སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དུས་རབས་༢༡པའི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ཐད་ཀྱི་ཕྲན་དཔྱད།
སྤེལ་དུས། 2017-09-28   ཡོང་ཁུངས།    རྩོམ་པ་པོ།  དཔལ་མགོན།
          འདས་ཟིན་པའི་དུས་རབས་ཕྱེད་ཀྱི་ཁྲོད་ཡིག་སྒྱུར་སློབ་ཁྲིད་དམ་ཡང་ན་ངག་སྒྱུར་དང་ཡིག་སྒྱུར་གྱི་ལས་དོན་གང་ཐད་ནས།  རང་རྒྱལ་གྱི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ཐད་གྲུབ་འབྲས་གང་ལེགས་ལོན་པ་དང་སྦྲགས།  སྐྱོན་ཆའང་མི་ཉུང་བ་ཞིག་མཆིས།  མདོར་ན།  མིག་སྔའི་མཐོ་རིམ་སློབ་གྲྭའི་ཡིག་སྒྱུར་སློབ་ཁྲིད་དང་།  ཡང་ན་ངག་སྒྱུར་དང་ཡིག་སྒྱུར་གྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་སོགས་གང་ཐད་ནས།  རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ཐུབ་པས།  ཕྱོགས་མི་ཉུང་བ་ཞིག་གི་ཐད་ནས་བཅོས་བསྒྱུར་གྱི་དགོས་ངེས་རང་བཞིན་ཤིན་ཏུ་ཆེ་ཞིང་།  མཐོ་རིམ་སློབ་གྲྭའི་ཡིག་སྒྱུར་གྱི་ཆེད་ལས་བཀོད་སྒྲིག་གཅིག་པུའི་ཐད་ནས་ཀྱང་།  ང་ཚོས་བསམ་གཞིག་དང་བཅོས་བསྒྱུར་གང་ལེགས་བྱེད་འོས།  ༡༩༩༢ལོ་ནས༡༩༩༣ལོའི་བར་དང་།  ༡༩༩༥ལོ་ནས༡༩༩༦ལོའི་བར་ཁོ་བོས་ཞང་ཀང་ནས་ལས་དོན་གཉེར་བའི་རིང་སློབ་གྲྭ་ཆེན་མོ་དང་སློབ་གླིང་ལྔ་དྲུག་ལ་འཚམས་འདྲི་གནང་བ་ན།  ཧ་ལས་དགོས་པ་ཞིག་ནི་ཞང་ཀང་གི་མཐོ་རིམ་སློབ་གྲྭ་ཆེན་མོ་བདུན་དུ་ཡིག་སྒྱུར་སྡེ་ཁག་གམ་ཡང་ན་ཡིག་སྒྱུར་ལྟེ་གནས་བཙུགས་ཤིང་།  ཀུན་གྱིས་ཡིག་སྒྱུར་ནི་རང་རྐྱ་འཕེར་བའི་ཚན་ཁག་གལ་ཆེན་ཞིག་ཏུ་བརྩིས་ཡོད་ཅིང་།  ཡིག་སྒྱུར་སྡེ་ཁག་བཙུགས་པའི་ལོ་རྒྱུས་ཆེས་རིང་བ་ནི་ཀྲུང་ཡིག་སློབ་ཆེན་ཡིན་ལ།  སློབ་ཆེན་དེས༡༩༧༢ལོར་ཡིག་སྒྱུར་སྡེ་ཁག་བཙུགས་ཤིང་།  ད་ལྟའི་བར་བགྲང་བྱ་ཉེར་བདུན་ལྷག་བགོར་ཡོད།  སྐམ་ས་ཆེན་མོར་མཚོན་ན་སྐབས་དེར་ཡིག་སྒྱུར་སྡེ་ཁག་བཙུགས་པའི་སློབ་ཆེན་གཅིག་ཀྱང་མེད།  དུས་ད་ལྟར་མཚོན་ནའང་ཡིག་སྒྱུར་སྡེ་ཁག་བཙུགས་པའི་སློབ་ཆེན་ཉུང་ཤས་ལས་མེད་པས།  ཕྱོགས་གཅིག་ནས་རྒྱལ་ཁབ་ལ་བྱང་ཚད་མཐོ་བའི་ཡིག་སྒྱུར་གྱི་ཤེས་ལྡན་མི་སྣ་འབོར་ཆེན་མཁོ་ཞིང་།  ཕྱོགས་གཞན་ཞིག་ནས་ཡིག་སྒྱུར་ཆེད་ལས་བཙུགས་པའི་སློབ་ཆེན་གཅིག་གཉིས་ལས་མེད་པས།  སྣང་ཚུལ་འདི་ངོ་མ་ཡིད་ལ་ཤོང་དཀའ་བ་ཞིག་རེད།  རྩོམ་འདིར་གཙོ་བོ་སྣང་ཚུལ་འདིར་གཞིགས་ནས།  དུས་རབས༢༡པའི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་གི་གནས་བབ་སྔོན་          དཔག་སྒོས།  རང་གི་ལྟ་ཚུལ་ཙམ་ཞིག་དགེ་བའི་རྒྱུར་ཕུལ་བ་ཡིན།  
          རྩོམ་འདིར་གཙོ་བོ་ཕྱོགས་བདུན་གྱི་གནད་དོན་སྐོར་གླེང་རྒྱུ།  
          གཅིག ཇི་ལྟར་ཡིག་སྒྱུར་གྱི་ལྟ་བ་ཡང་དག་འཛུགས་པ།  
          རང་རྒྱལ་གྱི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ཁྲོད།  སློབ་གྲྭ་ཆེན་མོ་བ་དང་ན་གཞོན་ཡིག་སྒྱུར་བ་མི་ཉུང་བ་ཞིག་ལ་ཡིག་སྒྱུར་གྱི་ལྟ་བ་ཡང་དག་ཅིག་མེད་ཅིང་།  གཙོ་བོ་སྣང་ཚུལ་མི་འདྲ་བ་གསུམ་ཡོད་དེ།  
          ༡ ངོ་བོ་སྣ་གཅིག་རང་བཞིན།  
          ངོ་བོ་སྣ་གཅིག་རང་བཞིན་ཟེར་བ་ནི།  རང་རྒྱལ་གྱི་ཡིག་སྒྱུར་གྲུབ་མཐའ་གཉིས་ཏེ་སྐད་བརྡ་སྨྲ་བ་དང་རིག་རྩལ་སྨྲ་བ་གཉིས་བར་དུས་ཡུན་རིང་བོར་རྩོད་གླེང་བྱུང་སྟེ།  ལྟ་ཚུལ་གཅིག་མཐུན་བྱུང་མ་ཐུབ་པར་དེ་ལ་ཟེར།  སྔ་མས་ཡིག་སྒྱུར་ནི་ཚན་རིག་ཡིན་པར་བཞེད་ཅིང་།  རྗེས་མས་ཡིག་སྒྱུར་ནི་སྒྱུ་རྩལ་ཡིན་པར་བཞེད་དེ།  ཡིག་སྒྱུར་ནི་གནད་དོན་འདི་གཉིས་ཀྱི་ངོ་བོ་གཅིག་གྱུར་ཅན་ཞིག་ཡིན་མི་སྲིད་པར་འདོད།  སྐད་བརྡ་སྨྲ་བའི་སྒྲུབ་བྱེད་ནི།  ཡིག་སྒྱུར་ནི་སྐྱེས་ཐོབ་ཀྱི་ཤེས་རབ་དང་ཐོལ་བྱུང་གི་རིག་པར་བརྟེན་རྐྱང་མིན་པར།  དེ་ནི་ཆོས་ཉིད་དང་ལྡན་པའི་བྱེད་སྒོ་ཞིག་ཡིན་ལ།  མི་རྣམས་ཀྱིས་སྐད་བརྡའི་མཚོན་ཐབས་ལྟར།  ཡིག་སྒྱུར་གྱི་གོ་རིམ་དང་ཐབས་ལམ་དག་ཕྱི་རོལ་ཡུལ་དང་མཐུན་ཞིང་ཚན་རིག་ལྟར་ཞིབ་མོར་བཀོད་དེ།  སྤྱི་འགྲོས་ཅན་དང་འདྲ་དཔེ་ཅན་དུ་བཏང་ཆོག་ལ།  ཡིག་སྒྱུར་ལེགས་ཤོས་ནི་སྐད་བརྡ་དང་མཐུན་པར་སྦྱོར་དགོས་པར་བཞེད།  རིག་རྩལ་སྨྲ་བའི་སྒྲུབ་བྱེད་ནི།  ཡིག་སྒྱུར་གྱི་གོ་རིམ་ནི་ཡང་བསྐྱར་གསར་རྩོམ་བྱེད་པའི་གོ་རིམ་ཞིག་ཡིན་པ་ལས།  སྤྱི་འགྲོས་ཅན་དང་འདྲ་དཔེ་ཅན་དུ་འགྱུར་མི་སྲིད་ཅིང་།  ཡིག་སྒྱུར་བའི་ཡང་བསྐྱར་གསར་རྩོམ་བྱེད་པའི་འཇོན་ནུས་ནི་སྐྱེབ་ཐོབ་ཀྱི་ཤེས་རབ་ལས་བྱུང་ཞིང་།  ཡིག་སྒྱུར་གྱི་གཞུང་ལུགས་ཁོ་ནར་བརྟེན་ན་ཡིག་སྒྱུར་མཁས་པ་སྐྱེད་སྲིང་བྱེད་ཐབས་བྲལ།  དཔེར་ན།  རྩོམ་རིག་གི་གཞུང་ལུགས་ཀྱིས་རྩོམ་རིག་པ་སྐྱེད་སྲིང་བྱེད་མི་ཐུབ་པ་ལྟ་བུ།  ཡིག་སྒྱུར་ལེགས་ཤོས་ནི་སྒྱུ་རྩལ་དང་མཐུན་པར་སྦྱོར་ཞིང་།  སྐད་བརྡའི་ཕྱོགས་ཀྱི་མཐུན་སྦྱོར་ནི་སྒྱུ་རྩལ་ཕྱོགས་ཀྱི་མཐུན་སྦྱོར་དང་བསྟུན་དགོས་པར་བཞེད།  
          ལྟ་བ་འདི་གཉིས་ཕྱོགས་གཅིག་ནས་བལྟས་ན་གཉིས་ཀར་གནས་ལུགས་མཆིས་མོད།  ཡིན་ནའང་གཉིས་ཀར་ཕྱོགས་ལྷུང་གི་སྐྱོན་མཆིས།  འདི་གཉིས་ནི་གཞུང་གཙོ་སྨྲ་བ་དང་ཉམས་མྱོང་སྨྲ་བ་གཉིས་ཀྱི་ཐོན་དངོས་ཡིན་པས།  གཉིས་ཀར་གཟུགས་འདས་རིག་པའི་ཐབས་ཚུལ་སྨྲ་བའི་ཁྱད་ཆོས་ལྡན་ཞིང་།  དེར་མ་ལག་དང་ལྡན་པའི་དབྱེ་ཞིབ་དང་ཕྱོགས་བསྡུས་གཉིས་ཕན་ཚུན་ཟུང་དུ་འབྲེལ་བའི་རྩོད་སྒྲུབ་ཀྱི་རིག་ལམ་སྤྱད་མེད།  དེར་བརྟེན་སོ་སོའི་ལྟ་བ་ཐལ་དྲགས་ཤིང་ཕན་ཚུན་ཁས་ལེན་མི་སྟེར།  དོན་དམ་དུ་སྐད་བརྡ་སྨྲ་བར་ནུབ་ཕྱོགས་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱི་ཤུགས་རྐྱེན་ཟབ་མོར་ཐེབས་ཤིང་།  དེས་དབྱེ་ཞིབ་གལ་དུ་འཛིན་ཞིང་།  ཡིག་སྒྱུར་གྱི་ཡུལ་ཏེ་མ་ཡིག་དང་བུ་ཡིག་གི་དབྱེ་ཞིབ་དང་ཞིབ་འཇུག་གཙིགས་སུ་འཛིན།  རིག་རྩལ་སྨྲ་བར་ཤར་ཕྱོགས་ཀྱི་སྲོལ་རྒྱུན་རིག་གནས་མ་ལག་གི་ཤུགས་རྐྱེན་ཟབ་མོར་ཐེབས་ཤིང་།  དེས་ཕྱོགས་བསྡུས་གལ་ཏུ་འཛིན་ཞིང་།  ཡིག་སྒྱུར་གྱི་ཡུལ་ཅན་ཏེ་རྩོམ་པ་པོ་དང་སྒྱུར་མཁན་གྱི་ཞིབ་འཇུག་གཙིགས་སུ་འཛིན།  དེར་བརྟེན་འདི་ནི་གནད་དོན་གཅིག་གི་ཕྱོགས་གཉིས་ཡིན་པ་ལས།  ལྟོས་མེད་ཀྱི་ངོ་བོ་སྣ་གཅིག་ཅན་གྱི་གནད་དོན་ནི་མིན།  ལོ་ངོ་སུམ་ཅུའི་ཡར་སྔོན་དུ་ཁོ་བོར༡༩༦༨ལོར་ཨ་མེ་རི་ཁའི་ཅ་ཀྲོའུ་སློབ་ཆེན་གྱི Davisཡི་ཡན་ལག་སློབ་གྲྭའི་དབྱིན་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོWayne Harshཡི་དཔྱད་རྩོམThree Approaches:Traditional Grammar,Descriptive Linguistics and Generaative Grammar ལ་གཟིགས་པའི་སྐལ་བ་བྱུང་།  རྩོམ་དེར་ཇི་ལྟར་སྐད་བརྡ་སྨྲ་བ་དང་རིག་རྩལ་སྨྲ་བ་གཉིས་ཀྱི་འགལ་གནད་ཐག་གཅོད་ཐད་བློ་འབྱེད་གང་ལེགས་ཤིག་ཐོབ།  ད་ལྟའི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་གི་གནས་བབ་ནི།  ལོ་རབས་དྲུག་བཅུ་བའི་སྐབས་ཀྱི་བརྡ་སྤྲོད་སློབ་ཁྲིད་ཀྱི་གྲུབ་མཐའ་མི་འདྲ་བའི་བར་བྱུང་བའི་རྩོད་གླེང་གི་གནས་ཚུལ་དང་ཤིན་ཏུ་མཚུངས་པས།  ཁོ་བོ་ནི་ཡིག་སྒྱུར་ནི་ཚན་རིག་ཡིན་ལ་སྒྱུ་རྩལ་ཡང་ཡིན་ཟེར་བའི་ལྟ་བ་དེར་མོས་མཐུན་ཡོད།  
          ༢ ཕྱོགས་ལྷུང་རང་བཞིན།  
          ཉེ་བའི་ལོ་ངོ་ལྔ་བཅུའི་རིང་ནས་བཟུང་།  སྐད་བརྡ་སྨྲ་བས་དེང་རབས་ཀྱི་སྐད་བརྡ་རིག་པའི་གྲུབ་འབྲས་དག་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་ཐད་སྤྱོད་གང་ཐུབ་བྱས།  ཁོ་ཚོར་ནུབ་ཕྱོགས་ཀྱི་སྐད་བརྡ་རིག་པ་བའི་ཤུགས་རྐྱེན་ཟབ་མོར་ཐེབས་པས།  ཡིག་སྒྱུར་ཞིབ་འཇུག་སྐབས་སུ་སྐད་བརྡར་དབྱེ་ཞིབ་སྣ་ཚོགས་བྱེད།  དཔེར་ན།  སྐད་བརྡའི་གྲུབ་ཆ་དང་སྐད་ཚན།  བརྗོད་པ་སོགས་ལ་དབྱེ་ཞིབ་བྱེད།  ༼འདྲ་མཚུངས་ཡིག་སྒྱུར་སྨྲ་བའི༽ལེའུ་དང་བོར་འདྲ་མཚུངས་ཀྱི་གོ་དོན་ནི་མཐུན་བདེ་སྙན་གསུམ་གྱི་གོ་དོན་ལས་ཀྱང་ཚན་རིག་དང་མཐུན་ཞིང་།  དེ་ཡང་ཐོག་མར་འདྲ་མཚུངས་ཀྱི་ནང་དོན་ཅུང་གསལ་ཆ་ལྡན་པས།  དོན་གོ་ལོག་ཏུ་འགྱུར་ཉེན་ཆུང་།  དེ་ནི་མ་རྩོམ་དང་བུ་རྩོམ་གྱི་སྐད་བརྡའི་རིམ་པ་དང་ངོས་སོ་སོ་འདྲ་མཚུངས་ངང་བརྗེ་སྤོ་བྱས་ཏེ།  བུ་རྩོམ་དང་མ་རྩོམ་གྱི་སྒྱུ་རྩལ་གྱི་ནང་དོན་ཕན་ཚུན་ནུས་པ་འདྲ་མཚུངས་སུ་བརྗེ་བར་ཟེར་ཞེས་བཀོད་ཡོད།  དེར་བརྟེན་དཔེ་ཆ་དེའི་རྩོམ་པ་པོ་གཉིས་ཀྱིས་ལངས་གཟུགས་སྐད་བརྡ་རིག་པའི་སྤྱིར་བཏང་གི་བརྡ་སྤྲོད་རྣམ་པའི་སྒྲིག་གཞི་དང་མ་ལག་གཞིར་བཟུང་སྟེ།  སྐད་བརྡ་ནི་ངོས་མཉམ་བཅོ་ལྔར་བགོས་ཏེ་ངོས་རིམ་རེ་རེ་ཕན་ཚུན་གཤིབ་བསྡུར་དང་དབྱེ་ཞིབ་ཀྱིས་ནུས་པའི་འདྲ་མཚུངས་བརྩོན་ལེན་བྱེད།  དཔེ་ཆ་དེ་ནི་ངེས་ཚད་དབྱེ་ཞིབ་ཀྱི་དཔེ་མཚོན་དུ་གྱུར།  ངེས་གཏན་དབྱེ་ཞིབ་གཙིགས་སུ་འཛིན་པའི་རིག་རྩལ་སྨྲ་བས།  དབྱེ་བགོ་དང་ཞིབ་ཚགས་རྐྱང་བའི་ཡིག་སྒྱུར་ཞིབ་འཇུག་ལ་མཚན་ཉིད་རིག་པ་ཙག་ཙིག་གི་བྲོ་བ་ལྡན་པས།  མཐར་ཡིག་སྒྱུར་ཞིབ་འཇུག་ལོག་ལམ་དུ་ཁྲིད་དེ་རིན་ཐང་ཡེ་ནས་མེད་པའི་བུ་རྩོམ་བསྐྱེད་སྲིད་པར་འདོད།  
མིག་སྔར་རང་རྒྱལ་གྱི་ཡིག་སྒྱུར་ཚན་ཁག་གི་འཛུགས་སྐྲུན་ཐད་ད་དུང་སྤྱི་ཁོག་གི་འདུ་ཤེས་ཆགས་མེད་པས།  མ་ལག་རང་བཞིན་དང་ཚན་རིག་རང་བཞིན་མེད་ཅིང་།  གྲུབ་མཐའ་གཉིས་ཀའི་བར་འབྲེལ་འདྲིས་ཀྱིས་མི་འདང་བས།  ཡིག་སྒྱུར་གྱི་གཞུང་ལུགས་ལ་ཞིབ་འཇུག་བྱེད་སྐབས།  རྟག་པར་རང་རྒྱལ་གྱི་ཡིག་སྒྱུར་ལོ་རྒྱུས་དང་དེའི་ཉམས་མྱོང་ཐད་ཀྱི་ཕྱིར་རྟོག་སྣང་མེད་དུ་འཇོག་ཅིང་།  ཡིག་སྒྱུར་སློབ་ཁྲིད་གླེང་སྐབས་སུའང་།  ཡིག་སྒྱུར་གྱི་རྩ་བའི་གཞུང་ལུགས་ཐད་ངེས་གཏན་ཡང་དག་མེད་ཅིང་།  དཔྱད་བརྗོད་གནང་སྐབས་ཕལ་ཆེ་བ་འཆར་སྣང་ཅན་དུ་འགྱུར་ཞིང་།  སྐད་བརྡའི་གནད་དོན་གྱི་ལམ་ནས་བུ་རྩོམ་ལ་རང་དགར་དཔྱད་བརྗོད་སྤེལ་ནས།  བྱེ་བྲག་གི་དཔྱད་བརྗོད་དང་སྤྱི་ཁོག་གི་དཔྱད་བརྗོད་གཉིས་ཟུང་འབྲེལ་བྱེད་ཐུབ་མེད།  
          ༣ རྒྱལ་སྤྱིའི་རང་བཞིན་མེད་པ།  
          མིག་སྔར་རང་རྒྱལ་དུ་ཀྲུང་ནུབ་དཔྱད་བརྗོད་བར་ཕན་ཚུན་ཁས་མི་ལེན་པའི་སྣང་ཚུལ་མཆིས་ཤིང་།  འགའ་ཞིག་གིས་ནུབ་ཕྱོགས་ཀྱི་དཔྱད་བརྗོད་ལ་ཞིབ་འཇུག་བྱས་ན།  རང་རྒྱལ་གྱི་དུས་ཡུན་རིང་བའི་ཡིག་སྒྱུར་ལོ་རྒྱུས་ཀྱིས་ཡིག་སྒྱུར་རིག་པའི་ཐད་བཞག་པའི་རིན་ཆེན་ནོར་བུ་ཁས་མ་བླངས་པར་འདོད་ཅིང་།  ཡང་འགའ་ཞིག་གིས་ནུབ་ཕྱོགས་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱིས་ནུབ་ཕྱོགས་པའི་ཡིག་སྒྱུར་ལག་ལེན་ཐད་མཛུབ་སྟོན་གནང་བ་ལས།  རང་རྒྱལ་གྱི་ཡིག་སྒྱུར་ལག་ལེན་ཐད་མཛུབ་སྟོན་གྱི་རིན་ཐང་མེད་པར་འདོད།  དོན་དམ་པར་ཀྲུང་ཕྱིའི་ཡིག་སྒྱུར་གྱི་གཞུང་ལུགས་ཕན་ཚུན་ཁ་བྲལ་དང་བཀག་སྡོམ།  ཁས་མི་ལེན་པ་སོགས་ཀྱི་ལྟ་བ་ནི་འཚམ་པོ་ཞིག་མིན་ལ།  དེར་རྒྱལ་སྤྱིའི་རང་བཞིན་གྱི་བསམ་གཞིག་དབེན་པས།  རང་རྒྱལ་གྱི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ཐད་ཕན་པ་མེད་ལ།  ཕྱིར་ཕྱོགས་འབྲེལ་འདྲིས་དང་མཉམ་ལས་ཐད་དེ་བས་ཕན་པ་མེད།  རབ་ཡིན་ན་ཀྲུང་ནུབ་ཀྱི་ཡིག་སྒྱུར་གཞུང་ལུགས་ཕན་ཚུན་རམ་འདེགས་དང་ཁ་གསབ་ཀྱི་ལམ་ནས།  རྟག་པར་ཕན་ཚུན་འབྲེལ་འདྲིས་བྱེད་པ་ལས་དགག་བྱར་འཛིན་མི་རུང་བར་འདོད།  
          གོང་གསལ་གྱི་སྐྱོན་ཆ་དེ་གསུམ་གྱི་དབང་གིས།  རང་རྒྱལ་གྱི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་གིས་སློབ་མ་དང་ཡིག་སྒྱུར་ལས་གཉེར་བར་ཡིག་སྒྱུར་གྱི་ལྟ་བ་ཡང་དག་ཅིག་འཛུགས་པར་སྐུལ་ཁྲིད་བྱེད་མ་ཐུབ།  
          གཉིས།   ཡིག་སྒྱུར་གྱི་རྨང་གཞིའི་ཤེས་བྱའི་སློབ་གསོ་དང་གཞི་རྩའི་ནུས་རྩལ་གྱི་ཟབ་སྦྱོང་ཐད་མཐོང་ཆེན་གནང་བ།  
          ཡིག་སྒྱུར་གྱི་རྨང་གཞིའི་ཤེས་བྱ་ནི་སྐད་བརྡའི་ཚབ་རྟགས་བརྗེ་བའི་ཤེས་བྱ་ཙམ་མིན་པར།  དེར་སྐད་བརྡ་མི་འདྲ་བའི་བར་གྱི་རིག་གནས་ཀྱི་ཁྱད་པར་དང་རིག་གནས་འབྲེལ་འདྲིས་ཀྱི་ལྟ་ཚུལ།  ཡིག་སྒྱུར་གྱི་ལོ་རྒྱུས་དང་གནས་བབ་རྒྱུས་ལོན་སོགས་ཀྱི་ནང་དོན་འདུས་ཡོད།  ཡིག་སྒྱུར་གྱི་གཞི་རྩའི་ནུས་རྩལ་ཡང་སྲོལ་རྒྱུན་གྱི་ངག་སྒྱུར་དང་ཡིག་སྒྱུར།  དེའི་ཐབས་རྩལ་བཅས་ཙམ་མིན་པར།  དེར་དེང་རབས་ཅན་གྱི་གློག་ཀླད་སྒྲིག་ཆས་བེད་སྤྱོད་དང་།  འཕྲིན་སྐྱེལ་སྒྲིག་ཆས་བེད་སྤྱད་དེ་ཡིག་སྒྱུར་ལག་ལེན་ལ་ཞབས་འདེགས་ཞུ་བའི་ནུས་པ་སོགས་འདུས་ཡོད།  དཔེར་ན།  འཕྲུལ་ཆས་ཀྱི་ཡིག་སྒྱུར་དང་རང་འགུལ་ཅན་གྱི་རྩོམ་སྒྲིག ཞུ་དག་མཉེན་ཆས་བེད་སྤྱོད།  གློག་རྡུལ་ཡིག་ཟམ་སྤྱད་དེ་དཔྱད་ཡིག་འཚོལ་ཞིབ་དང་ཆ་འཕྲིན་གཏོང་སྐྱེལ་སོགས་ལྟ་བུ།  
          སློབ་ཁང་ནང་ནས་ཡིག་སྒྱུར་གྱི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་གནང་སྐབས།  ཕྱོགས་གཉིས་ཀྱི་ཐད་ནས་བརྩོན་ཤུགས་ཆེར་གཏོང་དགོས་ཏེ།  གཅིག་ནི་ཡིག་སྒྱུར་ལག་ལེན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ།  སྲོལ་རྒྱུན་གྱི་ཡིག་སྒྱུར་སློབ་ཁྲིད་ཕལ་ཆེ་བས་རྩོམ་རིག་གི་བརྩམས་ཆོས་ནི་ལག་ལེན་གྱི་རྒྱུ་ཆར་འཛིན།  སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་འགྱུར་བ་དང་བསྟུན།  རྒྱལ་ཁབ་ལ་མཚོན་ན་ཡིག་སྒྱུར་གྱི་ཤེས་ལྡན་མི་སྣའི་དགོས་མཁོ་དེ་རིག་རྩལ་གྱི་ཁྱབ་ཁོངས་གཅིག་པུ་ལས་བརྒལ་ཏེ།  དེང་རབས་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་ཚན་རྩལ།  ཕྱི་འབྲེལ་དང་ཕྱི་ཚོང་།  སྨྱན་བྱད་དང་བཅའ་ཁྲིམས།  གློག་བརྙན་དང་བརྙན་འཕྲིན།  དམག་དོན་སོགས་ཀྱི་རྒྱུ་ཆ་ནི་ཡིག་སྒྱུར་ལག་ལེན་གྱི་གྲུབ་ཆ་གཙོ་བོར་གྱུར།  དེར་བརྟེན།  ངེས་པར་སློབ་མའི་རྨང་གཞིའི་ཤེས་བྱའི་ཁྱབ་ཁོངས་ཤུགས་ཀྱིས་བསྐྱེད་ན།  ད་གཟོད་ཁོ་ཚོ་མཐར་ཕྱིན་རྗེས་སྤྱི་ཚོགས་དང་ལས་ཀའི་དགོས་མཁོར་འཚམ་པར་འགྱུར།  གཉིས་ནི་རྒྱ་ཡིག་ནི་ཕྱི་ཡིག་ཏུ་བསྒྱུར་བའི་ཡིག་སྒྱུར་སློབ་ཁྲིད་ཤུགས་ཆེར་གཏོང་བ།  ཀུན་གྱིས་ཤེས་གསལ་ལྟར།  ཡིག་སྒྱུར་གྱི་ལས་འགན་ནི་གཉིས་འཛོམས་ཅན་ཡིན་པས།  རྒྱུན་མི་ཆད་པར་བཅོས་བསྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་མགྱོགས་སུ་འགྱུར་ཞིང་།  ཕྱིར་ཕྱོགས་ཀྱི་དྲིལ་སྒྲོག་ལས་འབོར་བརྡ་འགྱུར་གྱིས་མང་དུ་འགྱུར་བ་དང་བསྟུན།  སྦྱོང་བརྡར་གང་ལེགས་ཐོབ་པའི་རྒྱ་ཡིག་ཕྱི་ཡིག་ཏུ་བསྒྱུར་བའི་ཤེས་ལྡན་མི་སྣ་ལྷག་ཏུ་དཀོན།  སྲོལ་རྒྱུན་གྱི་ཡིག་སྒྱུར་སློབ་ཁྲིད་ནི་ཡིག་སྒྱུར་གཞུང་ལུགས་དང་ཐབས་རྩལ་གྱི་སློབ་ཁྲིད་ཐེ་བའི་ཕལ་ཆེ་བ་ཕྱི་ཡིག་རྒྱ་ཡིག་ཏུ་བསྒྱུར་བ་གཙོར་བཟུང་ཞིང་།  སླད་ཕྱིན་ཕྱོགས་ཞེན་གྱི་རིགས་འདི་བསྒྱུར་བཅོས་བཏང་སྟེ།  རྒྱ་ཡིག་ནི་ཕྱི་ཡིག་ཏུ་བསྒྱུར་བའི་ཤེས་ལྡན་མི་སྣའི་གསོ་སྐྱོང་ཤུགས་ཆེར་གཏོང་དགོས།  
          དེང་རབས་ཀྱི་ཚན་རིག་དང་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་ཤིང་།  རིག་གཞུང་གི་ཚན་ཁག་སོ་སོའི་བར་གྱི་སིམ་འཛུལ་ཉིན་བཞིན་མངོན་གསལ་དུ་གྱུར་ཞིང་།  སྣ་འཛོམས་ཅན་གྱི་འཇོན་མིའི་དགོས་མཁོའང་ཇེ་ཆེར་གྱུར།  དེར་བརྟེན།  ཡིག་སྒྱུར་བའི་བླང་བྱའང་དེ་དང་བསྟུན་ཏེ་མཐོར་གྱུར་ཏེ།  ཁོ་ཚོས་ངག་སྒྱུར་དང་ཡིག་སྒྱུར་གྱི་ལས་དོན་སྒྲུབ་ཐུབ་པར་མ་ཟད།  ཕྱི་ཚོང་དང་དོ་དམ།  གློག་ཀླད་བེད་སྤྱོད་སོགས་ཀྱི་ཤེས་བྱ་དང་ནུས་རྩལ་ངེས་ཅན་ཁོང་དུ་ཆུད་དགོས།  ཉེ་བའི་ལོ་ངོ་བཅུ་ཁའི་རིང་ཧྲང་ཧའེ་དང་གྲོང་ཁྱེར་ཆེན་པོ་སོགས་སུ་ཕྱི་རྒྱལ་གྱི་ཁེ་ལས་དང་ཀྲུང་ཕྱིའི་མཉམ་འབྲེལ་ཁེ་ལས།  རྒྱལ་དབང་ཁེ་ལས་སོགས་ཅི་ཡིན་རུང་ཚང་མས་སྣ་འཛོམས་ཅན་གྱི་འཇོན་མིར་རྩིས་མཐོང་ཆེན་པོ་བྱེད།  
          གསུམ།   སློབ་མ་དང་ཡིག་སྒྱུར་ལས་གཉེར་བའི་གསར་གཏོད་རང་བཞིན་གྱི་རིག་ནུས་དང་མཚོན་ནུས་སྐྱེད་སྲིང་ཐད་མཐོང་ཆེན་གནང་བ།  
          ཡིག་སྒྱུར་ནི་བསྐྱར་མའི་གསར་རྩོམ་ཞིག་ཡིན།  ཡིག་སྒྱུར་བར་མཚོན་ན་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་ནུས་རྩལ་འཛོམ་དགོས་པར་མ་ཟད།  གསར་གཏོད་རང་བཞིན་གྱི་རིག་ནུས་གང་ལེགས་ཤིག་ཀྱང་འཛོམ་དགོས།  འདི་ནི་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་ཤིང་།  ཆ་འཕྲིན་སྤྱི་ཚོགས་ཀྱི་གནས་བབ་དང་འཚམ་པར་ངེས་པར་འཛོམ་དགོས་པའི་བྱང་ཚད་དང་ནུས་པ་ཡིན་པར་མ་ཟད།  རང་རྐྱ་འཕེར་བའི་རིག་ནུས་དང་མཚོན་ནུས།  བབ་བསྟུན་ནུས་པ་བཅས་ཡིན་པས།  ང་ཚོས་འདིར་སྣ་འཛོམས་བེད་ཆོད་ཅན་གྱི་གསར་གཏོད་ནུས་པ་ཞེས་བརྗོད་ན་མི་འོས་པ་མེད།  
          ཡིག་སྒྱུར་ནི་སྐད་བརྡ་མི་འདྲ་བ་གཉིས་ཕན་ཚུན་བརྗེ་སྤོ་བྱས་པར་མ་ཟད།  རིག་གནས་ཤིག་གི་གསར་སྤོའི་བརྒྱུད་རིམ་ཡང་ཡིན།  བརྒྱུད་རིམ་འདི་གཉིས་ཀྱི་ཁྲོད་ཡིག་སྒྱུར་བ་ནི་ནམ་ཡང་སྲོག་ཤིང་དུ་ངེས་པས།  མ་ཡིག་དང་བུ་ཡིག་གཉིས་ཀྱི་སྐད་བརྡར་བྱང་ཆུད་དགོས་པར་མ་ཟད།  སྐད་བརྡ་དེ་གཉིས་ཀྱིས་མཚོན་པའི་རིག་གནས་ཀྱི་རྒྱབ་ལྗོངས་ཀྱང་ཁོད་དུ་ཆུད་དགོས་ཤིང་།  ད་དུང་མཁྱེན་སྟོབས་དང་གོ་སྟོབས་ཀྱི་ནུས་པ་ལྡན་དགོས་པར་མ་ཟད།  ལྡེམ་ལྕག་འཁྱུག་པའི་མཚོན་ནུས་དང་གསར་གཏོད་ནུས་པའང་འཛོམ་དགོས།  
          ཡིག་སྒྱུར་སློབ་ཁྲིད་དོན་དུ་གཉེར་མཁན་ལ་མཚོན་ན།  རྒྱུན་མི་ཆད་པར་སློབ་ཁྲིད་ཀྱི་ཐབས་ལམ་ལེགས་སྒྱུར་དང་རིིག་ལམ་གསར་བ་སྤྱོད་ཅིང་།  གཞུང་ལུགས་དང་ལྟ་བ་གསར་བས་རང་ཉིད་འཐུས་གཏོང་སྒོས།  སློབ་མར་བག་ཆགས་ལེགས་པོ་ཐེབས་སུ་བཅུག་སྟེ།  སྐད་བརྡ་དང་ཡིག་སྒྱུར་གྱི་རྨང་གཞི་ལེགས་པར་འདིང་བར་མ་ཟད།  རིག་ལམ་དང་མཐོང་རྒྱ་ཆེར་བཏང་ནས།  སློབ་གྲྭ་མཐར་ཕྱིན་ཏེ་ལས་གནས་སུ་ཐོན་སྐབས་གསར་གཏོད་དང་བབ་བསྟུན་གྱི་ནུས་པ་འཛོམ་དུ་འཇུག་དགོས།  
          བཞི།   ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ནི་རྒྱལ་སྤྱི་ཅན་ལ་ཁ་ཕྱོགས་པ།  
          དུས་རབས་ཉི་ཤུ་བའི་སྟོད་དུ་འཛམ་གླིང་གི་ལས་རིགས་མང་བོ་ཞིག་རྒྱལ་སྤྱི་ཅན་གྱི་ཕྱོགས་སུ་འཕེལ་ཞིང་།  ཕྱི་རྒྱལ་གྱི་ཐོན་རྫས་སྣ་ཚོགས་དང་བཟོ་སྐྲུན་ཁེ་ལས་འབོར་ཆེན་རང་རྒྱལ་གྱི་ཚོང་རར་ཐོན་ཞིང་།  རང་རྒྱལ་གྱི་ཚོང་རྫས་དང་ལག་རྩལ་ཡང་ཐབས་བརྒྱ་ཇུས་སྟོང་གིས་རྒྱལ་སྤྱིའི་ཚོང་ར་ཞུགས་གང་ཐུབ་གནང་།  རང་རྒྱལ་གྱི་སློབ་གསོའི་བྱ་གཞག་ཐད་ནས་ཀྱང་རྒྱུན་མི་ཆད་པར་ཕྱིར་ཕྱོགས་འབྲེལ་འདྲིས་དང་མཉམ་ལས་ཀྱི་ཐབས་ལམ་རྒྱ་བསྐྱེད་པས།  ད་ལྟ་ཕྱི་རྒྱལ་དང་མཉམ་ལས་ཀྱིས་སློབ་སྒྲུབ་མཛད་ཅིང་རྒྱལ་སྤྱི་དང་མཐུད་འབྲེལ་ཡོང་བ་ནི་དར་སྲོལ་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར།  
          ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་མངའ་ཁོངས་སུ་བཙུགས་པའི་ཕྱི་རྒྱལ་གྱི་ཁེ་ལས་དང་ཀྲུང་ཕྱིའི་མཉམ་འབྲེལ་ཁེ་ལས་ཀྱི་གྲངས་ཚད་ཉིན་བཞིན་ཇེ་མང་དུ་གྱུར་ཏེ།  ཀྲུང་གོར་ལས་ཞུགས་བྱས་པའི་ཕྱི་རྒྱལ་གྱི་མིའང་ཇེ་མང་དུ་གྱུར།  དེར་བརྟེན།  ཀྲུང་སྡོད་ཕྱི་མིས་རྒྱ་ཡིག་སློབ་པར་རོགས་རམ་གནང་སྟེ།  ཁོ་ཚོར་རང་རྒྱལ་གྱི་རིག་གནས་རྒྱུས་ལོན་བྱེད་དུ་བཅུག་སྟེ།  རྒྱ་ཡིག་དང་ཕྱི་ཡིག་ཕན་ཚུན་བསྒྱུར་བའི་ནུས་པ་ཆེར་གཏོང་རྒྱུ་ནི།  ང་ཚོའི་གཟུར་མེད་ཀྱི་ལས་འགན་ཡིན།  
          མིག་སྔར་རྒྱལ་སྤྱིའི་འབྲེལ་འདྲིས་སྔར་ལས་ཛ་དྲག་ཏུ་གྱུར་ཏེ།  འགྲིམ་འགྲུལ་དང་འཕྲིན་སྐྱེལ་ཡོ་བྱད་ཀྱི་འཕེལ་རྒྱས་མགྱོགས་ཤིང་།  འཛམ་གླིང་ནི་གྲོང་སྡེ་གཅིག་ཏུ་འགྱུར་བ་ནི་སྤྱོད་སྒོ་ཆེ་བའི་ཐ་སྙད་གསར་བར་གྱུར།  ད་ལྟའི་འཛམ་གླིང་ནི་ཐོན་ཁུངས་དང་ནུས་ཁུངས།  ཆ་འཕྲིན་སོགས་མཉམ་སྤྱོད་ཅན་དུ་གྱུར་བས།  རྒྱལ་ཁབ་ཕན་ཚུན་བར་འགྲན་རྩོད་དང་མཉམ་དུ་རྟེན་རེས་ཀྱང་བྱེད་དགོས་པར་གྱུར།  ང་ཚོའི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ཀྱང་ངེས་པར་རྒྱལ་སྤྱི་ཅན་ལ་ཁ་ཕྱོགས་ཏེ།  སློབ་མ་རྣམས་ལ་འཛམ་གླིང་གི་འདུ་ཤེས་བསྐྲུན་ནས།  ཀྲུང་ནུབ་རིག་གནས་གཅིག་ཏུ་འདུས་ཤིང་རྒྱལ་ཁབ་སོ་སོའི་དཔལ་ཡོན་རྣམ་པར་མཁྱེན་པའི་ཕྱིར་ཕྱོགས་ཅན་གྱི་ཡིག་སྒྱུར་ཤེས་ལྡན་མི་སྣ་གསོ་སྐྱོང་གནང་སྟེ།  སློབ་གསོ་དང་ཚན་རྩལ།  དཔལ་འབྱོར་དང་རིག་གནས་སོགས་ཐད་ནས།  རྒྱལ་སྤྱིའི་འབྲེལ་འདྲིས་སྐུལ་འདེད་གཏོང་བར་འོས་ཡོད་ཀྱི་བྱས་རྗེས་འཇོག་དགོས།  
          ལྔ།   ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ནི་ཆ་འཕྲིན་ཅན་ལ་ཁ་ཕྱོགས་པ།  
          ཀུན་གྱིས་ཤེས་གསལ་ལྟར།  ཆ་འཕྲིན་དང་དངོས་པོ།  ནུས་ཚད་བཅས་ནི་དེང་རབས་ཚན་རྩལ་གྱི་རྩ་བའི་རྒྱུ་གསུམ་ཡིན།  འདི་ནི་རྒྱལ་ཁབ་གཅིག་གི་དཔལ་འབྱོར་གྱི་ཐོན་ཁུངས་གལ་ཆེན་དུ་གྱུར།  དུས་རབས་ཉེར་གཅིག་པ་ནི་ཆ་འཕྲིན་ཅན་གྱི་ཚ་རླབས་འཕྱུར་བའི་དུས་རབས་ཤིག་ཡིན་པས།  དུས་རབས་གསར་བ་འདིར་ཁ་ཕྱོགས་ན།  ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ཀྱང་ཆ་འཕྲིན་ཅན་ལ་ཁ་ཕྱོགས་དགོས་པ་ལྡོག་ཏུ་གྱུར།  གསལ་བོར་བཤད་ན་ཡིག་སྒྱུར་གྱི་ནང་དོན་དང་བརྒྱུད་རིམ།  ཐབས་རྩལ་སོགས་ཀྱི་ཐད་ཆ་འཕྲིན་གྱི་ཚན་རིག་དང་ཆ་འཕྲིན་གྱི་ལག་རྩལ།  དེང་རབས་ཅན་གྱི་སྒྲིག་ཆས་ལེགས་ཤོས་སོགས་བེད་སྤྱོད་ཅིང་།  ཇི་ལྟར་དེང་རབས་ཀྱི་གློག་བརྒྱུད་སློབ་ཁྲིད་ཀྱི་ཐབས་ལམ་སྤྱོད་པར་བསམ་གཞིག་བྱེད་དགོས་ཏེ།  དཔེར་ན།  འོད་སྡེར་དང་སྨྱན་མང་རྩིས་འཁོར་གྱི་སློབ་ཁྲིད་རམ་འདེགས་མ་ལག   དྲྭ་བའི་སྣོལ་འབྲེལ་རྣམ་པའི་རྒྱང་འཛིན་སློབ་ཁྲིད་སོགས་ཀྱི་ཐབས་ལམ་སྤྱད་དེ།  སློབ་ཁྲིད་ཀྱི་ཕན་འབྲས་ལེགས་ཤོས་གཏོད་དགོས།  ཆ་འཕྲིན་ཅན་གྱི་དུས་རབས་སུ་ཐོན་པ་ན།  ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ནི་དེང་རབས་ཅན་གྱི་སྨྱན་བྱད་སྣ་ཚོགས་ལ་བརྟེན་ཏེ།  སྔར་ལས་ཡིག་སྒྱུར་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་རྗེས་སུ་དཔག་ནུས།  
          དྲུག  ཡིག་སྒྱུར་ལས་གཉེར་བར་མི་ཚེ་བསླབ་པས་སྐྱོང་བའི་བསམ་བློ་འཛུགས་པར་སློབ་གསོ་གནང་བ།  
          དུས་རབས་ཉེར་གཅིག་པའི་ཆ་འཕྲིན་ཅན་དང་རྒྱལ་སྤྱི་ཅན་གྱི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་ཕྱིར།  ཡིག་སྒྱུར་ལས་གཉེར་བས་རྒྱུན་མི་ཆད་པར་ཤེས་བྱ་དང་ནུས་རྩལ་གསར་བ་སྦྱོང་དགོས།  ཡིག་སྒྱུར་ལས་གཉེར་བ་ཞིག་ཡིན་ཕྱིན་རང་བབས་ཀྱི་ལས་འགན་ནས་རྐང་ཚུགས་ཏེ།  ན་གཞོན་ཡིག་སྒྱུར་བར་སློབ་སྦྱོང་གི་འདུ་ཤེས་ཡང་དག་སྟེ།  མི་ཚེ་བསླབ་པས་སྐྱོང་བའི་བསམ་བློ་སྐྱེད་སྲིང་བྱེད་དགོས།  མི་ཚེ་བསླབ་པས་སྐྱོང་དགོས་ན་ཡིག་སྒྱུར་ལས་ཀའི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་ངང་།  ལས་རིགས་དེ་ཉིད་ཀྱི་ལག་ལེན་ཁྲོད་ཧུར་ཞུགས་གནང་སྟེ།  ཡིག་སྒྱུར་གྱི་ལོ་རྒྱུས་དང་གནས་བབ་ལེགས་པར་རྟོགས་ཤིང་།  ཡིག་སྒྱུར་གྱི་གཞུང་ལུགས་དང་ཐབས་རྩལ་སློབ་སྦྱོང་ཐད་འབད་དགོས་ཤིང་།  ད་དུང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་གཞིར་བཟུང་སྟེ།  ཡིག་སྒྱུར་ལས་ཀའི་མ་འོངས་རྒྱང་ནས་གཟིགས་ཤིང་།  རང་རྟོགས་ཀྱིས་ཡིག་སྒྱུར་ལས་ཀའི་ཐབས་ལམ་དང་སྒྲིག་ཆས་གསར་བ་སྣ་ཚོགས་བེད་སྤྱོད་དགོས།  ཡིག་སྒྱུར་སློབ་ཁྲིད་ལས་སུ་གཉེར་བའི་དགེ་རྒན་ལ་མཚོན་ནའང་།  སློབ་སྦྱོང་གི་མཚམས་མི་འཇོག་པར་རང་ཉིད་ཀྱི་ཤེས་བྱ་གསར་སྒྱུར་གནང་བ་ལས།  སྔོན་གྱི་ཉམས་མྱོང་ཁོ་ནར་བརྟེན་མི་རུང་།  ཁོ་ཚོར་མཚོན་ན་སྲོལ་རྒྱུན་གྱི་སློབ་ཁྲིད་ཐབས་ལམ་བསྒྱུར་བཅོས་སྒོས།  ཡིག་སྒྱུར་གྱི་གཞུང་ལུགས་གསར་བར་སློབ་སྦྱོང་བྱས་ཏེ།  རང་ཉིད་ཀྱི་སློབ་ཁྲིད་དང་ལག་ལེན་ལ་མཛུབ་སྟོན་གནང་དགོས་པ་ལས།  ཡིག་སྒྱུར་ལ་གཞུང་ལུགས་མེད་ཅིང་ཡིག་སྒྱུར་རིག་པ་ཟེར་བ་དེ་བས་མེད་ལ།  ཡིག་སྒྱུར་ནི་སྒྱུ་རྩལ་ཞིག་ཡིན་པས་ཉམས་མྱོང་ལ་བརྟེན་དགོས་ཤིང་།  དེ་ནི་ཚན་རིག་མིན་ཞེས་པ་ལྟར།  ཁྲོན་པའི་ནང་གི་སྦལ་བའི་སྣང་ཚུལ་གཏན་ནས་འཁྲབ་མི་རུང་།  ཡང་འགའ་ཞིག་ལྟར་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་ཞེས་པའི་མིང་བྱང་སྐམ་པོར་བརྟེན་ཏེ།  སློབ་ཁྲིད་ཀྱི་ལས་རྩོམ་མི་རུང་ཞིང་།  དོན་དམ་དུ་དེ་དག་ལ་ལག་ལེན་ལས་གཞུང་ལུགས་ཁྲིད་རྒྱུ་མེད་པས།  ར་མགོར་ལུག་མགོ་བཞག་པ་ཙམ་ཡིན།  
          ཕུལ་དུ་བྱུང་བའི་ཡིག་སྒྱུར་ལས་གཉེར་བ་ནི་རྟག་པར་ལས་ཐོག་གི་ལག་ལེན་ཁྲོད་ནས་འཁྲུངས་ཡོང་།  ཡིན་ནའང་རང་རྒྱལ་ལ་མཚོན་ན་མིག་སྔར་ཡིག་སྒྱུར་གྱི་ཤེས་ལྡན་མི་སྣའི་སློབ་མཐར་ཕྱིན་རྗེས་ཀྱི་གསོ་སྐྱོང་ཐད་འཐུས་སྒོ་ཚང་བའི་མ་ལག་ཅིག་མེད་ཅིང་།  ཕྱི་ཡིག་ཆེད་ལས་ཅན་གྱི་མཐར་ཕྱིན་སློབ་མ་མང་ཆེ་བས་ལག་ལེན་བརྒྱུད་དེ།  རང་ཉིད་ཀྱིས་འཚོལ་ཞིབ་དང་མཐོར་འདེགས་བྱེད་པ་ལས་ཐབས་གཞན་མེད་པས།  ཁོ་ཚོར་མ་ལག་དང་ལྡན་པའི་ཡིག་སྒྱུར་གཞུང་ལུགས་ཀྱི་དགོས་མཁོ་ཤིན་ཏུ་ཆེ།  དེའི་ཕྱིར།  རྗེས་སོར་རང་རྒྱལ་གྱིས་ལས་ཐོག་གི་ཡིག་སྒྱུར་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་དང་ཟབ་སྦྱོང་སློབ་མའི་བསྡུ་ལེན་དང་གསོ་སྐྱོང་ལས་ཀ་ཤུགས་ཆེར་གཏོང་དགོས།  དེ་ལྟར་བྱས་ན་ད་གཟོད་སྤྱོད་སྒོ་ཆེ་ཞིང་རིམ་པ་མཐོ་བའི་ཡིག་སྒྱུར་གྱི་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་ཐུབ་ཅིང་།  གཞུང་ལུགས་དང་ལག་ལེན་གཉིས་ཀྱང་དངོས་སུ་ཟུང་དུ་འབྲེལ་ཐུབ་སྲིད་པ་དང་སྦྲགས།  ཧ་ཅང་གལ་ཆེ་བ་ཞིག་ནི།  རང་རྒྱལ་གྱིས་ངེས་པར་ཡིག་སྒྱུར་ཚན་ཁག་འཛུགས་པའི་ལས་ཀ་ཤུགས་ཆེར་བཏང་སྟེ།  ཆ་རྐྱེན་ལྡན་ཕྱིན་མྱུར་བར་ས་གནས་མང་བོར་ཡིག་སྒྱུར་སྡེ་ཁག་དང་ཡིག་སྒྱུར་གྱི་ཞིབ་འཇུག་ལྟེ་གནས་འཛུགས་དགོས།  
          བདུན།   ཇི་ལྟར་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་བྱེད་པ།  
          ཇི་ལྟར་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་བྱེད་རྒྱུ་ནི།  ནམ་ཡང་ཡིག་སྒྱུར་ལས་རིགས་ཁག་གི་རྩོད་གཞིའི་གནད་དོན་ཞིག་ཏུ་གྱུར་ཡོད།  ཡིག་སྒྱུར་གྱི་ལག་ལེན་ལ་གཞུང་ལུགས་ཀྱི་མཛུབ་སྟོན་མཁོ་ཞིང་།  ཡིག་སྒྱུར་སློབ་ཁྲིད་སྐབས་སུ་ཡིག་སྒྱུར་གྱི་གཞུང་ལུགས་ཁྲིད་དགོས་པར་འདོད།  ང་ཚོས་དུས་ཡུན་རིང་བོའི་ལག་ལེན་ལས་བྱུང་བའི་ཉམས་མྱོང་སྤྱི་སྡོམ་སྒོས།  དེ་ནི་གཞུང་ལུགས་སུ་བསྒྱུར་ཏེ་རྒྱུན་མི་ཆད་པར་ཇེ་ལེགས་དང་ཡར་རྒྱས་སུ་གཏོང་ཞིང་།  དེ་ནས་སྔར་ལས་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་གང་ལེགས་གནང་དགོས།  ཡིག་སྒྱུར་གཞུང་ལུགས་ཀྱི་སློབ་ཁྲིད་ཐད་རྒྱ་ཡིག་གི་ཡིག་སྒྱུར་གཞུང་ལུགས་ཀྱི་སློབ་ཁྲིད་ནི་གཙོ་བོ་དང་ནུབ་ཕྱོགས་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱི་སློབ་ཁྲིད་ནི་རམ་འདེགས་སུ་འཛིན་པ་རྩ་དོན་དུ་བརྩི་དགོས་པར་འདོད།  སློབ་ཁང་གི་སློབ་ཁྲིད་སྐབས་སུ་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་ཡིག་སྒྱུར་རིག་པའི་མཁས་པ་རྣམས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་དང་གཞུང་ལུགས་ཀྱི་ལྟ་བ་གཙོར་བཟུང་སྟེ་མཚམས་སྦྱོར་བྱེད་ཅིང་།  མཁས་པ་དེ་དག་གི་ལྟ་བའི་ཐད་ནས་འགལ་ཟླར་གྱུར་བའང་ཡོད་སྲིད་པ་སྨོས་ཅི་དགོས།  ཡིན་ནའང་ང་ཚོས་སློབ་མ་རྣམས་ལ་རང་ཉིད་ཀྱིས་ཤན་འབྱེད་དང་ཤེས་རྟོགས།  བསམ་གཞིག་སོགས་བྱེད་པའི་གོ་སྐབས་བསྐྲུན་ཆོག  ཕྱི་རྒྱལ་གྱི་ཡིག་སྒྱུར་གཞུང་ལུགས་དང་མཁས་པ་དག་གི་ཐད་གདམ་ག་ཡོད་ཅིང་ཚིག་ཉུང་དོན་འདུས་ཀྱི་ལམ་ནས་མཚམས་སྦྱོར་བྱེད་པ་ལས།  ཡོད་ཚད་འདྲ་བཤུ་བྱེད་མི་རུང་ཞིང་།  ཡིག་སྒྱུར་གཞུང་ལུགས་ནི་ངེས་པར་མི་རིགས་ཀྱི་རིག་གནས་ཁྲོད་ནས་རྐང་ཚུགས་དགོས་ཤིང་།  དམིགས་བསལ་ལྡན་པའི་མི་རིགས་ཀྱི་སྐད་ཡིག་གི་རིག་གནས་དང་བྲལ་བའི་ཡིག་སྒྱུར་གཞུང་ལུགས་ཀྱི་མ་ལག་ནི་ཡོད་མི་སྲིད།  
          དཔེར་ན།  ཡིག་སྒྱུར་རིག་པ་ནི་བས་མཐའི་ཚན་རིག་ཅིག་ཏུ་གྱུར་ཞིང་།  དེ་ནི་སྣ་འཛོམས་རང་བཞིན་ཤིན་ཏུ་ཆེ་བའི་རིག་གཞུང་ཚན་ཁག་ཅིག་ཡིན་ལ།  དེའི་གཞུང་ལུགས་དང་རིག་གཞུང་ཚན་ཁག་གཞན་པའི་བར་འབྲེལ་བ་ཟབ་མོར་མཆིས།  ང་ཚོས་ཡིག་སྒྱུར་སློབ་ཁྲིད་གནང་སྐབས་བསམ་གཟས་ཏེ་རིག་གཞུང་ཚན་ཁག་གཞན་དང་ཡིག་སྒྱུར་རིག་པའི་བར་གྱི་འབྲེལ་བ་དང་།  དེའི་ཐད་ཀྱི་ཤུགས་རྐྱེན་དག་གསལ་བོར་སྟོན་དགོས་ཏེ།  དཔེར་ན།  ཚིག་རྒྱན་རིག་པ་དང་བརྡ་སྤྲོད་རིག་པ།  སྐད་བརྡ་རིག་པ་དང་ཐ་སྙད་རིག་པ།  ཕལ་སྐད་རིག་པ་དང་བརྡ་རྟགས་རིག་པ།  ཚིག་དོན་རིག་པ་དང་བརྡ་སྤྱོད་རིག་པ།  གཏན་ཚིགས་རིག་པ་དང་སེམས་ཁམས་རིག་པ་སོགས་བར་གྱིི་འབྲེལ་བ་གསལ་བོར་བསྟན་ཏེ།  རྒྱུན་མི་ཆད་པ་ཡིག་སྒྱུར་རིག་པའི་ནང་དོན་དང་གཞུང་ལུགས་འཕེལ་རྒྱས་སུ་བཏང་ན།  གོམ་གང་མདུན་སྤོས་ངང་ཡིག་སྒྱུར་གྱི་གཞུང་ལུགས་དང་ཐབས་རྩལ་འཐུས་ཚང་དུ་འགྲོ་བར་མ་ཟད།  ལྟ་བ་དང་ཁྲིད་ཐབས་རྙིང་བ་དག་གསར་བར་བསྒྱུར་ཐུབ།  
          མཇུག་བསྡུའི་གཏམ།  
          དེང་སྐབས་དུས་རབས་ཀྱི་འབྲེལ་བའི་ཡོ་ལང་རབ་ཏུ་རྒོད་པའི་དུས་སུ་ཁེལ།  ང་ཚོས་མ་འོངས་རྒྱང་ནས་གཟིགས་ཤིང་དེར་རྒྱུས་མངའ་ཡོད་དགོས་ན།  ཐོག་མར་འདས་སོང་ལ་ཕྱིར་རྟོག་དང་ད་ལྟར་རྒྱུས་མངའ་ལེན་དགོས།  རྒྱུ་མཚན་ནི་མ་འོངས་པ་ནི་འདས་སོང་དང་ད་ལྟའི་རྨང་གཞིར་བརྟེན་ཏེ་འཕེལ་བ་ཡིན།  དུས་རབས་ཉེར་གཅིག་པ་ནི་མིག་རྡེབ་ཙམ་གྱིས་བསླེབས་ཤིང་།  ཡིག་སྒྱུར་བྱ་གཞག་ཀྱང་ལས་རིགས་གཞན་དག་ལྟར།  མྱུར་བར་དེང་རབས་ཅན་དང་ཆ་འཕྲིན་ཅན།  ཚན་རིག་ཅན་དང་སྤྱི་ཚོགས་ཅན།  རྒྱལ་སྤྱི་ཅན་སོགས་སུ་འཕེལ་ངེས།  གལ་ཏེ་དུས་རབས་གསར་བར་ང་ཚོས་བྱེ་བྲག་གི་ལྟ་བ་དང་སྤྱི་ཁོག་གི་ལྟ་བ་ཟུང་དུ་འབྲེལ་བའི་ཚན་རིག་གི་རིག་ལམ་གསར་བའི་ལམ་ནས།  ཡིག་སྒྱུར་གྱི་གཞུང་ལུགས་དང་དེའི་ཞིབ་འཇུག་ཐད་མཛུབ་སྟོན་གང་ལེགས་གནང་ན།  ཡིག་སྒྱུར་གྱི་བྱ་གཞག་ཐད་མཆོང་སྐྱོད་ཀྱི་འཕེལ་རྒྱས་གསར་བ་ཡོད་སྲིད་པར་ཡིད་ཆེས་བརྟན་པོ་ཡོད་ཅིང་།  དུས་རབས་གསར་བའི་ནང་དུས་རབས་ཉི་ཤུ་བར་ཐག་ཆོད་མེད་པའི་ཡིག་སྒྱུར་གྱི་གནད་དོན་དག་རེ་རེ་བཞིན་ཐག་གཅོད་སྲིད།  རྩོམ་འདིར་གླེང་བའི་ཕྱོགས་བདུན་གྱི་གནད་དོན་ནི་དུས་རབས་ཉེར་གཅིག་པའི་ཡིག་སྒྱུར་སློབ་ཁྲིད་དང་ཞིབ་འཇུག་ཐད་ཀྱི་གནད་དོན་གཙོ་བོར་འགྱུར་སྲིད་པས།  འདིར་ཆེད་དུ་ཆེད་མཁས་པ་དང་མཁས་དབང་རྣམས་ཀྱིས་བཀའ་སློབ་འཛད་མེད་བསྩལ་བར་རེ་འདུན་སྙིང་ནས་ཞུའོ།  །  
ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། དཔལ་མགོན་ནས།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716