང་ཆོས་ལུགས་དེ་གོམ་སྟབས་དལ་མོས་རིམ་གྱིས་འཕེལ་ཏེ།  སངས་རྒྱས་ཆོས་ལུགས་དང་གཡུང་དྲུང་བོན་གྱི་བསྟན་པ་ཉིས་ལྡན་ནམ་དབང་མཉམ་དུ་འཕེལ་བ་ལས་བླ་ལྷག་ཏུ་དར་བ་མ་བྱུང་།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་ལ་རྒྱ་གར་གྱི་མཁན་ཆེན་བོ་ངྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་བོད་དུ་གདན་དྲངས་ཤིང་།  བོད་དུ་རང་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་གཉིས་བཙུགས་པ་དང་།  ལོ་ཙྰ་པ་མང་པོ་སྐྱེད་སྲིང་སོགས་ཀྱིས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དེ་བོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་བཏང་།  སྐབས་འདི་ནས་བཟུང་ཆོས་ལུགས་ཀྱིས་བོད་སྤྱི་ཚོགས་ཁྲོད་ནས་སྲོག་ཤིང་ལྟ་བུའི་གོ་གནས་བཟུང་བར་གྱུར་ཅིང་།  བོད་མི་སྤྱིའི་བསམ་བློར་ཡང་འགྱུར་ལྡོག་ཆེན་པོ་བྱུང་སྟེ།  ཚེ་ཕྱི་མ།  ལས་དགེ་སྡིགབྱམས་སྙིང་རྗེ་སོགས་ཞི་འགྱུར་ཕྱོགས་ཀྱི་བསམ་བློའི་འདུ་ཤེས་ཀྱིས་སྔར་གྱ་མཐོང་བའི་ཆོས་འདི་གཙོར་བྱས་ཀྱི་བློ་འཛངས་དཔལ་རྟུལ་གྱི་ཚབ་བྱས་པ་དང་།  བོད་སྤྱི་ཚོགས་ཀྱི་བྱ་བཞག་ཐམས་ཅད་ལས་ཆོས་ལུགས་ཀྱི་བྱ་བ་དཀྱིལ་སྙིང་ལྟ་བུར་གྱུར་པ་དང་།  རིག་གནས་ཐམས་ཅད་ཀྱང་ཆོས་ལུགས་དང་འབྲེལ་ནས་བྱུང་སྟེ།  ཕྱི་ཕྱིར་ཆོས་ལུགས་ཀྱི་འཁོར་དང་བྲན་དུ་གྱུར་པ་དང་།  ཆོས་ལུགས་ཁྱབ་བསྒྲགས་ཀྱི་ལག་ཆ་དང་ཆོས་ལུགས་ལ་ཞབས་འདེགས་ཞུ་བྱེད་འབའ་ཞིག་ཏུ་གྱུར་པས།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་འདིའི་རིང་ནས་རྩོམ་རིག་སྒྱུ་རྩལ་གྱི་རོ་མཆོག་ཀྱང་གློ་བུར་དུ་ཡལ་ནས།  སྔར་གྱི་གཟི་ཤུགས་ཆེ་བའི་རྩོམ་རིག་གི་སྐད་ཆ་དང་།  གྱ་གྱུར་ལྡན་པའི་གཏམ་རྒྱུད་ཀྱི་བྱུང་རིམ།  ཤགས་འགྱེད་དང་རང་སེམས་རྗེན་འཆར་གྱི་མགུར་གླུའི་རྣམ་པ་སོགས་གང་ཡང་མི་སྣང་བར་གྱུར་ཏེ།  བསྟན་པ་ཕྱི་དར་བར་དུ་སྒྱུ་རྩལ་རྩོམ་རིག་ཆེས་ཕྲག་ཕྲ་བ་ཅན་དུ་གྱུར།  ཐ་ན་སྒྱུ་རྩལ་རྩོམ་རིག་གིས་སྟོང་པའི་བར་སྐབས་ཤིག་རེད་ཅེས་ཀྱང་མི་ཆོག་པ་མེད།  འོན་ཀྱང་ཕྱིས་ཀྱི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་།  ས་པཎ་དང་།  འགྲོ་མགྲོན་འཕགས་པ་སོགས་ཀྱི་སྡེབ་ལེགས་པའི་རྩོམ་རྩལ་དེས་ཉག་ཕྲ་བའི་བར་སྐབས་དེར་ཁ་བསྐངས་པར་གྱུར་ཡོད་ཀྱང་།  དེ་ཡང་ཉག་ཕྲའི་བར་སྐབས་དེའི་རྩོམ་གཤིས་སམ་འབྲི་སྟངས་ཏེ་རྒྱན་གྱི་རྣམ་པ་ཆེས་ཉུང་ལ།  ཆོས་ཀྱི་ཐ་སྙད་རྐྱང་བས་གསལ་རྗེན་དུ་བརྗོད་པར་འགྱུར་བ་དང་།  སྣང་བརྙན་གྱི་རང་བཞིན་མེད་པ་སྤྱི་མཚན་ཤས་ཆེ་བ་དང་།  མྱང་འདས་ཞི་བའི་བསམ་བློ་བརྗོད་བྱར་བྱས་པ་འདི་དག་སྔོན་དང་རྒྱུད་གཅིག་པའམ་གཞི་མཐུན་པས།  ངས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནས་མེ་ལོང་མ་བོད་དུ་དར་རེག་བར་ཚན་པ་གཅིག་ཏུ་དགར་བ་ཡིན།  
          སྐབས་འདིའི་རྩོམ་རིག་ལ་ནང་དོན་གྱི་ཆ་ནས།  མངོན་མཐོ་ངེས་ལེགས།  མཆོག་སགུམ་མགོན་སྐྱབས།  ཚེ་ཕྱི་མ་ཞི་བ་མྱངས་འདས་སོགས་ཀྱི་ཆོས་ལུགས་ཀྱི་བསམ་བློ་རྣལ་མས་སྔོན་གྱི་ཚེ་འདི་གཙོ་བྱས་ཀྱི་འདུ་ཤེས་ཀྱི་ཚབ་བྱས་པའི་རྟགས་མཚན་ཡོད་པ་དང་།  རྩོམ་ལུས་ཀྱི་ཆ་ནས་ཀྱང་གནའ་བོའི་དངོས་ཡོད་འཚོ་བ་དང་དངོས་སུ་འབྲེལ་བའི་མགུར་གླུའི་རྩོམ་ལུས་དེ་མི་སྣང་བར་གྱུར་ཏེ་གཙོ་བོ་རྡོ་རིང་གི་ཡི་གེ་དང་།  བྲག་བརྐོས་ཀྱི་ཡི་གེཁྲམ་བྱང་སོགས་ལ་བྲིས་པའི་ཡི་གེ་དང་།  ཚེག་ཁྱིམ་མཉམ་པའི་ཚིགས་བཅད་ཀྱི་བསྟོད་པ་དང་།  རྣམ་ཐར་རྟོགས་བརྗོད་ཀྱི་ཐོག་མའི་རྣམ་པའི་འབྲི་ཚུལ་བྱུང་བར་གྱུར་ཡོད།  དེ་ལྟར་ཆོས་ལུགས་ཀྱིས་སྐབས་དེའི་བོད་ཀྱི་འཚོ་བའི་ནང་དོན་ཐམས་ཅད་ཡོངས་སུ་བཟུང་བ་དང་།  ཆོས་ལུགས་ཀྱི་བསམ་བློ་ཁྱབ་བསྒྲགས་བྱེད་པར་མངོན་གསལ་དང་གསལ་རྗེན་གོ་སླ་བྱེད་པ་ལེགས་པས།  སྐབས་འདིའི་རྩོམ་གྱིས་སྒྱུ་རྩལ་གྱི་ཆ་ལ་དེ་འདྲའི་དོ་སྣང་མ་བྱས་པར་ཆོས་ལུགས་ཀྱི་མིང་བརྡ་རྐྱང་བའི་སྒོ་ནས་བརྗོད་པ་དང་།  སྔར་གྱི་འཇིག་རྟེན་པའི་ཕྱོགས་ཀྱི་རྣོ་ལ་གནད་དུ་ཕོག་པའི་གཏམ་དཔེ་དག་དང་།  དེ་མཚུངས་ཀྱི་དཔེ་དག་ཀྱང་ཆོས་ཕྱོགས་ལ་བཀོལ་དུ་མ་རུང་བས་མི་སྣང་བར་གྱུར་ཅིང་།  སྤྱིའི་ཚིག་གི་རྒྱན་དོད་ཚུལ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པ་ཅན་དུ་གནས་ཡོད།  བར་སྐབས་འདིར་སྐད་གསར་བཅད་བྱས་པར་བརྟེན་རྩོམ་རིག་གི་སྐད་ཆ་གོ་སླ་ལ།  ཚིག་གི་སྦྱོར་བ་བདེ་ཞིང་ཚེག་ཁྱིམ་དོ་ཤིན་ཏུ་མཉམ་པར་གྱུར་པའི་ཁྱད་ཆོས་ནི་ཡོད།  རྡོ་རིང་དང་བྲག་བརྐོས་ཡི་གེ་སྐོར་ཞིག་དང་།  འབྲོམ་སྟོན་པའི<<བསྟོད་པ་སུམ་ཅུ་པ>>དང་།  ས་སྐྱ་པའི་<<མཁས་མཇུག>>གི་མཆོད་བརྗོད་སོགས་མཚམས་འདིའི་རྩོམ་རིག་གི་མཚོན་བྱེད་མ་ནོར་བ་ཡིན།  དེ་བས<<ཐོན་མིའི་ཡིག་སྦྱོར>>ཀྱང་རྩོམ་རྩལ་གྱི་ཆ་ནས་དཔྱད་ན་སྐབས་འདིའི་རྩོམ་གྱི་ཁྱད་ཆོས་མ་ཚང་བ་མེད་པར་འདོད།   འོན་ཀྱང་ཡང་དག་དོན་གྱི་མཁས་པ་རྣམས་ལ “སྔོན་བགྲོད” (超前)ཀྱི་ནུས་པ་ཡོད་པ་དམིགས་བསལ་ཡིན།  
          གོ་རིམ་འདིའི་ནང་དུའང་བོད་ཀྱི་ལོ་རྒྱུས་སྟེང་གླང་དར་བསྟན་བསྣུབས་ཀྱི་དོན་རྐྱེན་ཆེན་པོ་དེ་དང་།  དེ་དང་འབྲེལ་བའི་བོད་སིལ་བུར་ཐོར་བའི་དོན་རྐྱེན་ཆེན་པོ་ཞིག་བྱུང་བ་དེ་བོད་ཀྱི་ཆབ་སྲིད་དང་རིག་གནས་སོགས་ཕྱོགས་གང་ཐད་ནས་ཀྱང་དོན་དག་ཆེན་པོ་ཞིག་རེད།  འོན་ཀྱང་།  གཅིག་ན་གླང་དར་བསྟན་བསྣུབས་ལྟ་བུ་སྤྱིར་བསམ་བློའི་བསྒྱུར་བཅོས་ཀྱི་ཕྱོགས་སུ་གཏོགས་ཀྱང་།  དེ་ནི་གོང་དུ་བསྟན་པ་ལྟར་ན་བླ་ནས་འོག་ཏུ་བཙན་གྱིས་བསྒྱུར་པ་ལས་ཆ་རྐྱེན་ཡོངས་སུ་སྨིན་པའི་འོག་རིམ་བོད་འབངས་ཀུན་གྱི་བསམ་བློའི་དགོས་མཁོ་མ་ཡིན་པས།  དེ་ལ་འབྲས་བུ་ཆེན་པོའང་མ་ཐོབ་པར་བོད་འབངས་མིའི་བསམ་བློ་བསྟན་པ་བསྣུབས་རྗེས་སུའང་སྔར་ལྟར་མངོན་མཐོ་ངེས་ལེགས་ཀྱི་བསམ་པས་ཟིན་པ་དང་།  ཆོས་ལུགས་ཀྱི་བྱ་བ་སྔར་བཞིན་བོད་འཚོ་བའི་སྙིང་པོ་ཡིན་པ་དང་།  གཉིས་ན་དེ་ལྟའི་དོན་རྐྱེན་ཆེན་པོ་གཉིས་བྱུང་བ་ཡིན་ཡང་།  བོད་ལ་སྐབས་དེར་རྩོམ་རིག་ཆོས་དང་འབྲེལ་དགོས་པ་ལས།  རྩོམ་རིག་དངོས་ཡོད་དང་དམ་དུ་འབྲེལ་དགོས་པ་དང་།  རྩོམ་རིག་ནི་མི་རང་ཉིད་ཀྱི་ནང་གནས་ཀྱི་བསམ་བློ་དང་དགོས་མཁོ་སོགས་མཚོན་བྱེད་ཀྱི་ལག་ཆར་བྱས་ཆོག་པའི་རྩོམ་རིག་གི་ལྟ་བའམ་འདུ་ཤེས་ཆེར་ཕྲ་བས་ན།   དོན་རྐྱེན་དེ་གཉིས་པོའང་རྩོམ་རིག་ཐོག་ཏུ་མ་ཤར།  གསུམ་དུ་ན་དངོས་ཡོད་ཀྱི་རྩོམ་རིག་བརྩམས་ཆོས་ཐོག་ནས་ཀྱང་དོན་རྐྱེན་འདི་གཉིས་པོའི་སྔ་གཞུག་གི་རྩོམ་རིག་བརྩམས་ཆོས་ལ་ནང་དོན་དང་སྒྱུ་རྩལ་གང་ཕྱོགས་ནས་ཀྱང་རྩ་བའི་སྟེང་ནས་མི་འདྲ་བའི་ཁྱད་བྱུང་ཡོད་པ་ང་ཚོས་མཐོང་དཀའ།  དེའི་ཕྱིར་གླང་དར་བསྟན་བསྣུབས་ཡིན་ན་འང་འདྲ།  བོད་སིལ་བུར་ཐོར་བ་ཡིན་ནའང་འདྲ།  གཉིས་ཀས་ཀྱང་རྩོམ་རིག་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་སྟེང་དུ་ཆེས་གསལ་བའི་རྡོ་རིང་ཞིག་འཛུགས་མ་ཐུབ་སྙམ།  
          སྐབས་གསུམ་པའི་རྩོམ་རིག
          ཆེས་གསལ་བའི་རྡོ་རིང་དེ་ངས་བསམ་ན<<སྙན་ངག་མེ་ལོང>>གིས་བཙུགས་སོ་སྙམ།  ཐོག་མའི་གནའ་རབས་རྩོམ་རིག་གི་དུས་སུ་བོད་རང་གི་བྲོ་བ་ཡོད་པའི་རྒྱན་གྱི་རྣམ་པ་དོད་ཚུལ་ཐོར་བུ་བ་བྱུང་ཡོད་པར།  དུས་ཕྱིས་ཀྱི་ཁྲི་སྲོང་ལྡེ་བཙན་ནས་བཟུང་དེ་ཐམས་ཅད་ཡལ་བར་བོར་བས་རྩོམ་རིག་ལ་ཚིག་གི་སྦྱོར་བདེ་དང་སྡེབ་ལེགས་ཁོ་ན་ལས་སྒྱུ་རྩལ་གྱི་དགེ་མཚན་ཅི་ཡང་མི་མངོན་པར་གྱུར།  དུས་རབས་བཅུ་གསུམ་པར<<སྙན་ངག་མེ་ལོང>>བོད་དུ་འགྱུར་ཅིང་འཆད་ཉན་གྱིས་དར་བར་བྱས་པ་ལ་བརྟེན་ནས་རྒྱ་གར་རིག་གནས་ཀྱི་ཤན་ཡོད་པའི་ཚིག་རྒྱན་གྱི་སྦྱོར་བ་དེ་སླར་ཡང་བོད་གངས་ཅན་གྱི་ལྗོངས་སུ་དཔྱིད་ཀྱི་ལྗང་མྱུག་ཇི་བཞིན་བླ་ལྷག་ཏུ་དར་བས།  བོད་རྩོམ་གྱི་ཕྱིའི་རྣམ་པ་ལ་གནམ་ས་བླ་འོག་བསྒྱུར་འདྲའི་འཕོ་འགྱུར་ཆེན་པོ་བྱུང་བ་རེད།  དེ་ནས་བཟུང་ཚིག་རྒྱན་གྱི་སྦྱོར་བ་དེ་སྙན་ངག་གི་རྩོམ་ལུས་སུ་མ་ཟད་དང་ད་དུང་རྩོམ་ལུས་གཞན་པ་ལོ་རྒྱུས་དང་ནང་དོན་རིག་པ་བརྩམས་སྒྲུང་སོགས་ཀྱི་ཁྱབ་ཁོངས་སུའང་མཆེད་པར་གྱུར་ནས་སྙན་ངག་དང་རྩོམ་རིག་མཉམ་སྦྱོར་གྱི་སྣང་ཚུལ་བྱུང་ཡོད་པ་ལོ་རྒྱུས་དེབ་ཐེར<<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས>>དང་།  ནང་དོན་རིག་པའི<<ཡོན་ཏན་མཛོད>>དང་།  བརྩམས་སྒྲུང<<གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད>>ལྟ་བུའོ།  །  སྙན་ངག་ཅེས་པར་ཡང་ཚིག་རྒྱན་གྱིས་ཕུན་སུམ་ཚོགས་པར་སྤྲས་དགོས་པའི“རྣ་བར་སྙན་ཞིང་ཡིད་ལ་འཇེབས་པ”ཅན་གྱི་བོད་རང་གི་ཐུན་མོང་མ་ཡིན་པའི་གོ་དོན་ཞིག་ཆགས་པ་དེ་ཡང་ཚིག་རྒྱན་བླ་ལྷག་ཏུ་དར་བའི་དན་རྟགས་རེད།  དེ་བས་བར་མཚམས་འདིའི་སྙན་ངག་ལ་དཔེ་རྒྱན་གཟུགས་རྒྱན་སྒྲ་དོན་གབ་ཚིག་གི་རྒྱན་སོགས་ཀྱིས་ཆེས་ཕུན་སུམ་ཚོགས་པར་སྤྲས་ཤིང་།  རྩོམ་པ་པོའི་རྟོག་འགྱུའི་གཤོག་རླབས་ཆེས་ཆེར་བརྐྱངས་པ་དང་།  ཚིག་རྒྱན་ཕུན་སུམ་ཚོགས་དེ་སྙན་ངག་གི་རྩོམ་ལུས་ལུ་མ་ཟད།  རྩོམ་ལུས་གཞན་གྱི་ཁྱབ་ཁོངས་སུའང་མཆེད་པར་གྱུར་པའི་ཁྱད་ཆོས་ཡོད་པ་དང་།  བསྟན་དོན་གང་ཡིན་པ་དེ་དཔེའི་སྒོ་ནས་གསལ་རྗེན་དུ་རྩོམ་པ་པོས་བརྗོད་པར་གྱུར་པ་དང་།  བརྗོད་བྱར་ཡང་ཐ་ཆག་དང་མངོན་སུམ་གཟུགས་ཅན་གྱི་དངོས་པོ་དག་བྱེད་པ་ལས་ཚོར་འདུ་སོགས་ཅུང་ཕྲ་བའམ་རྙོག་འཛིང་ཅན་གྱི་སེམས་བྱུང་སེམས་པ་དག་བྱས་པ་ཤིན་ཏུ་ཉུང་ལ།  རྩོམ་རིག་གི་སྣང་བརྙན་རང་བཞིན་ལ་དེ་འདྲའི་དོ་སྣང་མི་བྱེད་པའམ་སྣང་བརྙན་གྱི་བསམ་གཞིག(形象思维)མ་སྤྱད་པར་སྤྱི་ལྡོག་གི་ཆ་ནས་རིགས་པའི་རྩལ་གྱིས་བསྟན་པར་གྱུར་པ་སོགས་ཚིག་རྒྱན་གྱི་སྦྱོར་བ་ཆེས་ཆེར་སྤྱད་པའི་ཁྱད་ཆོས་ཡོད།  དེ་ལྟར་དུ་བོད་ཀྱི་སྙན་ངག་པ་དང་མཁས་དབང་ན་རིམ་གྱིས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་བར་དུ་ཚིག་རྒྱན་གྱི་སྦྱོར་བ་འདི་མེ་ལོང་མར་གཙོ་བོར་གཞུང་ལུགས་ཀྱི་རྣམ་པས་བསྟན་པ་ལ<<སྐྱེས་རབས་སོ་བཞི>>དང<<དཔག་བསམ་འཁྲི་ཤིང>>སོགས་སུ་ལག་ལེན་སྟེང་ནས་བརྩམས་ཆོས་དངོས་སུ་བཀོལ་ཡོད་པས།  གཞུང་དེ་གཉིས་བོད་དུ་འགྱུར་བ་དེས་ཀྱང་ཚིག་རྒྱན་གྱི་སྦྱོར་བ་བོད་དུ་བླ་ལྷག་ཏུ་དར་བར་མཐུན་རྐྱེན་ལྷག་པོ་ཞིག་སྦྱར་ཡོད།  <<སྐྱེས་རབས་སོ་བཞི་>>དང<<དཔག་བསམ་འཁྲི་ཤིང>>བོད་དུ་འགྱུར་བ་དེས་ཚིག་རྒྱན་གྱི་སྦྱོར་བར་མ་ཟད།  ད་དུང་བོད་ཀྱི་བརྩམས་སྒྲུང་གི་འཕེལ་རྒྱས་ལ་དེ་ལས་ཀྱང་ལྷག་པའི་གྲོགས་བགྱིས་ཡོད་དེ།  <<རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར>>དང་<<ཆོས་རྒྱལ་ནོར་བཟང>>སོགས་བོད་ཀྱི་བརྩམས་སྒྲུང་མང་པོ་ཞིག་དེ་གཉིས་ཀྱི་སྒྲིག་བཅོས་ཡིན་པ་དང་།  བསྟན་བཅོས་དེ་གཉིས་ཀྱིས་བོད་རྩོམ་གཞན་ལ་ཤན་ཞུགས་པའི་སྐོར་དེང་གི་དཔྱད་རྩོམ་མང་པོར་བྱུང་དང་འབྱུང་བཞིན་པ་ལྟར་རོ།  །   བསྟན་བཅོས་དེ་གཉིས་ནི་སྟོན་པ་ཤྰཀྱ་ཐུབ་པའི་སྐྱེས་རབས་ཏེ་སྟོན་པས་སྔོན་གྱི་གནས་སྐབས་སུ་བྱང་ཆུབ་ཀྱི་སེམས་དང་ཕར་ཕྱིན་དྲུག་གི་ཟིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པར་ཇི་ལྟར་སྤྱད་ཚུལ་སྟོན་པ་ཡིན་པས།  འདིར་འཇུག་སྐྱེས་བུའི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པར་བྱེད་པ་ཞིག་ཡིན།  འདི་ནི་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་དང་ལྷག་པར་ཁྲི་སྲོང་མན་དང་བསྟན་པ་ཕྱི་དར་སྐབས་ཀྱི་རྩོམ་རིག་གི་འདུ་ཤེས་དང་མཛེས་རྟོག་གི་ལྟ་བ།   ཆོས་ལུགས་ཀྱི་དགོས་མཁོ་སོགས་དང་ཤིན་ཏུ་འཕྲོད་པས།  བར་སྐབས་འདིའི་བརྩམས་སྒྲུང་ལའང་རྩོམ་གྱི་མི་སྣ་ཐམས་ཅད་དངོས་ཡོད་ཀྱི་མི་ཕལ་བ་དཀྱུས་མ་བསམ་བློ་རྙོག་འཛིང་ཅན་དག་ལས་འདས་ཏེ།  ཆོས་ལུགས་ཁྱབ་བསྒྲགས་ཀྱི་དགོས་པ་ཆེན་པོའི་དོན་དུ“སྐྱོན་ཀུན་ཟད།  ཡོན་ཏན་ཀུན་ལྡན”པའི་དམ་པའི་སྐྱེས་བུའམ།  ངེས་འབྱུང་གི་བསམ་པ་རང་གཟུགས་སུ་ཤར་བའི་མི་སྣ་དཀར་ན་དཀར་རྐྱང་དང་ནག་ན་རྐྱང་ཅན་ཁོ་ན་ཡིན་པས།  བརྩམས་སྒྲུང་གི་མི་སྣར་གཅིག་ན“པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པ”ལྟར་མི་གཤིས་མེད་པར་ལྷ་གཤིས་ཤུགས་ཆེ་བ་དང་།  གཉིས་ན་བདེན་པའི་རང་བཞིན་ཡང་མེད་པར་གནའ་རབས་རིང་ལུགས(古典主义)ཀྱི་ཁྱད་ཆོས་ཡོད་པ་དང་།  མི་སྣ་འབྲི་བཞེངས་བྱེད་པའམ་རང་གི་བསྟན་དོན་མཚོན་པར་སྒྱུ་རྩལ་གྱི་ཐབས་ལམ་མང་པོ་སྤྱད་པ་མེད་པར།  གཙོ་བོར་མི་སྣའི་ཁ་བརྡ་འམ་ལབ་གླེང་དང་།  རྩོམ་པ་པོའི་ཁ་ཏ་བསླབ་བྱར་བརྟེན་པ་ཉིད་ཡིན་པས་མི་སྣའི་ཁ་བརྡས་རྩོམ་རིག་བརྩམས་ཆོས་ཁྲོད་ན་གོ་ས་ཆེན་པོ་བཟུང་ཡོད་པ་བཅས་ཀྱི་ཁྱད་ཆོས་ཡོད།  
          སྐབས་དེའི་རྩོམ་རིག་གི་ནང་དོན་ལ་ཆོས་ལུགས་འབའ་ཞིག་གིས་ཁྱབ་པ་ཡིན་ཏེ།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་ནས་བཀའ་བསྟན་མང་པོ་བོད་དུ་བསྒྱུར་པ་དང་དགེ་འདུན་གྱི་སྡེ་གཉིས་བཙུགས་པ་སོགས་ཀྱིས་ནང་པའི་ཆོས་ལུགས་བོད་དུ་བླ་ལྷག་ཏུ་དར་བ་ལ།  རྒྱལ་པོ་གླང་དར་རིང་ནས་དེ་ལ་ཆག་འཇིག་ཉམ་ང་མི་བཟད་པ་བྱུང་ཡང་།  བོད་མི་བྱིངས་ཀྱི་བསམ་བློར་བསྒྱུར་བཀོད་མ་ཐུབ་པ་དང་།  ལྷག་པར་དུ་རྗེས་སོར་འདུལ་བ་སྟོད་འདུལ་སྨད་འདུལ་གཉིས་བྱུང་བ་དང་།  གསང་སྔགས་གསར་མའི་ལོ་ཙྰ་པ་མང་དུ་བྱོན་པ་དང་།  ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པ་སོགས་ཀྱི་དམ་ཆོས་ཀྱིས་བོད་འཚོ་བའི་ཁྲོད་ནས་སྙིང་པོའི་གོ་ས་བཟུང་བར་ཁ་བྲི་བ་ཕར་ཞོག་སྔར་བས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གྱུར་པ་རེད།  བསྟན་པ་ཕྱི་དར་སྐབས་འདིར་ད་དུང་ཆོས་ལུགས་དད་པར་རང་དབང་ངམ་མཁས་བརྒྱ་འགྲན་གླེང་གི་རྣམ་པ་བྱུང་མྱོང་བས་སྐབས་འདི་ཤེད་དུ་བོད་དུའང་གྲུབ་མཐའི་རྣམ་པ་ཆེས་མང་དུ་བྱུང་ལ།  གྲུབ་མཐའ་མི་འདྲ་བའམ་སྲིད་སྐྱོང་མི་འདྲ་བ་སོགས་གང་བྱུང་ཡང་ནང་པའི་ཆོས་ལ་འཆེལ་དགོས་པ་སྐབས་དེའི་དུས་སྐབས་དེའི་དུས་རབས་ཀྱི་དགོས་མཁོ་དང་ཁྱད་ཆོས་ཡིན་པ་ལོ་རྒྱུས་དེབ་ཐེར་དག་ལ་གསལ་བས།  སྐབས་འདིའི་བོད་རྩོམ་གྱི་ནང་དོན་ལའང་ཆོས་ལུགས་འབའ་ཞིག་གིས་ཁྱབ་པར་ངེས་པ་ལུགས་མཐུན་དང་དོན་མཐུན་ནོ།  །  
          དུས་རིམ་གཉིས་པའི་རྩོམ་རིག་གི་ནང་དོན་ལའང་ཆོས་ལུགས་ཀྱིས་ཁྱབ་པ་ཡིན་ཡང་།  དེ་དང་དུས་རིམ་གསུམ་པ་འདིའི་དོན་གྱི་ཆའི་མི་འདྲ་ས་ནི།  སྐབས་དེའི་ཆོས་ལུགས་ཀྱི་གཙོ་བོར་བྱམས་སྙིང་རྗེ།  ཕར་ཕྱིན་དྲུག་ཉན་རང་བྱང་སེམས་སོགས་བྱང་ཆུབ་བམ་ཞི་བ་མྱང་འདས་སམ་ངེས་ལེགས་འདི་ཡིན་པ་ལ།  གོ་རིམ་གསུམ་པ་འདིའི་ནང་དུ་དེ་དག་གཞིར་བྱས་ཀྱི་སྟེང་ནས་གཙོ་བོར་འཁོར་པའི་ཉེས་དམིགས།  འདོད་ཆུང་ཆོག་ཤེས།  ངེས་འབྱུང་གི་སེམས་པ།  འཆི་བ་མི་རྟག་སོགས་དངོས་ཡོད་འཚོ་བ་ལས་གཡོལ་བར་བྱེད་པའི་བློ་ལྡན་རྣམ་བཞི་གཙོ་བོར་གྱུར་པའི་ཚེ་འདི་ལས་བློ་ལྡོག་པའི་ཆོས་ལུགས་ཀྱི་བསམ་བློ་འདིས་རྩོམ་གྱི་ནང་དོན་ཡོངས་སུ་བཟུང་བ་ཡིན།  
          སྐབས་བཞི་པའི་རྩོམ་རིག
          དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་སྨད་དང་བརྒྱད་ཅུའི་སྟོད་དུ་གཡས་ཀྱི་བསམ་བློ་རྙོག་མ་ཅན་བགྲུང་བར་བྱེད་པའི་ཇུས་གསར་གྱི་ཆུ་དྭངས་ནོར་བུ་དགུང་ནས་འཆར་བར་བརྟེན།  བོད་ཀྱི་གཞོན་ནུ་མང་པོ་ཞིག་གིས་རྒྱལ་ཁབ་ནང་གི་རྩོམ་རིག་དང་འབྲེལ་གཏུགས་བྱ་ཐུབ་པ་དང་།  བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་བསམ་གཞིག་བྱ་ཐུབ་པ་བྱུང་བས།  བོད་ཁ་བ་ཅན་གྱི་ལྗོངས་སུའང་འཛམ་གླིང་རྩོམ་རིག་གི་རྗེས་གཅོད་པའི་རྩོམ་རིག་གསར་པའི་མཐོ་རླབས་ལ་འཕྱོ་བ་བྱུང་།  ལོ་རབས་བརྒྱད་ཅུ་པ་ནས་བོད་ཀྱི་རྩོམ་རིག་གསར་པའི་རྡོ་རིང་གསར་དུ་བཙུགས་པ་ལ།  འདིའི་མ་མཐའ་ནི་དེ་སྲིད་དུའོ་ཞེས་སུས་ཀྱང་ཁ་ཚོན་གཅོད་དཀའ།  རྒྱུ་མཚན་ནི་བར་འདིའི་རྩོམ་རིག་གསར་པ་ནི་ད་ལྟ་འཕེལ་རྒྱས་ཀྱི་ཁྲོད་ན་མདུན་དུ་སྐྱོད་བཞིན་ཡོད་པས་སོ།  །  ཡིན་ནའང་ད་རེག་བར་གྱི་རྩོམ་རིག་གསར་པ་དང་སྲོལ་རྒྱུན་རྩོམ་རིག་གཉིས་བསྡུར་ན།  རྩོམ་རིག་གསར་པ་དེར་གཤམ་གྱི་མངོན་གསལ་ཅན་གྱི་ཁྱད་ཆོས་འགའ་ཡོད་དེ།  ནང་དོན་གྱི་ཆ་ནས་སྙན་ངག་དང་བརྩམས་སྒྲུང་གསར་པ་གང་ཡིན་ཡང་སྔོན་གྱི་བློ་ལྡོག་རྣམ་བཞི་དང་གཏན་ནས་མི་འདྲ་བར།  ཚེ་འདི་དང་དངོས་ཡོད་འཚོ་བ་དང་།  ལྷག་པར་དུ་འཚོ་བའི་འོག་རིམ་ན་འཚོ་བའི་འབངས་དཀྱུས་མ་དང་།  བསམ་བློ་རྙིང་པའི་འཆིང་ཞགས་ལས་ཐར་བར་བརྩོན་པའི་གཞོན་ནུ་དག་གི་བདེ་སྡུག་དང་དེའི་བསམ་བློ་དང་དུངས་སེམས་རྩོམ་གྱི་བརྗོད་བྱ་ཡིན་པས་མིའི་རྩོམ་རིག་དང་དུས་རབས་ཀྱི་དགོངས་པ་དང་འབྲེལ་དམ་པའི་ཁྱད་ཆོས་ཡོད་པ་དང་།  སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་ངན་པ་དང་བྱ་སྤྱོད་ངན་པ་དང་སྲོལ་རྒྱུན་གྱི་བསམ་བློ་རྙིང་པ་སོགས་དྲུངས་འབྱིན་དང་འགག་རྒྱག་གི་བྱེད་ནུས་ལྡན་པ་དང་།  སྒྱུ་རྩལ་གྱི་ཆ་ནས།  སྙན་ངག་ལ་ཁུར་དུ་གྱུར་པའི་ཚིག་གི་རྒྱན་ཆ་དེ་དག་དོར་ནས།  གང་ལ་གང་འཚམས་ཀྱིས་རན་པར་སྤྲས་ཤིང་།  རང་ཉིད་ཀྱི་བསྟན་དོན་ནམ་བཤད་བྱ་དེ་གསལ་རྗེན་དུ་མ་བརྗོད་པར་གབ་སྦེད་ཀྱི་ཚུལ་གྱིས་མཚོན་པར་བྱེད་པ་དང་།  སྣང་བརྙན་གྱི་རང་བཞིན་ནམ་ཚད་མཐོའི་གཅིག་འདྲིལ་གྱི་རང་བཞིན་ཡོད་པ་དང་།  ཡོངས་ཁྱབ་པའི་སྟེང་ན་སྙན་ངག་གི་ཡུལ་ཁམས་འཛོམས་པོར་ཡོད་པ་བཅས་ཀྱི་དགེ་མཚན་ཡོད།  བརྩམས་སྒྲུང་རྣམས་ཀྱང་སྔོན་ལྟར་མི་སྣའི་ལབ་གླེང་དང་རྩོམ་མཁན་གྱི་ཁ་ཏ་གཙོ་བོར་གྱུར་པའི་སྒོ་ནས་རང་ཉིད་ཀྱི་བསམ་བློ་གསལ་བར་བརྗོད་པའི་ཐབས་ཆག་གི་རྣམ་པ་དེ་ལས་འདས་ཏེ།  གསོན་ཉམས་ཅན་གྱི་མི་སྣའི་སྣང་བརྙན་དང་།  ཡིད་རྟོན་འཕེལ་བའི་བྱུང་རིམ་སོགས་ཀྱིས་དངོས་ཡོད་འཚོ་བ་སྒྱུ་རྩལ་གྱི་ཐབས་ཀྱིས་མངོན་པར་སྣང་བར་བྱེད་པ་ཅན་དང་།  བརྩམས་སྒྲུང་ལ་ལ་ཞིག་གི་སྨྱུག་ཁ་ད་དུང་བྱུང་རིམ་ཁོ་ན་གཙོར་བྱེད་པ་ལས་ཀྱང་འདས་ཏེ།  དེ་ལས་ལྷག་པའམ་དེ་ལས་མཐོ་བའི་སྒྱུ་རྩལ་གྱི་ཡུལ་ཁམས་ཏེ་མི་སྣའི་སྣང་བརྙན་བཞེངས་བསྐྲུན་དང་སེམས་ཁམས་འཚོལ་རྟོག་དང་མི་སྣའི་སེམས་ཁམས་ཞིབ་འབྲིའི་ཕྱོགས་སུ་བསྲིངས་ནས་འཚོལ་ཞིབ་བྱས་པ་བརྒྱུད་ཏེ་གྲུབ་འབྲས་མི་དམན་པ་ཉམས་དགའ་བ་བླངས་ཡོད།  
          འདི་ལྟར་བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ལ་ཚིགས་བཞི་རུ་ཕྱེ་ཞིང་།  བར་སྐབས་སོ་སོའི་རྩོམ་ལུས་དང་ནང་དོན་དང་སྒྱུ་རྩལ་གསུམ་གྱི་ཁྱད་ཆོས་སོ་སོ་བརྗོད་པའི་དུས་མཚུངས་སུ་མཚམས་རེ་རེར་མིང་རེའང་གསོལ་བར་འོས་མོད།  བདག་གིས་དོན་ལ་འབྱོར་བའི་མིང་ཡིད་ཚིམ་པ་རེ་ཅི་ནས་ཀྱང་མ་རྙེད་པས།  རྩོམ་འདིར་སྐབས་དང་པོ།  སྐབས་གཉིས་པ།  སྐབས་གསུམ་པ།  སྐབས་བཞི་པ་ཞེས་འུ་ཐུག་གི་ཐབས་ཤིག་མི་སྤྱོད་ཀ་མེད་བྱུང་།  སྐབས་དང་པོ་དང་སྐབས་བཞི་པ་གཉིས་པ་སྤྱིར་ས་སོར་གནའ་རབས་རྩོམ་རིག་དང་།  རྩོམ་རིག་གསར་པ་ཞེས་བོས་ཀྱང་ཆོགགནའ་རབས་རྩོམ་རིག་གི་རྗེས་སུ་རྒྱ་ནག་དང་ཕྱི་གླིང་པའི་རྩོམ་འབྱུང་ལོ་རྒྱུས་འབྱུང་བ་ཉེ་རབས་རྩོམ་རིག་ཡིན་པས་སྐབས་གཉིས་པ་དང་ཡང་ན་གསུམ་པ་ལ་ཉེ་རབས་རྩོམ་རིག་ཅེས་གྲགས་སྲོལ་དང་མཐུན་པར་བོས་ཆོག་མོད།  འོན་ཀྱང་“ཉེ་རབས”ཞེས་པ་གཙོ་བོར་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་མྱུ་གུ་གསར་དུ་འབུས་པ་མཚོན་པའི་ཐ་སྙད་ཁྱད་པར་བ་ཞིག་ཡིན་པས།  བོད་ཀྱི་སྐབས་གཉིས་པ་དང་ཡང་ན་གསུམ་པའི་གང་ཡིན་ཡང་དེ་ལྟར་བོས་པས་རིགས་པ་མ་ཡིན།  བོད་ལ་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་མྱུ་གུ་གཏན་ནས་བྱུང་མ་མྱོང་།   བདག་གིས་ནང་དོན་ལ་ཆོས་ལུགས་ཀྱིས་ཡོངས་སུ་ཁྱབ་པའི་སྐབས་གཉིས་པ་དང་ལྷག་པར་བློ་ལྡོག་གི་བསམ་པ་གཙོ་བའི་སྐབས་གསུམ་པའི་རྩོམ་རིག་ལ་དུས་རབས་བར་མའི་རྩོམ་རིག་ཅེས་གསོལ་ན་འདོད་ཀྱང་།  མང་པོ་ཞིག་གི་བློ་ངོ་ནས“དུས་རབས་བར་མ”ཞེས་པའི་མིང་འདི་དང་ལེན་བྱེད་མི་ཕོད།   དེ་བས་ཚིགས་བཞི་བོ་དེ་དག་དང་།   ལྷག་པར་སྐབས་གཉིས་པ་དང་སྐབས་གསུམ་པར་དོན་ལ་འབྱོར་བའི་མིང་བརྗོད་བདེ་བ་ཞིག་གདགས་རྒྱུར་ཀློག་པ་པོ་དག་གི་སྤྱན་སྔར་དྲི་མེད་ཁ་བཏགས་དཀར་པོ་སྲིད་དུ་བཏེགས་པ་ལགས།  
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716