སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྩོམ་ཡིག་འབྲི་བ་དང་ཀློག་པ་གཉིས་བྱ་ཡི་གཤོག་ཟུང་དང་འདྲ་བས་ཡ་རུ་འགྱུར་མི་རུང་།
སྤེལ་དུས། 2017-09-30   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  ཁང་གསར་ཚེ་དབང་རིག་འཛིན།
——གསར་རྩོམ་དང་འབྲེལ་བའི་སྐད་ཆ་ཐུང་ངུ་།  
          ཕྲན་རང་ཉིད་ནི་འབྲོག་ཕྲུག་རྣལ་མ་ཞིག་ཡིན།  འབྲོག་ཕྲུག་གདོང་བ་སྣུམ་ལོག་གེ་བ་ཅན་ཞིག་ཡིན།  ཆུང་ཆུང་བེའུ་རྫིའི་ཞོར་དུ་ཕ་དྲིན་ཅན་གྱི་མདུན་ནས་ཀ་ཁའི་དབྱངས་རྟ་གྱེར་ཞིང་། སྦྲ་གུར་སློབ་གྲྭ་ཞེས་པར་ཆད་མ་མཐུད་ཅིག་ཕྱིན་པའི་སྤྲོ་སྣང་དེ་ཚོར་བའི་གཏིང་ན་གསལ་གྱི་ལེར་འདུག སྐབས་དེ་ཤེད་ནས་བཟུང་བོད་མིའི་ལས་དབང་ལ་སིམ་པའི་གསལ་བྱེད་དང་དབྱངས་བཞིར་འབྲེལ་འདྲིས་ཀྱི་རྟེན་འབྲེལ་ཐོག་མ་བཙུགས། དེའི་རྗེས་རྟ་ནོར་ལུག་གསུམ་གྱི་རྫི་བོའི་ཞོར་ནས་ཧོར《གླིང་གཡུལ་འགྱེད》ཀྱི་གཙོའི་གླིང་སྒྲུང་སྣ་ཚོགས་དང་།  《མི་རོ་རྩེ་སྒྲུང》གཙོའི་གཏམ་རྒྱུད་སྣ་ཚོགས་ལ་བལྟས་ནས་སྒོ་ཕྱུགས་བོར་སྟོར་དང་རི་སྤྱང་གི་ཁ་རུ་ཤོར་བའང་ཉུང་ཉུང་མིན།  རྗེས་སོར་དགོན་པར་ཕྱིན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་མངོན་བརྗོད་སོགས་རིག་གནས་ཀྱི་སྐོར་དང་། ཚད་མ་ཕར་ཕྱིན་སོགས་མཚན་ཉིད་ཀྱི་སྐོར་ལའང་སྦྱངས།  དེའི་རྗེས་ཡང་བསྐྱར་སློབ་གྲྭ་འགྲིམས་ནས་རིག་གཞུང་སྣ་མང་གི་ཕྱོགས་ལ་འབད་པ་བྱས། རྗེས་སུ་ལས་ཀར་ཞུགས་པ་ནས་ཀྱང་སློབ་སྦྱོང་ངམ་དཔེ་ཀློག་ནི་རང་ཉིད་མི་ཡུལ་འདིར་སྐྱེས་པའི་དོན་སྒོ་ལྟ་བུར་བཟུང་ནས་ཉིན་རེའི་ཟས་ཐུན་གསུམ་ལྟར་བསྐྱུར་མ་མྱོང་། སློབ་སྦྱོང་དེ་དག་གི་བརྒྱུད་རིམ་ཁྲོད་དུ་རྩོམ་ཡིག་ཙག་ཙིག་སྣ་ཚོགས་ཤིག་བྲིས་མོད། དུས་དེབ་དང་ཚགས་པར་དུ་བསྐུར་བ་ནི་ཤིན་ཏུ་འཕྱི། རྒྱུ་མཚན་ནི་ཡི་གེ་པ་སུ་ཞིག་ཡིན་ནའང་སོ་སོའི་བྲིས་རྩོམ་དེ་སྤྱི་ཚོགས་ཀྱི་ལྟ་ཀློག་པ་དག་གི་མིག་ལམ་དུ་བསྟར་བར་གཅིག་ན་འབྲེལ་ཡོད་དཔེ་དེབ་ལྟ་ཀློག་དང་།  གཉིས་ན་ཡུན་རིང་གི་རྩོམ་འབྲིའི་སྦྱོང་བརྡར།  གསུམ་ན་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་བློ་སོགས་སྔོན་དུ་མི་འགྲོ་ག་མེད་དག་ཅིས་ཀྱང་བརྒྱུད་དགོས་སྙམ་པའི་འདོད་བློ་གསུབ་མེད་དེས་ཡིན། 2010ལོ་ཡས་མས་ནས་རང་གི་རྩོམ་འབྲིའི་ཕུགས་འདུན་ལ་མེ་ཤུགས་གསར་དུ་སྦར་ཏེ་བརྩམས་སྒྲུང་འབྲི་བར་དངོས་སུ་ཞུགས་ནས་བརྩམས་སྒྲུང་གཙོ་བོ་ཡིན་པའི་རྩོམ་ཡིག་ཆ་མ་ཆོལ་མང་པོ་ཞིག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་མང་པོར་བསྐུར། དེ་ལྟ་བུའི་རྩོམ་འབྲིའི་བརྗོད་བྱ་ནི་རང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ཐུན་མིན་རིག་གནས་དང་འཚོ་བ་ལོས་ཀྱང་ཡིན། དེའི་ནང་ནས་ཀྱང་དམའ་རིམ་གྱི་འཚོ་བར་དུངས་སེམས་འབུལ་རྒྱུ་ནི་རང་འགུལ་གྱིས་ཤོར་འགྲོ་བའི་རྩོམ་འབྲིའི་མཛུབ་མོ་དཀྱུ་ཕྱོགས་ཤིག་ཀྱང་ཡིན་སོང་།
          རྩོམ་འབྲིའི་དགའ་ཕྱོགས་དེ་ལས་རང་གིས་ནམ་རྒྱུན་དེ་འབྲེལ་གྱི་གོ་སྐབས་ཡག་པོ་འཚོལ་གྱིན་ཡོད་དེ། རང་ཉིད་ཀྱིས་སྙུག་ཁ་སྐོར་ཕྱོགས་ཕལ་མོ་ཆེ་བརྩམས་སྒྲུང་ཡིན་པས།གཙོ་བོ་རྒྱུན་དུ་རྒྱལ་ཁབ་ཕྱི་ནང་གི་བརྩམས་སྒྲུང་པ་གྲགས་ཆེན་གྱི་བརྩམས་ཆོས་ཀློག་པ། རྩོམ་རིག་འཆད་ཁྲིད་ཀྱི་ཟབ་སྦྱོང་དང་བགྲོ་གླེང་ལ་ཞུགས་པ། རྩོམ་རིག་ཆེད་མཁས་པའི་དགེ་རྒན་ལ་དངོས་སུ་དྲི་བ་འདོན་པ། རང་ཉིད་དང་དགའ་ཕྱོགས་གཅིག་པའི་གྲོགས་དང་ཉམས་མྱོང་བརྗེ་རེས་ཀྱི་གླེང་མོ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་རང་གི་དགའ་ཕྱོགས་ལ་ལམ་ཇེ་ཡང་དུ་འགྲོ་བར་འབད་པ་ཡིན།  ལྷག་པར2013ལོར་ཟི་ལིང་ནས་བསྒྲུབས་པའི་ལུའུ་ཞུན་རྩོམ་རིག་གླིང་གི་སྐབས་བདུན་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཟབ་སྦྱོང་འཛིན་གྲྭ་ལ་ཞུགས་པས་རང་ཉིད་ཀྱི་རྩོམ་རིག་གི་རྨི་ལམ་ལ་ཁ་དོག་གསར་པ་ཞིག་བསྩལ།  མདོར་ན་རྩོམ་ཡིག་འབྲི་བར་ལག་འགུལ་སྔ་དང་ཡང་ན་འབྲི་རྒྱུ་ཁོ་ན་ལས་ཀློག་རྒྱུ་རིང་དུ་འདོར་བ་ནི་བཟའ་བ་ཁོ་ན་ལས་བཏུང་བ་བསྐྱུར་པ་ལྟར་ཕྱོགས་ལྷུང་གི་བསམ་བློ་ཞིག་རེད་འདོད་ལ།  དེ་ལྟའི་དབང་གིས་ད་ལྟ་རང་རེར་ཀློག་པ་པོ་ལས་རྩོམ་འབྲི་བ་མང་ཙམ་གྱི་དགོད་བྲོ་བའི་གནས་ཤིག་ཏུ་ལྷུང་བ་མིན་ནམ་སྙམ་པས། རང་ཉིད་ནི་འབྲི་ཀློག་གཉིས་ཕྱོགས་སུ་མ་ལྷུང་བའི་མི་དྲང་མོ་ཞིག་བྱེད་འདོད་པ་ཡིན།
འབྲི་མོ་རོག་རོག་གི་རྣམ་ཤེས།
མགོ་ལོག  ཁང་གསར་ཚེ་དབང་རིག་འཛིན།    
1
          ངའི་སྐེ་ལ་ཞགས་ཐག་ཨ་ལུང་ཅན་དེ་བཞག་ནས་ལྷས་ར་ལས་དྲུད་འགྲོ་བའི་མཚན་མོ་དེར་བརྗེད་ཐབས་ཤིག་ཅི་ལ་ཡོད།  མཚན་མོ་དེར་ཁྱི་སྟག་དམར་རི་སྒང་དུ་སྤྱང་རྫིའི་རྗེས་སུ་སོང་བའམ་ངེད་ཚང་གི་མར་ཕྱོགས་ཀྱི་གདོང་ནར་དེའི་འདབས་ནས་གློག་ཚུབ་བྱས་པར་རྒྱུག་པ་གང་ཡིན་མི་ཤེས་མོད། གང་ལྟར་ནོར་ལྷས་དང་ཉེ་སར་ཁོའི་རི་ལུང་སྒུལ་བའི་ཟུག་སྐད་མེད་པའི་ཤུལ་ནས། ངས་ནམ་དཀྱིལ་བར་ལྡད་རྡོ་ལྡད་ནས་ཉིན་གང་པོར་ཟོས་པའི་རྩྭ་དག་ཞིབ་བུར་བྱས་ཏེ་ཕོ་བ་བདེ་སྙོམས་སུ་བཏང་རྗེས་གཉིད་སྐྱིད་པོ་ཞིག་ལ་རོལ་སྒང་དེར། གར་བྱུང་འདིར་བྱུང་མ་གོ་བར་ངའི་སྐེའི་འདོགས་ཐག་ཕྱུ་གུ(རྡང་ངོས་ཀྱི་ནོར་འདོགས་བྱེད་ཀྱི་ཐ་གུའི་མིང)བཀྲོལ་ནས་ཇི་ལྟར་འཐེན་ན་དེ་ལྟར་དབུགས་དགག་པའི་ཞགས་ཐག་སྦོམ་པོ་ཞིག་སྐེ་ལ་བསྐོན་ཏེ། མི་རྒོད་འགས་དྲུད་སོང་། ཁོ་ཚོས་ལག་མྱུར་ལྡན་པའི་ངང་ནས་ལྷས་རའི་ཕར་གའི་གད་ཤུར་གྱི་འོག་དེར་གཡག་ཆེན་ཞིག་གི་སྐེར་སྦྲེལ་ཏེ་མུན་ནག་ནང་དུ་བྲེལ་བྲེལ་གྱིས་གང་ཞིག་ཏུ་དེད། ངས་མི་ཚོས་ངུར་སྒྲ་རུ་འབོད་པའི་འོ་དོད་ཇི་ལྟར་བོས་ནའང་།ངས་ལུས་ཀྱི་ཆ་ཤས་ཡོངས་རྫོགས་ཀྱི་ཤེད་ཤུགས་དག་གཅིག་ཏུ་བསྡུས་ཏེ་རང་གི་སྤུན་མཆེད་དང་བདག་པོ་ཚང་གི་ཕྱོགས་སུ་ཇི་ལྟར་འཐེན་ནའང་།  རི་བོང་གླག་གིས་བཅུམས་པ་ལྟར།  གྱད་ཀྱིས་མིའུ་ཐུང་བཟུང་བ་ལྟར་སྔོན་ནས་གཡག་རྒོད་ཀྱིས་དྲུད་ཅིང་།  མཇུག་ནས་རྡོ་ཆར་གྱིས་བརྒྱབ་སྟེ་གང་ཞིག་ཏུ་དྲུད་མ་དེད་ཀྱིས་བུད་སོང་།
          འཇིག་རྟེན་མགོ་རྟིང་སློག་པའི་ཡ་ང་བའི་དོན་རྐྱེན་དེ་ནི་དེའི་རྗེས་ཡིན་ལ། དོན་རྐྱེན་དེ་ད་ལྟ་ད་དུང་དྲན་ཐེངས་རེར་ངའི་སྙིང་ལ་གློག་འཁྱུག་པ་ལྟ་བུའི་ཚ་ཤད་བརྒྱུགས་འོང་།  མཚན་མོ་དེར་ནམ་མཁའི་ཟླ་བ་རི་བོ་གང་ཞིག་གི་གཏིང་རུམ་ནས་མཁའ་ལ་ཤར་རྒྱུ་མ་བྱུང་ལ། ནམ་རྒྱུན་མཚན་མོར་མཁའ་དབྱིངས་སུ་ཤོང་གིན་མེད་པ་ལྟ་བུའི་སྐར་མའི་ཚོགས་ཀྱང་ས་འོག་ཏུ་བརྫངས་པ་ལྟར་མཐོང་དུ་མ་མངོན། སྨག་ཧ་ཅང་ནག་པའི་མཚན་མོ་དེར་ང་རྒྱུས་མེད་ཀྱི་ལུང་ཁུག་ཅིག་ནས། སུག་བཞི་གྲུ་གུ་བཞིན་དུ་བསྒོང་ཞིང་བསྡམས་ནས་བཀྱིགས་ཏེ། འཆི་བདག་གཤིན་རྗེ་དངོས་སུ་སླེབས་པ་ལྟ་བུའི་མི་ངན་དེས་ཐག་པས་ངའི་མཆུ་ཏོ་ལ་དཀྲིས་མང་པོ་བརྒྱབ་སྟེ་དབུགས་དགག  རི་བོ་ཐམས་ཅད་ངའི་མགོ་ཐོག་ཏུ་ལོག་པ་དང་། ཐ་ན་ཡངས་ཤིང་མཐའ་མེད་པའི་གནམ་དེའང་བརྡིབས་ཏེ་རང་ཉིད་གཅིར་སྙམ་གྱི་འཇིགས་སྐྲག་བརྗོད་ལས་འདས་པ་ཞིག་ངའི་མགོ་ཐོག་ཏུ་འོང་།  ངས་ལུས་ཀྱི་ལྷུ་ཚིགས་ཡོངས་འཐོར་རམ་སྙམ་པ་ལྟ་བུའི་འཕག་འཚག་བྱས་ཤིང་། མགོ་བོས་ཤུགས་ཀྱིས་ས་ལ་བརྡབས། རྔ་མ་གཡུག་ནས་སྲོག་སྐྱོབ་མཁན་ལ་རེ་འབོད་སོགས་ཇི་ལྟར་བྱས་ཀྱང་ཕན་འབྲས་ཅི་ཡང་མ་ཐོན་པར་ལུས་པོ་ཕ་བོང་ལྟར་གྲགས་མེད་འགུལ་མེད་ཏུ་བཏང་། ཡང་ན་ཆུ་རྡོ་ལྟར་འཁྱག་པོ་འཁྱག་རྐྱང་དུ་བཏང་།
          ང་དྲན་པ་སོས་པའི་ཚེ་ན་ད་ཅིའི་སྨག་ནག་པའི་འཇིག་རྟེན་དེ་གློ་བུར་དཀར་སིང་ངེར་གྱུར་འདུག་ཅིང་།  ད་ཅིའི་མི་ཚོས་ལག་ཏུ་ཁྲག་དམར་འཛག་པའི་གྲི་རིང་རེ་ཐོགས་ཏེ་ངའི་ལུས་པོའི་ཤ་དང་གོ་བ་སོ་སོར་ཕྲལ་གྱིན་འདུག མཆུ་ཏོ་ཁ་སྤུས་གཡོགས་པའི་མི་དེས་མགོ་བོ་ཀྲོག་ཀྲོག་གིས་ཕར་ལྟ་ཚུར་ལྟ་བྱེད་ཀྱིན་ལྐོག་ལབ་ཀྱིས“མགྱོགས་ཙམ་བྱོས་དང་། མི་གཞན་གྱིས་མཐོང་ན་ཚར་བ་རེད།” ངའི་སྐེ་ལ་ཞགས་ཐག་བསྐོན་པ་ནས་ད་ལྟའི་བར་དུ་ཁོ་ཚོར་སྐད་ཆ་ལབ་རྒྱུ་ཧ་ཅང་ཉུང་ལ།  ལབ་པའང་ཤབ་ཤུབ་ཀྱི་ལྐོག་ལབ་ཁོ་ན་ཡིན་ཕྱིར་དེ་དག་གི་ནང་དོན་གཅིག་ཀྱང་མ་གོ་མོད། ད་ལྟ་ཁོ་ཚོའི་ལྐོག་ཤུབ་མི་ཚད་ཡང་ཤུབ་ཀྱིས་བཤད་ཀྱང་ངའི་རྣ་སྒོ་ནི་ཁོ་ཚོའི་མཆུ་ཏོར་གཏུགས་པ་ལྟར་ཧ་ཅང་གསལ་པོར་གོ་འོང་།
          ང་ལ་ཚ་བའི་སྡུག་བསྔལ་ཅི་ཡང་མེད་མོད་རང་ཉིད་ཀྱི་ལུས་པོ་ད་ལྟ་མཚོན་རྣོན་པོའི་སོ་ཁ་ནས་ཤ་པགས་སོ་སོར་ཕྲལ་བཞིན་པར་མིག་གིས་ལྟ་ག་ལ་བཟོད་དེ་མ་བཟོད་པར་རི་བོའི་ཕག་ཏུ་སྐད་ཅིག་གིས་བྲོས།  ཡིན་ནའང་ངའི་རྣ་ལམ་དུ་ཤ་པགས་སོ་སོར་ཕྲལ་བའི་སག་སྒྲ་གཟན་པོ་དང་། སུག་བཞི་གཅོད་པའི་སྐག་སྒྲ་སོགས་སྔར་བཞིན་གསལ་ཐིང་ངེར་གོ་འོང་།  ཐ་ན་ཁོག་པ་ཡོངས་སུ་གཤགས་ཏེ་དོན་ལྔ་སྣོད་དྲུག་ལེན་པའི་རྣམ་པ་དག་མིག་གི་སྔོན་དུ་བཤམས་འོང་།  སྔོན་ཆད་ང་རང་རི་བོ་དེ་འདྲའི་ཕར་ནང་དུ་བགྲོད་དགོས་ན་དུས་ཚོད་ཤིན་ཏུ་རིང་པོ་དགོས་ཤིང་། རིའི་ཕར་རྒྱབ་ཀྱི་འཇིག་རྟེན་ནི་གསང་བ་ལྐོག་གྱུར་ལོས་ཡིན། དེ་རུ་རྩྭ་ཆུ་འཛོམས་པོ་ཡོད་དམ།  ཡང་ན་སྤྱང་མོའི་འཇབ་སྒུག་ཡོད། ཡང་ན་རྫི་བོའི་གླུ་སྒྲ་ཡོད་པ་སོགས་ང་དེ་རུ་དབུགས་ལྷེམ་ལྷེམ་ངང་མ་སླེབས་བར་དུ་ཅི་ལ་རྟོགས་ཏེ་རྟོགས་མི་སྲིད། དེ་བས་ང་སླར་ཡང་བྲོས་ཏེ་ལ་དགུ་ལུང་དགུའི་ཕ་རོལ་ཏུ་ཡུད་ཙམ་གྱིས་བགྲོད། ཡིན་ནའང་ངའི་རྣ་ལམ་དུ་སྐེ་དང་རྐང་ལག རྩིབ་མ།  ཚང་ར་སོགས་སོ་སོར་བཏོགས་ཤིང་གསིལ་བའི་སྟ་རེའི་སྒྲ་དེ་གསལ་པོར་ཐོས་ཤིང་། མིག་བཙུམ་ནའང་ཤ་རུས་ཆུང་ངུ་ཆུང་ངུར་བགོ་བའི་རྣམ་པ་དེ་ལས་ཀྱང་གསལ་པོར་མཐོང་འོང་། ང་འཇིགས་ནས་སླར་ཡང་སྙིང་དུམ་བུ་དུམ་བུར་གས་སྙམ་བྱེད། ངས་ད་གཟོད་རང་གི་བདག་པོ་ཚང་དྲན་ནས་སྐྱབས་བཅོལ་གྱི་འདུན་པ་དྲག་པོས་གསོལ་བ་བཏབ།
          བདག་པོ་ཚང་ནི་ད་དུང་སྐྱིད་པའི་མལ་ནས་སྔུར་བ་འཐེན་ནས་གཉིད་ལ་རོལ་འདུག  ངས་བདག་པོ་བདག་མོ་གཉིས་ཀྱི་སྔས་མགོ་ནས་ཇི་ལྟར་བོས་ཀྱང་ཁོ་གཉིས་ཀྱི་རྣ་བ་ཟུང་ཁྲོ་ཆུས་སྦྱར་བ་ལྟར་གོ་ཚོར་མི་འདུག ངའི་སེམས་པ་རབ་ཏུ་ཕམ་སྟེ་གདུང་བ་ཆེན་པོས་ངུ་སྙིང་འདོད། ད་ནི་ཁོ་ཚོས་ངའི་མགོ་བོའི་རྭ་གཉིས་བཅད་ཅིང་ངོ་ལྤགས་ཡོངས་སུ་བཤས་སོང་བས་ངའི་མིང་ལ་འབྲི་མོ་རོག་རོག་ཅེས་ཐོགས་སྲིད་དམ།  “བཤས་རྐུན་འབུད་བྱེད་མགོ་དང་རྭ་རེད། མགོ་ལྤགས་བཤས་ཚར་བས་ད་ལྟ་རྒྱ་རྒྱ་རོག་རོག་གི་དབྱེ་བ་ཙམ་ཡང་ཤེས་མི་སྲིད། ད་རྭ་གཉིས་ས་འོག་ཏུ་སྦས་ཡག་ཅིག་བྱོས་དང་དེ་ནས་སེམས་ལྷོད་དུ་ཕབ་ན་ཆོག” མཆུ་ཏོ་ཁ་སྤུས་གཡོགས་པའི་མི་དེས་ཡང་བསྐྱར་སྐད་མགོ་དམའ་མོས་དེ་ལྟར་ལབ། དངོས་གནས་རྭ་བཅད་ཅིང་ངོ་ལྤགས་ཡོངས་སུ་བཤས་རྗེས་ད་ནི་ང་ནག་རིས་ཡིན་ནམ་རོག་རོག་ཡིན་པའི་དབྱེ་བའང་ག་ལ་ཤེས།  བདག་པོ་ཚང་གིས“ཐུལ་མ་འདིར་རྭ་ཁ་ཡག་པོ་ཡོད་པས་རྗེས་སུ་བེའུ་ཡག་པོ་ཏག་ཏག་ཁྲིད་ངེས་རེད་ཨང་།”ཞེས་བསྟོད་བསྔགས་བྱས་མྱོང་བ་དང་། རང་གིས་ཀྱང་དགྲ་ལ་འཐབ་བྱེད་དང་ཡང་ན་ལུས་ཀྱི་རྒྱན་ཆ་གཅིག་པུར་སྙམ་པ་འདི་ཁོ་ཚོས་སྟ་རེའི་སོ་ཁ་ནས་མགོ་དང་ཕྲལ་བས་མི་ཚད་དོང་ནང་དུ་སྦས་སོང་བས་ཕངས་སེམས་ཀྱི་མཚོ་མོ་རབ་ཏུ་སྐྱོམ། གལ་ཏེ་ད་ལྟ་ངའི་མགོ་ན་རྭ་འཇོན་མོ་རྩེ་རྣོན་དེ་ཡོད་རྒྱུ་ན། གལ་ཏེ་ད་ལྟ་ངའི་ལུས་པོ་སྔར་བཞིན་བདེ་བདེ་ཐང་ཐང་ཡིན་རྒྱུ་ན་ངས་ཐེ་ཚོམ་མེད་པར་རྭ་ཅོ་ས་འོག་ཏུ་སྦ་མཁན་དེ་རྭ་རྩེར་བརྒྱུན་ངེས།  ཡིན་ནའང་ད་ལྟ་ངས་རང་གི་ལུས་པོ་བདག་གིར་འཛིན་མི་ཐུབ་པས་དེ་ནི་སྟོང་བསམ་ཞིག་ལས་ཅི།  ད་དུང་པགས་པ་བཤུས་པའི་མགོ་རུས་རྗེན་པ་དེའང་དུམ་བུ་དུམ་བུར་གསིལ་ཏེ་བགོས་སོང་། ཁོ་ཚོས་ངའི་ཤ་རུས་པགས་གསུམ་སོ་སོར་བགོས་ཏེ་རང་རང་གི་ཏ་ལེན་དུ་བླུགས་ནས་ང་སྐེ་སྦྲེལ་བྱེད་སའི་གཡག་ཆེན་དེ་འདེད་ཀྱིན་བྲེལ་མྱུར་གྱིས་ལ་ཕར་རྒྱབ་ཀྱི་ཕྱོགས་སུ་ཆས།
          ལ་མོའི་ཕར་རྒྱབ་ནི་ང་རང་སྔོན་ཆད་གཏན་ནས་འགྲོ་མ་མྱོང་ལ་མཐོང་ཡང་མ་མྱོང་བའི་ཡུལ་གྲུ་ཆ་མེད་ཅིག་རེད།  ཡུལ་གྲུ་དེའི་རི་བོ་དག་གིས་གནམ་གྱི་ལྗིད་ཚད་མ་ཐེག་པར།  སྔོན་ཆད་ངའི་རྨིག་འོག་གི་དབྱར་ཁའི་འདམ་འབག་བཞིན་ལེབ་ལེབ་ཏུ་བཏང་ནས་གནམ་གྱི་མཐའ་རྒྱང་རིང་རྒྱང་རིང་གི་ཐང་ལ་ཟུག་འདུག གཡག་གཅིག་དེད་ཅིང་ཏ་ལེན་དུ་ངའི་ཤ་རུས་དུམ་བུ་དུམ་བུར་བགོས་པའི་སྐྱ་མི་དེ་ཚོ་དེ་ལྟར་མཐའ་མི་མངོན་པའི་ཐང་ཆེན་དེའི་ཕྱོགས་སུ་ཧ་ཧ་ཧོ་ཧོའི་དགོད་སྒྲ་དང་བཅས་གཤར་སོང་། ང་ཆ་མེད་རྒྱུས་མེད་ཀྱི་ཡུལ་གྲུ་དེའི་ཕྱོུགས་སུ་འགྲོ་ག་ལ་འདོད་དེ། རང་གི་ཤ་ལས་ཆད་པའི་བུ་རྒྱུད་དང་གཉེན་ཉེས་གྲུབ་པའི་ནོར་ཁྱུ། དེ་ལ་བདག་པོ་རྒྱག་པའི་ཁྱིམ་ཚང་། དུས་བཞིར་རྩྭ་ཆུས་ཕྱུག་པའི་རང་ཡུལ་སོགས་རྒྱབ་ཕྱོགས་སུ་ཡོད་པས་ངས་དེ་དག་བསྐྱུར་ག་ལ་ནུས། ང་སྐད་ཅིག་ཉིད་དུ་རང་གི་ནོར་ཁྱུར་སླེབས།
ཞོགས་པའི་མཁའ་དབུགས་འཇམ་པོའི་ཁྲོད་དུ་བྱེའུ་འཇོལ་མོས་གསུང་སྐད་སྙན་མོ་གཅིག་ལ་གཅིག་འགྲན་གྱིས་གྲགས་ཀྱིན་འདུག་ཅིང་།  བདག་མོས་ལྕི་སླེའུ་རུ་ལྕི་བ་སྒྲུག་གིན་འདུག  ང་རང་ཉིད་འདོགས་ས་རུ་འཁོར་ནས་བསྡད་མོད།  མོ་ང་འདོགས་ས་རུ་སླེབས་ནས་ཕར་ལྟ་ཚུར་ལྟ་བྱེད་ཀྱིན“འབྲི་མོ་རོག་ཡག་མ་མདང་ནུབ་ཤོར་སོང་འདུག” ཅེས་ཁེར་ལབ་འགའ་བྱེད་ཞོར་དུ་ངས་ནམ་སྟོད་བཏང་བའི་ལྕི་བ་གཅིག་པོ་ལྕི་སླེའུ་རུ་འཕངས་ནས་མུ་མཐུད་དུ་ང་ཚོའི་རྡང་ནང་གི་ལྕི་བ་གཞན་དག་སྒྲུག  ངས་ང་ཤོར་བ་མིན་པར་མཚན་གུང་དུ་མི་ངན་འགས་སྐེ་ཐུག་ལས་ཕྱུ་གུ་བཀྲོལ་ཏེ་བཙན་གྱིས་ཁྲིད་པའི་ཚུལ་ལབ་ནའང་མོ་ལ་སྣང་དོག་ཙམ་ཡང་མེད་པར་ཁ་ཏོན་ཆད་མ་མཐུད་ཅིག་འདོན་ཞོར་དུ་ང་ལ་ཁ་ཡ་གཏན་ནས་མ་བྱས།
2
          ཐེངས་འདིར་རྐུན་མ་ཚོས་ང་ཕྱུ་གུ་ལས་བཀྲོལ་བ་ནི་སྔོན་ཆད་བདག་པོ་ཚང་གིས་རྡང་ལས་ཕུད་པ་ལྟ་བུ་ཞིག་མ་ཡིན་པར། ང་ལ་སྡོད་བཟོད་མེད་པར་མདའ་མོ་གཞུ་ལས་ཤོར་བ་ལྟར་གང་ཞིག་ཏུ་ཤར་རེར་འགྲོ་དགོས་ཐུག་པ་ལྟ་བུ་ཞིག་ཡིན་མོད། ང་བཙན་ཚུགས་ཀྱིས་རང་གི་འདོགས་སར་བསྡད། ད་ལྟ་བདག་མོ་གཅིག་པུས་ང་ལ་སྣང་དོག་མི་བྱེད་པའི་མི་ཚད་པར། ང་ལ་ཤིན་ཏུ་སྙིང་ཉེ་བའི་གཡས་གཡོན་གྱི་འབྲི་མོ་རྒྱ་རིས་མ་དང་འཛི་ར་མས་ཀྱང་ཁ་ཡ་གཏན་ནས་མི་བྱེད་པར་མི་མཐོང་ཁུལ་བྱས་འདུག དེ་བས་ང་རང་ལྷག་ཏུ་སྡོད་བཟོད་མི་བདེ་བར་མཚན་མོར་ཁྱི་སྟག་དམར་གྱིས་སྤྱང་རྫི་ལེན་པ་ལྟར་ནོར་ལྷས་དང་རྟ་ར། ལུག་ར་སོགས་ཀྱི་མཐའ་རུ་བརྒྱུགས། ང་གཅིག་པུ་མ་གཏོགས་ངེད་ཚང་གི་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་ཆེན་པོ་དེ་ནི་རང་རང་ས་ན་ལྷོད་ཅིག་གེར་བསྡད་འདུག
          བདག་མོས་ལྕི་བ་བསྒྲུགས་ཚར་ནས་དུ་བ་སྔོ་ལྷོག་ལྷོག་འཕྱུར་གྱིན་པའི་སྦྲ་ཁྱིམ་དུ་ཕྱིན།  ང་ལ་རྐུན་མ་དག་གིས་མིག་དང་རྣ་བ་ལྷག་མ་ཞིག་སྤྲད་པ་ལྟར་སྔོན་ཆད་ལས་ལྡབ་བརྒྱ་འགྱུར་གྱིས་གསལ་པོར་གྱུར་འདུག་པས།  ཁྱིམ་བདག་ཚང་གི་ཁ་བརྡ་དག་གསལ་གྱི་ལེར་གོ་འོང་། “ངེད་ཚང་གི་འབྲི་མོ་རོག་ཡག་མ་མདང་ནུབ་རྡང་ལས་ཤོར་སོང་བས་ལྷས་སུ་མི་འདུག” “འོ་འོ།  སྐྱོན་ཡོད་པ་མ་རེད། ཁྱིམ་མཚེས་དག་གི་ནོར་ལྷས་སམ་ཟོག་ཡན་དག་གི་ནང་དུ་སོང་བ་ཡིན་ངེས།” “ཉིན་མོར་རང་གི་ནོར་ཁྱུའི་གྲས་སུ་འོང་ངེས་རེད།”  “འོང་ངེས་རེད།  འོང་ངེས་རེད།” ཅེས་གཅིག་གིས་གཅིག་ལ་བདེན་ཁ་སྟེར་གྱིན་པ་ཐོས་པས་ང་ཤིན་ཏུ་འཚབ་སྟེ།  རང་ཉིད་རྡང་ལས་རང་བཞིན་གྱིས་ཤོར་བ་མིན་ཚུལ་དང་། ད་ལྟ་ཁྱིམ་མཚེས་ཀྱི་ནོར་ལྷས་དང་ཟོག་ཡན་གྱི་གྲས་སུ་མེད་ཚུལ། མདང་ནུབ་རྐུན་པོ་སྡིག་རྒན་འགའི་ལག་ཏུ་ཤོར་ནས་ཤ་ཚལ་བ་དང་ཁྲག་ཐིགས་པ་བྱས་ཟིན་པའི་དོན་དངོས་དག་གསལ་པོར་བཤད་བསམས་ནས་ཐད་ཀར་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྦྲ་ནང་དུ་འཛུལ་བ་ཡིན། དེ་རུ་སྒྱེད་པུ་ལས་ལྕི་བ་སྲེག་པའི་དུད་དྲི་ཧ་ཅང་བཙོག་པོ་ཞིག་དང་མེ་ལྕེ་དམར་ལྷབ་ལྷབ་ཏུ་འབར་གྱིན་པས་བཏུད་མ་ཕོད་པར་མྱུར་དུ་ཕྱིར་བུད། ད་ལྟ་ངའི་སྣ་ཚོར་དེ་སྔར་ལས་ལྡབ་བརྒྱ་འགྱུར་གྱིས་རྣོན་པོར་གྱུར་འདུག སྔོན་ཆད་ནམ་རྒྱུན་ངེད་ཅག་གི་མཐའི་སྦྲ་ནག་ལས་དུ་བ་སྔོ་ལྷོག་ལྷོག་འཕྱུར་ཞིང་། རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་དུ་བ་ང་ཚོའི་ཐོག་ཏུ་ཕོག་པ་བགྲང་གིས་མི་ལངས་མོད།དེ་ལ་དེ་འདྲའི་བཙོག་སྣང་ཆེན་པོ་ཞིག་སྐྱེ་མ་མྱོང་། འོན་ཏེ།  དེ་རིང་ངེད་ཚང་གི་དུ་བ་ནི་ང་ཚོས་མར་བཏང་བའི་ལྕི་བ་སྲེག་གིན་པ་གཞི་ནས་དངོས་སུ་ཚོར་བས་དྲི་བཙོག་དེ་སྙིང་ལ་ཟུག་འོང་།
          ང་ཕྱིར་རང་གི་འདོགས་སར་སོང་བ་ན། ངའི་ཤུལ་ནི་སྟོང་ལྷང་ངེར་འདུག་ཅིང་། མདང་ནུབ་རྐུན་མ་ཚོས་ལག་པ་ནག་པོ་དེས་ངའི་རྐེའི་མཆའ་རུ་བརྟོལ་བའི་ཕྱུ་གུ་དེ་ཉམ་ཆུང་ངང་ཐང་དུ་འཁྱིལ་བ་དང་།  ཕྱུ་གུའི་མགོ་ནི་མཆའ་རུ་བརྟོལ་ཤུལ་གྱི་གོར་གོར་གཉིས་འཁྱིལ་བ་བདག་མོའི་བཞོ་མཆར་གྱི་དབྱིབས་ལྟར་ཡོད། ངས་སེམས་ལྷོད་ལ་ཕབ་ནས་རང་གི་འདོགས་སར་དལ་ཅིག་ངལ་གསོ་ཞིག་བྱེད་འདོད་མོད། ད་ལྟའི་ང་ནི་སྔོན་ཆད་རང་གི་ལུས་ཀྱི་སྤུ་མདག་གཅིག་རླུང་གིས་བསྐྱོད་པ་ལས་ཀྱང་ཡང་ཟོར་ཅན་ཞིག་ཏུ་གྱུར་འདུག་པས་སྡོད་སྙམ་སར་སྡོད་ཡེ་ནས་མི་ཚུགས།  ང་ཡང་བསྐྱར་སྐད་ཅིག་ཉིད་དུ་མདང་ནུབ་རྐུན་པོ་ཚོས་རང་གི་དབུགས་དགག་སྟེ་འཇིགས་སྐྲག་བརྗོད་ལས་འདས་པ་མྱངས་སར་སླེབས། ང་ས་དེའི་ཐག་ཉེ་མ་རིང་ཙམ་ལ་སླེབས་དུས་རང་གི་ཁྲག་གིས་ས་གཞི་སྦགས་པའི་དྲི་ངན་ཞིག་སྣ་ལ་འཚང་འོང་བ་ནི་ད་ཅིའི་སྦྲ་ལས་ལྕི་བ་སྲེག་པའི་དྲི་ལས་ཀྱང་ཐུ་བར་འདུག་པས་ཡང་ཉེ་སར་བཏུད་ཕོད་པར་མི་འདུག ང་ལ་ག་བྱེད་འདི་བྱེད་མེད་སྒང་དེར་གང་ནས་ཐོན་པ་མ་ཤེས་པའི་འཁྱིལ་རླུང་འཚུབ་མ་ཞིག་གིས་ལོ་ངོ་འགའི་སྔོན་གྱི་དབྱར་གཞུང་དེར་བསྐྱལ།
          ཞོགས་པ་དེར་བདག་མོས་ངག་ནས་ཁེར་བཤད་དམ་ཁ་ཏོན་གང་ཡིན་མི་ཤེས་པ་ཞིག་ཟློ་བཞིན་སླེ་བོའི་ནང་དུ་ལྕི་བ་སྒྲུག་གིན་ཡོད། མོས་ནོར་ལྷས་ཀྱི་ཕྱོགས་གཅིག་ནས་རྡང་རེ་རེ་བཞིན་ལྕི་བ་བཏུས་ཏེ་ང་ཡོད་སར་ཐོན། མདང་ནུབ་མཚན་གུང་ཙམ་དུ་ངའི་བེའུ་འཛི་ཐོ་ཕྱུ་གུ་ལས་ཤོར་ཏེ་ངའི་ཟུར་དུ་བརྒྱུགས་འོང་ནས་ནུ་མ་རྒྱགས་ཚད་ཅིག་ནུས་ཤིང་། ཟླ་བ་ཁ་ཤས་རིང་བསྐྱལ་མ་མྱོང་བའི་མ་བུ་གཉིས་མཉམ་ཉལ་གྱི་མཚན་ཕྱེད་དེ་བསྐྱལ་བ་ཡིན། བདག་མོས་ངའི་བེའུ་ཤོར་ཡོད་པ་མཐོང་བས་གློ་བུར་དུ་ཁོང་ཁྲོ་ལངས་ཏེ་ངའི་སྒལ་བར་ལྕི་བས་སྦགས་པའི་ཁུ་ཚུར་གྱིས་ཤེད་ཀྱིས་གཅིག་གཞུས་ཚེ། རྡེག་ཚོད་མ་ཐུག་པར་ངའི་སྒལ་རུས་ཀྱིས་མོའི་ལག་པར་ན་ཟུག་ཆེན་པོ་བཏང་། “ཨ་ན་ན། ཁ་ཡར་ཐར་མེད་རྒྱུ་མ་འདི”ཞེས་དམོད་མོ་བྱེད་ཞོར་དུ་ལྷག་པར་ཁོང་ཁྲོ་ལངས་ནས་གྱོན་པའི་ཐུ་བ་ཡར་བརྫེས་ཏེ་ཤུགས་ཆེན་པོས་ངའི་ཕོ་བའི་སྟེང་ལ་རྡོག་ཐོས་གཅིག་གཞུས་པ་དང་བསྟུན་རྐང་པ་ཡ་གཅིག་ངས་བཏང་བའི་ལྕི་བའི་སྟེང་དུ་ཁེལ་བས་རྐང་འདྲེད་ཤོར་ཏེ་ལྕི་བའི་ལྟེམ་མེར་གང་བའི་སླེ་བོ་དང་མཉམ་དུ་ཐང་ལ་བརྡབས། “ཨ་ན་ན།  ཨ་ན་ན། ཚེ་སྲོག་ཉི་མ་དང་མཉམ་དུ་འགྲོ་རྒྱུ་མ་འདིས། ཨ་ཡོ་ཡོ། ཨ་ན་ན……” ཞེས་ན་ཟུག་མ་བཟོད་པར་རྩིབ་མ་འཕུར་གྱིན་ས་ལ་འདྲེ་རྡོག་བརྒྱབ། མོས་སྐད་བཀྱགས་ནས་ཁྱིམ་ནང་དུ་འབོད་རྩིས་བྱས་པ་ན་རྩིབ་མའི་ན་ཟུག་དེ་བས་དྲག་ཏུ་འགྲོ་བཞིན་འདུག་པས་འབོད་མ་ཐུབ།  ང་སྐྲག་སྟེ་མོ་ལ་སེམས་ཀྱིས་བཟོད་གསོལ་ཡང་ཡང་ཞུས། མོ་ཕལ་ཆེར་ཆུ་ཚོད་ཕྱེད་ཙམ་ལ་ངའི་ཟུར་དུ་སླེ་བོའི་ནང་གི་ལྕི་བ་ཕོས་པའི་ནང་དུ་སྦགས་ཏེ་ལུས།  མོ་དུས་ལྟར་ཁྱིམ་དུ་ནང་ཇ་འཐུང་བར་མ་སླེབས་པས་ཡིན་ནམ། མཚམས་ཤིག་ནས་བདག་པོ་སྒོར་བུད་ནས། “མཆོག་སྐྱིད། མཆོག་སྐྱིད།……” ཅེས་ཡང་ཡང་བོས་ནའང་མོས་སྐད་བཀྱགས་ནས་ཡ་ལན་སྤྲོད་མི་ཐུབ་པས། ལག་པས་རབ་རབ་ཀྱིས་བརྡ་བྱས།  ཡིན་ནའང་མོ་ནོར་ལྷས་ཀྱི་དཀྱིལ་དུ་འགྱེལ་ཡོད་པས་བདག་པོས་ག་ལ་མཐོང་། ངས་ངུར་ཤད་ཀྱིས་འདིར་ཡོད་པའི་བརྡ་བཏང་ནའང་།  སྐབས་དེར་བདག་མོས་འབྲི་མོ་བཞོ་ཚད་དུ་སླེབས་པས། བེའུ་རྡང་གི་བེའུ་ཚོས་རང་རང་གི་ཨ་མའི་ཕྱོགས་སུ་འཐེན་ནས་ངུར་སྒྲ་སྒྲོག་པ་དང་།  ཨ་མ་དག་གིས་ཀྱང་རང་གི་བུ་ཕྲུག་ལ་ལྒང་བུ་ལྟར་འབུར་ཞིང་ཆེན་པོར་ཆགས་པའི་ནུ་མ་བསྣུན་འདོད་ཀྱིས་ངུར་སྒྲ་ཡང་ཡང་སྒྲོག་གིན་འདུག་པ་སོགས་ཀྱིས་བདག་པོས་ངའི་སྐད་དེ་ཁོ་ལ་འབོད་བརྡ་ཡིན་པ་རྟོགས་མ་སོང་ལ་ཐོས་ཀྱང་མ་སོང་།
          བདག་མོས་ཡ་ལན་སྤྲོད་རྒྱུ་མེད་པ་དང་མཐོང་རྒྱུའང་མ་ཡོད་པ་ན།  བདག་པོ་དེ་ལས་ཀྱང་ཡ་མཚན་སྐྱེས་པའམ་འུར་ལངས་ནས་ཡང་བསྐྱར“མཆོག་སྐྱིད། མཆོག་སྐྱིད།”ཅེས་འབོད་ཞོར་ནོར་ལྷས་སུ་བརྒྱུགས་འོང་།  ཁོ་རང་རྡང་ཁ་ཤས་བརྒལ་རྗེས་ད་གཟོད་ངའི་ཟུར་དུ་འགྱེལ་ནས་སྨྲེ་སྔགས་ཤབ་ཤུབ་འདོན་གྱིན་པའི་བཟའ་ཟླ་མཐོང་། ཁོ་མྱུར་བར་བརྒྱུགས་འོང་ནས་མོ་རང་སྐྱོར་གྱིན“ག་རེ་བྱས་སོང་།  ག་རེ་བྱས་སོང་། འབྲི་མོས་བརྡུང་བ་མིན་ནམ། འཕྲ་ཡིས་བརྒྱབ་པ་མིན་ནམ།”ཞེས་བསྟུད་མར་དྲིས། མོས་སྐད་ཤུགས་ཆུང་ངུས།“ཁ་ཡར་ཐར་མེད་རྒྱུ་མའི་གྲིབ་མ་ཁ་བཤགས་ཀྱིས།”ཞེས་ཟེར་བཞིན་ངའི་ཕྱོགས་སུ་མཛུབ་མོ་བཙུགས།  “གྲིབ་མ་ཁ་བཤགས”ཞེས་པས་ངས་རྡུང་བ་དང་འཕྲ་ཡིས་བརྒྱབ་པ་སོགས་མིན་པ་མཚོན་པས་བདག་པོས“རོག་ཕྲ་མས་ག་རེ་བྱས་སོང་།”ཞེས་ནན་གྱིས་དྲིས་པ་ན་མོས་ངོ་གཉེར་གྱིན་ན་ཟུག་ལ་བཟོད་བསྲན་བྱས་ཏེ། གནས་ཚུལ་དག་སྐད་ཤུགས་ཆུང་ངུས་སྨྲས།  བདག་པོ་ད་གཟོད་སེམས་ལྷོད་ལ་ཅུང་བབས་ནས“བེའུ་ཤོར་ནས་འོ་མ་ནུས་པར་འབྲི་མོར་འཛིང་རྒྱུ་ཡོད་པ་མ་རེད།”ཟེར་བཞིན་བདག་མོ་ཁུར་མ་སྐྱོར་གྱིས་ཁྱིམ་དུ་ཁྲིད་སོང་། ཉིན་དེར་ངའི་སྙིང་དང་འདྲ་བའི་རང་གི་བུ་ཕྲུག་གིས་རང་གི་ཨ་མའི་ནུ་མ་ཐེངས་གཅིག་ནུས་པས་བདག་མོ་ཁྲོས། མོ་ཁྲོས་ཏེ་ང་ལ་རྡུང་སྐབས་སྟབས་མ་ལེགས་པར་ཐང་དུ་བརྡབས་པ་དེས་རྩིབ་མའི་རུས་པ་ཞིག་ལ་སེར་ཁ་བཏང་། དུས་དེ་ནས་བཟུང་མོས་ཞོགས་པ་དང་དགུང་མོར་ངའི་ནུ་མ་བཞོ་ཐེངས་རེ་རེར་མཚམས་དང་མཚམས་སུ“བཤན་པ་གྲི་ཐོགས་ཀྱི་ལག་ལ་འཇོག་རྒྱུ་མ།  ངོ་མི་རིག་རྒྱུ་མ།”ཞེས་དམོད་མོ་བྱེད་འོང་། རྣ་ལ་ཟུག་པའི་མོའི་དམོད་མོ་དག་ནི་མཐུ་ཆེན་གྱི་ངན་སྔགས་ཤིག་ལྟར་ལོ་འགའ་འགོར་རྗེས་ལན་སྐྱོན་ཅི་ཡང་མེད་པའི་ང་རང་ལ་ཕོག་སྟེ་དངོས་སུ་བཤན་པ་གྲི་ཐོགས་ཀྱིས་རང་གི་སྙིང་ལ་གྲི་གཙེས་ཏེ་བཟོད་དུ་མེད་པའི་ན་ཟུག་གི་གདུང་བ་དྲག་པོར་བཏང་སོང་།
3
          ད་ལྟ་ངའི་ལྕེ་དང་ཡ་རྐན་བརྡབས་པ་དེ་ཤིན་ཏུ་མཉེན།  ཤིན་ཏུ་མཉེན་པས་ངས་མི་སྐད་འདོན་ཤེས་སྙམ། མི་སྐད་འདོན་ཤེས་པས་ངས་རང་ཉིད་ལ་འཕྲད་པའི་ཡ་ང་བའི་དོན་དངོས་དེ་བདག་པོ་ཚང་ལ་འཆད་འདོད།  དུད་འགྲོ་བཀོལ་ཤེས་པ་ཙམ་ལས་གཞན་གང་ཡང་མི་ཤེས་པའི་མི་ལ་འཇིག་རྟེན་གྱི་གསང་བ་སྣ་ཚོགས་ཤིག་ངོ་སྤྲོད་བྱེད་འདོད།  ས་སྟེང་འདིར་ང་མིན་སུ་ཡིན་སྙམ་པའི་ང་རྒྱལ་ཆེ་བའི་མི་ཚོར་བླུན་རྨོངས་ཡིན་པའི་གནས་ལུགས་ཤིག་ར་སྤྲོད་བྱེད་འདོད། ཡང་ན་ས་སྟེང་གི་སྐྱེ་དངོས་དང་སྲོག་ཆགས་ཡོད་ཚད་ཁོ་ཚོས་བདག་བཟུང་དང་ཁ་ཟས་རྒྱབ་གྱོན་དུ་ཆོག་སྙམ་གྱི་འདོད་ཧམ་དེར་གོ་བརྡ་ནན་མོ་ཞིག་སྤྲོད་སྙིང་འདོད།
          ཁ་ལྕེ་མཉེན་མོ་འདི་སྔོན་ཆད་མི་ཁོ་ནར་དབང་བས་ཁོ་ཚོས་འཇིག་རྟེན་འདི་དབང་བསྒྱུར་བར་དབྱར་གཞུང་གི་ཞོགས་པའི་ཅོ་ཀ་བཞིན་སྐད་སྒྲ་སྣ་ཚོགས་ཤིག་བསྒྲགས་ནས་ང་དང་ང་ལྟ་བུའི་སྲོག་ཆགས་དག་རྨོངས་པར་བྱས་པ་གྲངས་ཀྱིས་ག་ལ་ཟིན།  ང་བདག་པོ་ཚང་གི་སྦྲ་ཁྱིམ་གྱི་སྒོ་རུ་གཟས་ཏེ་སོང་།  ཁྱིམ་ནང་དུ་སྔར་བཞིན་མེ་ལྕེ་དམར་ལྷབ་ལྷབ་ཏུ་འབར་བཞིན་ཡོད་ཅིང་། ང་ཚོས་ཐུར་ལ་བཏང་བའི་མི་གཙང་བ་སྲེག་པའི་དྲི་བཙན་པོ་དེས་སྦྲ་ཁྱིམ་ཡོངས་སུ་བཟུང་ཡོད་པས་ང་སྒོ་ནང་དུ་འཛུལ་མ་ནུས།
          སྦྲ་ཁྱིམ་གཞན་ཞིག་ཏུ་མེ་ལྕེ་དང་དུ་བའི་ཁྲོད་དུ་སྒྱེད་པུ་རྩེ་གསུམ་དུ་བསྐྱོན་པའི་སླ་ང་དྲེག་པ་ཅན་དེའི་ནང་དུ་ངའི་མགོ་རུས་ལྷོག་ལྷོག་གིས་གདུ་བཞིན་ཡོད། བཟའ་མི་ཚོ་སྒྱེད་པུའི་གཡས་གཡོན་དུ་བསྡད་དེ་མཆིལ་མ་ལྐོག་ལྐོག་ཏུ་མིད་ཞོར་གྲི་བདར་ཏེ་ཟ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་འདུག ཁོ་ཚོས་མི་རིང་བར་ངའི་རེངས་ཤིང་མཉེན་ཆ་མེད་པའི་ལྕེ་དང་འགྲམ་རུས་ཀྱི་ངོས་སུ་སྟུག་པོར་ཆགས་པའི་ཤ་དག་ཁ་ལ་ཞགས་འཁྱིལ་བཞིན་བཟའ་འགྲོ་ལ། རུས་པ་དཀར་སེང་ངེར་ཕུད་རྗེས་སྒོ་ཁྱི་དག་གི་སྔོན་དུ་དཀར་ཐར་རེར་འཕེན་འགྲོ་ངེས། སྒོ་ཁྱི་རྫིག་པོ་དག་གིས་སྐག་སྐག་གི་སྒྲ་དང་བཅས་ངའི་མགོ་རུས་དག་འཆའ་ངེས། ཁོ་ཚོར་ངའི་མགོ་རུས་ཀྱིས་ལུས་སྟོབས་གསོས་ནས་རི་ལུང་ཆོད་པའི་ཟུག་སྐད་ཀྱིས་སྲོག་ཆགས་མང་པོ་ཞིག་གི་སྙིང་རྩ་ལྷེམ་ལྷེམ་འདར་བར་བྱེད་ངེས། ཁོ་ཚོས་ཡང་ངའི་རུས་པའི་ཆ་ཤས་རེ་ཟུང་ཁྱི་སྐྱག་ཏུ་བསྒྱུར་ནས་འོག་སྒོ་ལས་ཐུར་དུ་གཏོང་ངེས།  ཐུར་ལ་བཏང་བའི་ངའི་རུས་པ་ཅན་གྱི་ཁྱི་སྐྱག་ས་རུ་འཐིམ་ཞིང་།  སང་ལོའི་དབྱར་ཁར་དྲི་ཞིམ་འཐུལ་བའི་ཁྱི་སྐྱག་མེ་ཏོག་འགའ་སྐྱེས་ཏེ་སྦྲང་ཆུང་དག་ཟུར་ཟུར་གྱི་དབྱངས་དང་བཅས་མགྲོན་དུ་འབོད་ངེས།  སྐབས་དེ་དུས་ངས་སྦྲང་ཆུང་དག་འཕུར་བའི་གཤོག་སྒྲ་དེ་མིག་ཆུའི་ཕྲེང་ཐག་ཆད་པའི་སྐྱོ་དབྱངས་སུ་ཉར་ནས་ས་ཆེན་མོའི་ལྟོ་བར་ཤ་རུས་ཁྲག་གསུམ་བསྟིམ་གྱིན་པའི་སྲོག་ལྡན་དག་ལ་ཚེ་སྲོག་ནི་ཟློས་གར་ཐེངས་གཅིག་བསྒྱུར་བ་ཙམ་ལས་མེད་པའི་གདུང་བ་གྱེར་ངེས། “འབྲི་མོ་རོག་ཕྲ་མ་ད་དུང་ནོར་ཁྱུའི་གྲས་སུ་འོང་མི་འདུག” བདག་པོ་ཚང་གིས་ངའི་མིང་ནས་བོས་པས་ང་གློ་བུར་དུ་གནམ་ནས་ལྷུང་བ་བཞིན་གང་ཞིག་ནས་ཁོ་ཚོའི་ཁ་བརྡ་བྱེད་སར་སླེབས། “མོ་གློ་བུར་དུ་ཁབ་ཆག་ས་འོག་ཏུ་དེད་པ་ལྟར་བྱས་སོང་བ་འདི་དངོས་གནས་ཡ་མཚན་པོ་འདུག”  “དེར་ཡ་མཚན་རྒྱུ་ཅི་ཡོད།  ཁྱིམ་མཚེས་རྐུན་མ་ཁྱིས་མི་ཁོག བཟའ་ཚང་རྐུན་མ་མིས་མི་ཁོག་ཟེར་བ་རེད།” “ཁོ་ཚོ་ནི་ངེད་ཚང་གི་གནའ་ནས་ད་བར་གྱི་བཟང་ས་རྒྱན་ས་ཡིན་པས་དེ་འདྲ་ཨེ་སྲིད་དམ།”  “དེ་མིན་ན་འབྲི་མོ་གནམ་ལ་འཕུར་སོང་ཟེར་རམ་ས་ལ་འཛུལ་སོང་ཟེར།” ཞེས་བཟའ་ཟླ་གཉིས་ཀྱིས་ནོར་ལྷས་ནས་ནོར་དག་འཕུད་ཞོར་ང་བོར་བའི་སེམས་ཁུར་དང་།  སེམས་ལ་ཁྱིམ་མཚེས་དག་ལས་གཅིག་གིས་བརྐུས་ནས་བསད་པའམ་བཙོངས་པར་སྙམ་གྱིན་ཡོད་པ་དང་།  ཡང་དེ་འདྲ་མི་སྲིད་སྙམ་ནས་ཡིད་གཉིས་ཐེ་ཚོམ་གྱི་ངང་དུ་ལུས་པ་སོགས་མུན་ནག་ནང་གི་ལག་སྙོབ་ཅེས་པའི་དཔེ་ལྟར་བྱེད་ཀྱིན་འདུག  ངས་ཁྱིམ་མཚེས་ཚོར་ཉེས་མེད་ལ་ཉེས་མིང་འདོགས་ཡེ་ནས་མི་རུང་ཞེས་བདག་པོ་བཟའ་ཟླ་གཉིས་ལ་གོ་བརྡ་གསལ་པོ་ཞིག་སྤྲོད་འདོད་དེ།  ཞུམ་ཞུམ་གུས་གུས་ཀྱིས་ཉེ་བར་བཏུད་ནས་“བདག་གི་སྙིང་ཉེ་བའི་བཟའ་མི་གཉིས་ལགས”ཞེས་སྐད་ཆའི་མགོ་འཛུགས་སྙམ་པའི་དུས།  ངའི་མགྲིན་པར་ངག་གི་སྒོ་མོ་ཡེ་མི་འདུག ངའི་ཡ་རྐན་གནམ་སྔོན་པོ་དང་། མ་མཆུ་ས་ལྗང་ཁུ་ཡིན་པའི་དབང་དུ་བཏང་ན་ལྕེ་ནི་བར་སྣང་སྟོང་པ་ཡིན་པས་དེ་རུ་ལྕེ་རྐན་རེག་པའི་སྒྲ་ཞིག་འབྱུང་རྒྱུ་མི་འདུག
          ང་རང་ཉིད་ཀྱི་སྟེང་དུ་ཁོང་ཁྲོ་དྲག་ཏུ་ལངས་ཤིང་མགོ་བོ་ས་ལ་བརྡབས་ནས་དོན་དམ་པར་རང་ཉིད་ཀྱི་མགོ་བོར་ཡ་མཆུ་དང་མ་མཆུ།  ལྕེ་སོགས་ཡོད་དམ། གལ་ཏེ་ཡོད་ན་ངས་འདི་དག་ད་ལྟ་ཉིད་ནས་ས་ཆེན་གྱི་ཕང་བར་གཏོར་བར་བྱ།  འདི་དག་གིས་ངའི་འདོད་པའི་ལས་ཏོག་ཙམ་ཡང་བསྒྲུབ་མི་ནུས་པར་འདུག འདི་དག་ཡོད་པས་ཡོད་གོ་མི་ཆོད་ལ་མེད་པས་མེད་གོ་མི་ཆོད། འདི་ཚོས་ང་ལ་སྐད་ཆ་ཏོག་ཙམ་འཆད་པའི་རོགས་ཀྱང་མི་བྱེད་ན་འདི་ཚོའི་དགོས་པ་ཅི།  ངའི་སེམས་ལ་དེ་ལྟར་ཁོང་ཁྲོ་ཞིག་སྐྱེས་པ་ན་གློ་བུར་དུ་འཇིག་རྟེན་འདི་མུན་པས་གཡོགས་ཤིང་།  ཕྱོགས་བཞི་ནས་རླུང་ཆེན་ལྡང་།  ཐོས་མ་མྱོང་བའི་སྐད་སྒྲ་འཇིགས་སུ་རུང་བས་གནམ་ས་འགེངས། ང་ནི་བ་སྤུ་རླུང་གིས་བཏེགས་པ་ལྟར་གནམ་ལ་བཀྱགས་ཤིང་ས་ལ་བརྡབས། ངའི་ལུས་པོ་ཧ་ཅང་ཡང་བས་གནམ་དུ་འདེགས་སླ་ལ། ས་ལ་བརྡབ་ཀྱང་སླ། ལུས་པོ་ཧ་ཅང་ཡང་བའི་དྲིན་གྱིས་ས་ལ་ཇི་ལྟར་བརྡབས་ནའང་རྐང་ཆག་ལག་ཆག་དང་མགོ་བོ་བསྣད་པ་ལྟ་བུ་མི་བྱེད་པ་འདི་རང་གི་བསོད་ནམས་སུ་བསྒོམ་ཆོག  དངངས་སྐྲག་དེ་ལ་ཉིན་མཚན་དང་སྔ་ཕྱིར་ཞེས་པ་ཞིག་ཡེ་ནས་མི་འདུག་ལ། ཐོག་མ་དང་ཐ་མ་ཞེས་པའང་ཡོད་ཚོད་མ་རེད། མུན་ནག་དེ་ནི་ཤིན་ཏུ་ཡ་ང་བ་ཞིག་རེད།
          གནམ་བཏེགས་སར་ལྷུང་གི་འཇིགས་སྐྲག་ཡ་ང་བ་དེ་ནི་སྔར་གྱི་ཉིན་མཚན་སྟོང་ལས་ཀྱང་རིང་། ཡིན་ནའང་འཇིགས་སྐྲག་གི་དུས་ཚོད་རིང་པོ་དེ་ལས་ཐར་ཐུབ་པ་ན་ངེད་ཚང་ནི་སྔར་བཞིན་དབྱར་ས་དེ་ན་འདུག  དབྱར་ཁའི་ཞོགས་པའི་ཉི་གཞོན་དེས་ངའི་གཉེན་ཉེ་ནོར་གནག་དག་གི་སྤུ་མདངས་ལ་འོད་ཀྲིག་ཀྲིག་གི་ཟེར་མ་སྟེར་བར་བྱེད།  ཁོ་ཚོས་ཧ་ཅང་སོས་དལ་ངང་ཞོགས་པའི་ཉི་གཞོན་གྱི་འོད་མདངས་གཞིབ་ཅིང་། ཅོ་ཀའི་དྲུག་འགྱུར་ལ་རྣ་བ་བླགས་ནས་སྤང་ཐང་ན་བརྟན་ཅིག་གེར་ཡོད་པའི་སྦྲ་ནག་དག་བཞིན་གཡོ་མེད་དུ་བསྡད་འདུག ངའི་འདོགས་ས་ནི་ཁ་སྔོན་ལྟར་སྟོང་ལྷང་ངེར་ཡོད་ཅིང་། ད་ལྟ་ཕྱུ་གུའི་སྣེ་མོའི་མཆར་ལུང་གི་ཚུགས་ཀ་འགྱུར་ནས་རེངས་པོར་གྱུར་འདུག་ལ།  ང་ལྟར་བདག་པོ་མེད་པའི་སུན་སྣང་ཞིག་སྐྱེ་བཞིན་ལོས་ཡོད་ཨང་སྙམ་པ་ཞིག་ཏུ་གདའ། ང་འདོགས་སའི་གཡས་གཡོན་གཉིས་ཀྱི་འབྲི་མོ་རྒྱ་རིས་མ་དང་། འཛི་ར་མ་གཉིས་ཀྱིས་བདག་པོ་བཟའ་ཟླ་གཉིས་ལྟར་ང་གར་སོང་ལ་སེམས་ཁུར་བྱེད་ཀྱིན་པ་འདྲ།  མཚན་མོ་དེར་ཁོ་གཉིས་ཀྱིས་ང་མི་འགས་བཙན་ཁྲིད་བྱས་པ་གསལ་པོར་མཐོང་སོང་ནའང་། དུས་དེ་ནས་ཕྱིར་འོང་མེད་པ་ག་ལ་རྟོགས།  དོན་ངོ་མར་ཁོ་མོ་གཉིས་དང་ང་ཚོའི་ལས་དབང་ཕལ་ཆེར་འདྲ་མཚུངས་ཡིན་ཏེ། ངེད་ཅག་གིས་སོ་སོར་གཞེས་ནིང་ལོར་བེའུ་སྙིང་ལ་རྗེ་བོ་རེ་རེ་བཙས་མོད། ད་ལོ་ང་དང་འཛི་ར་མ་གཉིས་ཀྱིས་བེའུ་བཙའ་མ་རན་གོང་ནས་མངལ་ཤོར་བ་དང་། འབྲི་མོ་རྒྱ་རིས་མར་ན་ནིང་སྟོན་ཁར་ཁྱུ་གཡག་ཁ་ཤས་ཀྱིས་རུབ་རུབ་ཀྱིས་འཕོངས་སྟེང་དུ་ཡང་ཡང་མཆོངས་པས་མངལ་ལ་བསྣད་ཐེབས་པའམ་དོན་གང་ཞིག་གིས་མངལ་འཁོར་མ་ཐུབ།  དེ་བས་བདག་པོ་ཚང་གིས་ངེད་ཅག་ལ་འབྲི་སྐམ་ཞེས་མིང་ལྷག་མ་ཞིག་བཏགས་ཤིང་། དབྱར་སར་སླེབས་ཚེ་འབྲི་སྐམ་དག་རྡང་གཅིག་ཏུ་བཏགས། འབྲི་སྐམ་དུ་སྡོད་ཐེངས་མང་ན་ལས་ཡག་པོ་ཞིག་ཡེ་ནས་མེད་དེ། བདག་པོ་ཚང་གིས་དགུན་ཁའི་བཤའ་ཟོག་གམ། ཡང་ན་སྟོན་ཁར་ཚོང་པའི་ལག་ཏུ་སྤྲོད་རྒྱུའི་གྲས་སུ་འཁེལ་ཉེན་ཧ་ཅང་ཆེ། དེའི་ཕྱིར་ང་ཚོར་དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས་སྲོག་དམར་པོ་དེ་བཤན་པ་སུ་ཞིག་གི་ལག་ཏུ་འཇོག་དགོས་པ་འདྲ་མཉམ་ཡིན། འོན་ཏེ་ངས་སྔོན་ཆད་ང་ཚོའི་ལས་དབང་དེ་འདྲ་ཞིག་ཡིན་པ་གསལ་པོ་ཞིག་ཡེ་ནས་མ་ཤེས། ད་ལྟ་ངས་དོན་དག་དེ་དག་མིག་སྔུན་གྱི་ཅ་ལག་ལྟར་ཤིན་ཏུ་གསལ་པོར་རྟོགས། གཅིག་བྱས་ན་དེ་ལྟར་རྟོགས་པ་དེ་མི་ལྟ་བུའི་རིག་པ་གསལ་པོོར་གྱུར་པས་དགའ་འོས་པ་ཞིག་ཡིན་མོད།  གཅིག་བྱས་ན་སོ་སོའི་མགོ་ཐོག་ཏུ་ཡོང་རྒྱུའི་འབྱུང་འགྱུར་གྱི་ཡ་ང་བའི་དོན་དག་དེ་ཚོ་མ་རྟོགས་ན་ལས་གང་ཞིག་མགོ་ཐོག་ཏུ་མ་ཡོང་སྔོན་གྱི་སྐྲག་སྣང་དང་སེམས་ཁུར་དེ་རིགས་མེད་པས་མ་ཤེས་ན་བཟང་བའང་འདྲ།
4
          རི་མཐོན་པོའི་ཕར་རྒྱབ་ཀྱི་རྐུན་མ་དེ་ཚོས་ངའི་ལུས་ཀྱི་ཕྱི་ནང་ཐམས་ཅད་ཆ་ཤས་དང་མང་པོར་བགོས་ཏེ་རང་རང་གི་ཁྱིམ་དུ་ཁྱེར་ནས་ཤ་བཙོས་ཤིང་ཁུ་བ་འཐུང་།  རུས་པ་ཁྱི་ལ་འཕངས། ཀོ་བ་ཁ་ཆེ་བ་ལ་བཙོངས་ཟིན་ནའང་། ངེད་ཚང་གི་ཁྱིམ་བདག་བཟའ་མི་གཉིས་ཀྱིས་ད་དུང་ང་མཚམས་རེར་ཕྱིར་ནོར་ཁྱུ་རུ་སླེབས་མིན་ལ་སྒུག་པ་དང་། མཚམས་རེར་ཁྱིམ་མཚེས་ཚོ་ལ་སེམས་ངན་ནས་བློ་གྲོས་ཚང་གི་བུ་རྐྱལ་སྟོང་གིས་མཚན་ལ་རྫོང་ཐོག་ཏུ་ཕྱིན་ནས་བཙོངས་པ་ཡིན་ནམ། རིག་བཟང་ཚང་གིས་ནང་རྐུན་ཙག་ཙིག་བྱེད་སྲོལ་ཡོད་ཟེར་བས་མཚན་མོར་བརྐུས་ཏེ་བཤས་པ་ཡིན་ནམ། མཚན་མོ་རེ་རེར་ངེད་ཚང་གི་འབྲི་མོ་རོག་ཕྲ་མའི་ཤ་ཁ་རླངས་ཀོར་ཀོར་གྱིས་བཙོས་ནས་ཟ་བཞིན་ཡོད་དམ།  ཡང་ན་འབྲི་མོ་རོག་ཕྲ་མ་འདྲེས་ཁྲིད་དེ་ས་གཞན་ཞིག་ཏུ་འཁྱམས་ཤིང་། མཐར་སྤྱང་དམག་གི་ཁ་ལ་ཤོར་ནས་ཤ་ཚལ་བ་དང་ཁྲག་ཐིགས་པ་བྱས་ཟིན་པ་ཡིན་ནམ་སོགས་རྣམ་རྟོག་མི་འཆར་དགུ་འཆར་གྱི་ཁྲོད་ན་སེམས་ངལ་ཆེན་པོ་ཞིག་ཁུར་ནས་སྡོད་ཀྱིན་ཡོད།  ངས་ཁོ་གཉིས་ལ་དེ་ཡིན་འདི་མིན་གྱི་དོན་དངོས་དེ་མེ་ལོང་དུ་གཟུགས་བརྙན་སྟོན་པ་བཞིན་གསལ་ཐག་ཆོད་པོ་ཞིག་འཆད་སྙམ་མོད།  ངའི་སྐད་ཆ་དག་ནི་དོང་རིམ་པ་དགུའི་འོག་ནས་གྲགས་པ་ལྟར་ཁོ་གཉིས་ལ་ཚོར་བ་གང་ཡང་མི་འདུག  ཡང་ན་ཁོ་གཉིས་ཀྱི་རྣ་བ་ལ་ལྕགས་ཀྱི་ལྷན་པོ་དགུ་བརྩེགས་ཤིག་བརྒྱབ་པ་ལྟར་ཐོས་ཚོར་ཟེར་བ་ཞིག་ཡེ་ནས་མེད་པ་ལྟར་ངའི་སྐད་ཆ་ལ་སྣང་བ་ཙམ་ཡང་མི་གཏོང་། དེ་བས་ང་ཉིན་མོར་ཕྱོགས་གཅིག་ནས་རང་གི་ནོར་ཁྱུའི་གྲས་སུ་འགྲོ་བ་དང་། ཕྱོགས་གཅིག་ནས་ཁྱིམ་བདག་བཟའ་ཟླ་གཉིས་གར་འགྲོ་གར་འདུག་གི་ཟུར་དུ་སོང་ནས་རང་ཉིད་ཀྱི་གནས་ཚུལ་འཆད་སྙམ་གྱི་འདུན་པ་བསྲིངས།  མཚན་མོར་ཕྱོགས་གཅིག་ནས་རང་གི་འདོགས་སར་སོང་ནས་ཕྱུ་གུ་ལྷག་མ་དེ་བསྲུངས་པ་དང་།  ཕྱོགས་གཅིག་ནས་ཁྱིམ་ནང་དུ་མེ་མེད་ཅིང་དུ་བ་ཆད་རྗེས་ཁྱིམ་བདག་བཟའ་ཟླ་གཉིས་ཀྱི་མལ་སའི་ཟུར་དུ་སོང་ནས་ཁོ་གཉིས་མ་གཉིད་སྔོན་གྱི་སྐྱིད་སྡུག་འདྲེས་མའི་འཁོར་བའི་སྐད་ཆར་ཉན་ཞིང་། གཉིད་རྗེས་བག་ཆགས་ཀྱིས་བསྒུལ་བའི་སེམས་འདུན་གྱི་རྨི་ལམ་བསྲུངས།
          མཚན་མོ་དེར་ངའི་བདག་པོ་བཟའ་ཟླ་གཉིས་ཀྱིས་རྨི་ལམ་འདྲ་མཚུངས་ཤིག་རྨིས།  ང་རང་སྟེ་འབྲི་མོ་རོག་ཕྲ་མས་ཕ་རིའི་རི་སྐེད་ནས་ངུར་སྒྲ་ཡང་ཡང་སྒྲོག་བཞིན་རང་གི་ནོར་ཁྱུ་དང་སྦྲ་ནག་གི་ཕྱོགས་སུ་ཤར་རེར་འོང་གིན་འདུག་ལ། མོའི་རྗེས་སུ་བེའུ་གྭ་གྭ་སྙིང་ལ་རྗེ་བོ། འབྲོང་གཡག་ལྟར་རྫིག་པའི་ཁོ་ཚང་གི་ཁྱུ་གཡག་གྭ་རའི་རྒྱུད་པ་དངོས་དང་འདྲ་བ་ཞིག་ཁྲིད། རི་སྐེད་ནས་རི་འདབས་སུ་སླེབས། ཐང་ཆུང་བཅད་ནས་ཆུ་ཆེན་བརྒལ། བཟའ་ཟླ་གཉིས་ཤི་གསོན་འཕྲད་པ་ལྟར་དགའ་བ་འབུམ་གྱིས་མྱོས་ནས་གོས་ཀྱི་ཐུ་བ་ལག་ཏུ་བཟུང་སྟེ་ངེད་མ་བུ་གཉིས་བསུ་བར་བརྒྱུགས། ཁོ་གཉིས་ཀྱིས་ང་དང་བེའུའི་མགོ་ལ་བྱིལ་བྱིལ་བཏང་ནས་མིག་ཆུ་ནི་ད་ཅི་ངེད་གཉིས་ཆུ་ལ་བརྒལ་རྗེས་རྩིད་པ་ལས་ཆུ་ཟགས་པ་ལྟར་ཤར་ཤུར་བཞུར་ཏེ་གྱོན་པའི་གོང་བ་བརླན།  ཁོ་གཉིས་ཀྱིས་མགྲིན་གཅིག་ཏུ“འབྲི་མོ་རོག་ཕྲ་མ་མ་བུ་འདི་གཉིས་དེ་རིང་ནས་བཟུང་ཚེ་ཐར་ལ་གཏོང་རྒྱུ་ཡིན”ཞེས་སྙིང་རྗེའི་ཉམས་ཀྱིས་ཕྱུག་པའི་སྐད་ཆ་དྲོན་མོ་དེ་ངའི་རྣ་བར་ལྷུང་མ་ཐག་ཏུ་ང་རང་ལྷག་པར་དགའ་ནས།  མིག་ཟུང་ལས་དབྱར་གྱི་ཆུ་མགོ་ལྟར་དགའ་བའི་མཆི་མ་ལྷོག་ལྷོག་བབས།  ང་ཚོ་ནི་གནས་དེར་ཆུ་ལ་བརྒལ་བའི་ཆུ་དང་མིག་ཟུང་གི་ཆུ་ཡིས་ལུས་པོ་ཡོངས་སུ་སྦངས། ཆུ་ཟགས་པ་སྤང་ཐང་གི་ཟིལ་བ་དང་འདྲེས་ནས་རྩྭ་དང་མེ་ཏོག་གི་མགོ་བོ་ལྡེམ། ལུས་པོ་བཀྲུས།  བཀྲག་མདངས་མངོན།
          ཞོགས་པར་བཟའ་མི་གཉིས་གཉིད་ལས་སད་མ་ཐག་ཏུ་སོ་སོས་མདང་ནུབ་རྨིས་པའི་རྨི་ལམ་ངོ་མཚར་བ་དེ་གཅིག་གིས་གཅིག་ལ་བཤད་པ་ན། དེ་བས་ཀྱང་ཡ་མཚན་སྐྱེས། སྤྱིར་རྨི་ལམ་ནི་ཁོ་གཉིས་ཀྱིས་གཉིད་ཀྱི་དུས་ཚོད་མང་པོར་འགྲོ་སྐྱོད་བྱེད་མྱོང་བའི་རྒྱུན་ལྡན་གྱི་ལས་ཤིག་ཡིན་མོད།  ད་ལྟའི་བར་དུ་སོ་སོས་རྨིས་པའི་རྨི་ལམ་ལ་གཅིག་པ་གཅིག་རྐྱང་ཞིག་ཡེ་ནས་ཡོད་མ་མྱོང་བས་ན། དེ་ནི་ཅིས་ཀྱང་མ་འོངས་སྔོན་དཔོག་གི་བརྡ་དག་མ་ཞིག་ཡིན་པར་ཐག་གིས་བཅད་ནས་དགའ་བ་སྔ་ན་མེད་པ་སྐྱེས།
          ཉིན་དེ་ནས་བཟུང་ངེད་ཚང་གི་བཟའ་མི་གཉིས་ཀྱིས་ཤར་གྱི་སྐྱ་རེངས་བཀྱགས་པ་ནས་ཕ་རིའི་རི་སྐེད་ལ་ཉིན་རེར་ཐེངས་མ་བརྒྱ་ཕྲག་ཅིག་ལྟ་བཞིན་རེ་སྒུག་གི་སེམས་འདུན་དེའི་ཁྲོད་ནས་དགོང་མོའི་སྨག་རུམ་རེ་རེ་བསུས།
          ངས་ཀྱང་ཉིན་དེ་ནས་བཟུང་ཁོ་གཉིས་ཀྱིས་རྨིས་པའི་རྨི་ལམ་དེ་མངོན་འགྱུར་འོང་བར་རེ་བས་བསྒུགས། རེ་བས་བསྒུགས་པས་ངས་མཚམས་རེར་རང་གི་ནོར་ཁྱུའི་རྗེས་བསྙེག་རྒྱུའང་བརྗེད་འདུག ལྷག་པར་མཚན་མོ་རེ་རེར་ངེད་ཚང་གི་བཟའ་མི་གཉིས་ཀྱི་སྔས་འགྲམ་དུ་བསྡད་ནས་ཁོ་གཉིས་ཀྱིས་ཁ་སྔོན་རྨིས་པའི་རྨི་ལམ་དེ་ཡང་བསྐྱར་ཐེངས་གཅིག་རྨི་བར་རེ་སྒུག་བྱས། གལ་ཏེ་ཁོ་གཉིས་ཀྱིས་ཡང་བསྐྱར་རྨི་ལམ་དེ་རྨིས་ཚེ། ངས་ཁོ་རང་གཉིས་ཀ་རྨི་ལམ་དེ་ནས་ནམ་ཡང་སད་དུ་མེད་པའི་སྨོན་ལམ་བཏབ། ཡང་ན་སྔོན་མེད་ཀྱི་དགའ་སྤྲོས་མྱོས་པའི་ཡིད་འོང་གི་རྨི་ལམ་དེ་འདྲ་རང་ཉིད་ཀྱིས་ཐེངས་གཅིག་རྨིས་ན་ཅི་མ་རུང་ཨང་སྙམ་སྟེ།  མཚན་མོ་རེ་རེར་ངེད་ཚང་གི་བཟའ་ཟླ་གཉིས་ཀྱི་སྔས་མགོར་ཕྱིན་ནས་རང་ཉིད་གཉིད་ལ་ཇི་ལྟར་བསྐུལ་ནའང་ད་ལྟ་ང་ལ་ཕལ་ཆེར་རྨི་ལམ་ཡོད་མི་སྲིད་དེ། ང་ལ་སྲོག་ཆགས་ཀུན་ལ་ཐུན་མོང་དུ་མངའ་བའི་གཉིད་ཅེས་པའི་བདེ་སྐྱིད་ཀྱི་ཞིང་ཁམས་འགྲིམ་ཆོག་པའི་རང་དབང་དེ་མེད་པ་འདྲ། ཐ་ན་ང་ལ་རྨི་ལམ་རྨི་སྲིད་པའི་ཐོག་མའི་རྒྱུ་སྟེ།  མིག་ཟུང་བཙུམ་རྒྱུ་ཞིག་ཀྱང་ཡོད་མེད་རང་ཉིད་ལ་དོགས་པ་ཟ།
          ད་ལྟ་ངས་བདག་པོ་ཚང་གི་སྦྲ་ནག་གི་རྒྱུ་སྤུན་རེ་རེ་དང་། ཆོན་ཐག ཁྱིམ་ནང་གི་དོ་ཕྱར། ཨོང་སྒྱེ། སྦྲའི་ནང་ལོགས་ཀྱི་ཀ་བ་ནས་ཐུར་དུ་དཔྱང་བའི་ཐག་རྡང་གི་སྣ་མཐུད་དང་སྲབ་མདའ། ཕྱི་རོལ་གྱི་ནོར་རྡང་དང་སྐེ་ཐུག འདོགས་བྱེད་ཀྱི་ཕྱུ་གུ། འཚོ་སྐྱོང་བྱེད་སྤྱད་ཀྱི་འུར་ཆ་སོགས་ལས་རང་ཉིད་ཀྱི་ལུས་ནས་ཕྲལ་མྱོང་བའི་སྤུ་ཉག་རེ་རེ་ངོས་ཟིན་ཞིང་།  ངའི་སྤུ་ཉག་རེ་རེས་བདག་པོ་ཚང་གི་སྒོ་ཕྱི་ནང་ཀུན་ན་གནས་བབ་གལ་ཆེན་བཟུང་སྟེ་ཡོད་མོད།  ད་ལྟ་ངས་རང་ཉིད་དངོས་ཤིག་རྙེད་མི་ཐུབ་པ་ནང་བཞིན་བདག་པོ་ཚང་གིས་ང་རང་བོར་ནས་ཉིན་བཞིན་ཕ་རིའི་རི་སྐེད་དུ་མིག་གིས་འཚོལ་གྱིན་ཡོད། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716