སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ས་སྐྱ་པཎ་ཆེན་ཚང་གི་མཁས་འཇུག་ལས་རྩོམ་པའི་རྣམ་གཞག་སྐོར་རོབ་ཙམ་གླེང་བ།
སྤེལ་དུས། 2017-12-04   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  ཚེ་རིང་ཐར།
གླེང་གཞི།
          དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བརྩེ་བ་ཆེན་པོས་ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། དེ་ཡང་ཇི་སྐད་དུ་འཇམ་མགོན་ས་པཎ་གྱི་ཞལ་ནས། སྒྲ་བ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ང་འཇོམས་ང་འདྲ་མེད།། སྡེབ་སྤྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་།། དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་།། དེ་འདྲ་གང་ཡིན་ས་སྐྱ་བ་དེ་མཁས་པ་གཞན་དག་གཟུགས་བརྙན་ཡིན།།1ཞེས་རང་བཞིན་བརྗོད་པའི་ལམ་ནས་ང་བརྒྱད་མའི་ཚིགས་བཅད་ཅིག་གསུངས་ཡོད་པ་བཞིན་དུ་འཇམ་མགོན་ས་པཎ་ཉིད་ནི་ཐོག་མ་ནས་སངས་རྒྱས་ཀྱི་ལུང་གིས་ཟིན་ཞིང་ལྷག་པའི་ལྷ་ཡི་སྣང་བ་ཐོབ་པ་དང་། ལྔ་ཟུང་རིག་གནས་ཀུན་ལ་མཁྱེན་དཔྱོད་ཀྱི་བློ་གྲོས་ཡངས་པའི་ངེས་པ་དོན་གྱི་པཎྟིཏ་ཆེན་པོ་ཞིག་ཡིན་པས་ཕྱི་ནང་མཁས་པ་ཀུན་གྱི་གཙིག་གི་པདྨོ་ལ་ཞབས་སེན་གྱི་ཟློས་གར་འགོད་པར་བྱེད་དོ།། རྣམ་བཤད་རིགས་པ་ལས། ཐ་སྙད་རིག་པའི་གནས་ལྔ་གྲགས་པ་རྣམས།། ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་།། ཐར་ལོ་ཡན་ལ་སྒྲ་མདོ་འགྱུར་བ་མེད།། ཅེས་གསུངས་བ་བཞིན་འཇམ་མགོན་ས་པཎ་མ་བྱོན་པའི་ཡར་སྔོན་དུ་བོད་དུ་རིག་བཅུའི་རྣམ་གཞག་གི་སྲོལ་བྱུང་མེད་པར་བཞེད་པ་བཞིན། འཇམ་མགོན་ཉིད་ཀྱིས་ཀྱང་ལེགས་པར་བཤད་པ་རིན་པོ་ཆེ་གཏེར་དང་མཁས་འཇུག ཚད་མ་རིགས་གཏེར། སྡེབ་སྦྱོར་མེ་ཏོག་ཆུན་པོ། སྙན་ངག་མཁས་པའི་ཁ་རྒྱན། མངོན་བརྗོད་ཚིག་གི་གཏེར། ཟློས་གར་རབ་དགའི་འཇུག་པ། རོལ་མོའི་བསྟན་བཅོས། ད་དུང་བཟོའི་བསྟན་བཅོས་སྐུ་གཟུགས་ཀྱི་བསྟན་བཅོས་དང་། སྨན་དཔྱད་ཀྱི་བསྟན་བཅོས་ཡན་ལག་བརྒྱད་པའི་དོན་བསྡུས་པ་སོགས་རིག་བཅུའི་རྣམ་དབྱེ་ལ་མ་འདུ་བ་མེད་པའི་བསྟན་བཅོས་མང་དུ་བརྩམས་ནས་བསྟན་པ་ལ་ལག་རྗེས་མི་དམན་པ་བཞག་པ་མ་ཟད། ཆོས་རྗེ་ཉི་མའི་དཀྱིལ་འཁོར་གྱིས་སྐྱེ་དགུ་རྣམས་ཀྱི་མི་ཤེས་པའི་མུན་པ་དྲུང་ནས་འཇོམས་ཤིང་ཆོས་ཀྱི་ཆར་བ་དགོངས་ནས་ཕབ་བོ། སྐབས་སུ་གླེང་བར་བྱ་བའི་མཁས་འཇུག་ལ་མཚོན་ནའང་གཞུང་འདི་ཉིད་ལས། མཁས་གང་ཤེས་བྱའི་དེ་ཁོ་ན།། ཇི་བཞིན་རྟོགས་པ་ཡིན་པར་འདོད།། 2ཅེས་གསུངས་བ་བཞིན་གཞུང་འདིའི་ཉིང་དགོས་ནི་མཁས་པ་རྣམས་ལ་མཐར་ཐུག་གི་ཀུན་མཁྱེན་ཡེ་ཤེས་འཚོལ་བའི་ཐབས་སུ་བརྩམས་པ་ཞིག་དང་། སྒོས་སུ་གཞུང་འདིའི་འཆད་པ་ལ་འཇུག་པའི་ལེའུ་སྐབས་སུ་འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད་དང་འཆད་ཡུལ་སློབ་མའི་མཚན་ཉིད།འཆད་བྱ་བསྟན་བཅོས་ཀྱི་ཆ་རྐྱེན་དང་འཆད་ཉན་གྱི་ཚུལ་ལུགས་སོགས་མདོ་ཁུངས་དང་སྦྱར་ནས་རེ་རེ་བཞིན་བསྟན་པས།བོད་ཀྱི་སློབ་གསོ་རིག་པའི་ཕྱོགས་ཀྱི་བསྡུས་དེབ་ལྟ་བུ་དང་། གཞན་ཡང་བོད་རང་གི་མཁས་པས་བརྩམས་པའི་རྩོམ་རིགས་གཞུང་ལུགས་ཐོག་མའམ་སྙན་ངག་མེ་ལོང་གི་ཉི་ཟེར་འདྲེན་པའི་སྐྱ་རེངས་དང་པོ་དེ་ཡིན།
          དང་པོ། མཁས་འཇུག་ལས་རྩོམ་པའི་རྣམ་གཞག་ཅིའི་ཕྱིར་ཐོག་མར་སྨྲོས་པའི་དགོས་བ་བཤད་པ།
          སྙིང་རྗེ་པད་མ་དཀར་པོའི་མདོ་ལས་ཀུན་དགའ་བོ་དེ་བཞིན་གཤེམས་པས་གསུངས་པའི་ཆོས་འདུལ་བ་འདི་རྣམ་པར་འཕེལ་བ་དང་། ཡོངས་སུ་མི་ཉམས་པ་དང། ཀུན་ཏུ་སྲུང་ཞིང་སྦ་བ་དང་། ཆུད་མི་ཟོས་པར་བྱ་བའི་ཕྱིར། ཁྱོད་ལ་དཔེ་བསྟན་པར་བྱ་སྟེ་འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་སྨྲས་པའི་དོན་ཤེས་པར་འགྱུར་རོ། 3ཞེས་བཀོད་པ་བཞིན་སངས་རྒྱས་ཀྱི་གསུང་རབ་དང་བཀའ་བསྟན།སྐྱེས་རབས་སོགས་བསྟན་བཅོས་ཐམས་ཅད་མི་ཉམས་པ་དང་།ཀུན་ཏུ་སྲུང་ཞིང་སྦ་བ་དང་། ཆུད་མི་ཟོས་པར་བྱ་བའི་ཕྱིར་ངེས་པར་དུ་སྙན་ངག་གི་ལུས་སུ་བརྩམས་ནས་ཚེ་རབས་ཀུན་ཏུ་སྤེལ་དགོས་པའི་ཕྱིར་དང་། དམ་པ་གང་ཞིག་གིས་བསྟན་འགྲོའི་དོན་དུ་ཕྱག་རྗེས་འཇོག་པ་ཡིན་ནའང་གཙོ་བོ་བསྟན་བཅོས་ཀྱི་རྣམ་པ་ཅན་དུ་འཇོག་པ་ནི་མཛད་པ་ཐམས་ཅད་ཀྱི་མཆོག་ཡིན་པས། རྟེན་འབྲེལ་བསྟོད་པ་ལས།མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་དེ་ཡང་ནི།། དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།། འདི་ལས་སངས་རྒྱས་རྗེས་དྲན་བྱོས་3ཅེས་གསུངས་ཡོད་དོ།གཞན་ཡང་གཞུང་འདི་ཉིད་ཀྱི་རྩོམ་པའི་ཡན་ལག་མཇུག་བསྡུ་དུས་ཀྱི་ཚིགས་བཅད་དེ་ལས། རྟག་ཏུ་སངས་རྒྱས་སངས་རྒྱས་སྲས།། རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང་།། སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི།། སྙན་ངག་མཁན་དུ་འགྱུར་བར་ཤོག། ཅེས་གསུངས་ཡོད་པ་ལས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སོགས་མཆོད་པ་ནི་བསོད་ནམས་གསོག་པའི་ཞིང་ཁྱད་པར་ཅན་དང་ལྷག་དོན་དུ་འདི་ཕྱིའི་བར་ཆད་སེལ་བ་སྨོན་ལམ་གྱི་མཐུ་བཙན་པ་སོགས་ཡིན་སྟབས། དེ་དག་ལ་མཆོད་པར་བརྗོད་པ་ལ་ཐོག་མར་རྩོམ་པའི་མན་ངག་ཤེས་དགོས་བའི་ཕྱིར་དུ་ཡིན་ནོ། ཞར་དུ་ཚིགས་བཅད་འདི་ལས་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ཐམས་ཅད་སྙན་ངག་གི་ལུས་སུ་འཆང་ཡོད་པར་བསྟན་ཡོད་པས། རྩོམ་པ་ཐོག་མར་འཆད་པའི་དགོས་བ་བསྟན་པ་དང་། ས་པཎ་ཁོང་གིས་རྩོམ་པའི་ཡན་ལག་ཅིའི་ཕྱིར་ཐོག་མར་སྨྲོས་པའི་དགོངས་གཞི་འང་ཚིགས་བཅད་འདི་ལས་གཅིག་བསྡུས་སུ་བསྟན་པའོ།། དེ་མིན་རྩོམ་པའི་ཡན་ལག་སྔོན་ལ་འགོད་པའི་རྒྱུ་མཚན་གཞན་ཞིག་ནི་རྗེས་སུ་འབྱུང་འགྱུར་གྱི་འཆད་པ་དང་རྩོད་པའི་ཡན་ལག་གི་རྟེན་དུ་བྱེད་པའོ།བོད་རང་གི་ཐུན་མོང་མ་ཡིན་པའི་ལུགས་ལ་རྩོམ་པ་གྲུབ་པར་བྱེད་པ་ལ་ཕྱི་ནང་གཉིས་གའི་རྒྱུ་ཚང་དགོས་བ་དང་། དེ་ལས་ནང་གི་རྒྱུ་གསུམ་ནི་ལྷག་པའི་ལྷ་ཡི་སྣང་བ་ཐོབ་པ།རིག་པའི་གནས་ལྔ་ལ་མཁས་པ། སྟོན་པ་སངས་རྒྱས་ནས་བརྒྱུད་པའི་རྒྱུད་པ་བར་མ་ཆད་པ་བཅས་གསུམ་དང་།ཕྱིའི་རྒྱུ་གསུམ་ནི་སྒྲ་དང་སྙན་ངག གཏན་ཚིགས་གསུམ་ལ་བྱང་དགོས་བ་བཅས་སོ།། ཁྱད་ཆོས་དྲུག་ལྡན་གྱི་རྒྱུ་འདི་དག་རྩོམ་པའི་ཡན་ལག་ཁོ་ནར་མ་ཟད། ད་དུང་གཞི་ལམ་འབྲས་གསུམ་གྱི་བསྡུས་པའི་གཞུང་དོན་གང་རུང་ཞིག་འཆད་པ་འམ་ཡང་ན་བདག་འཛིན་གཉིས་ཀྱིས་བསླུས་པའི་ལོག་རྟོག་སེལ་བ་ལ་ཕས་རྒོལ་འཇོམས་པའི་རྩོད་པ་བྱེད་པ་གཉིས་གའི་རྒྱུ་ཕུན་སུམ་ཚོགས་པ་ཡིན་པས།མཁས་འཇུག་གི་གཞུང་འདིའི་ཀླད་དུ་ཐོག་མར་རྩོམ་པའི་སྒོ་རུ་བཞེད་པའི་མཆོད་བརྗོད་དང་ཕྱག་བྱ། དངོས་པོ་ངེས་བསྟན་སོགས་ཀྱིས་དྲངས་ཏེ་རྩོམ་པ་ལ་ངེས་པར་མཁོ་ཞིང་རྩོམ་པའི་གཞི་རུ་གྱུར་པའི་ཚོགས་གསུམ་གྱི་ངོ་བོ་དང་དབྱེ་བ་སོགས་དང་། མཐའ་མར་རྩོམ་པའི་རྒྱན་དུ་བཞེད་པའི་སྙན་ཚིག་སོགས་ཐོག་མར་བསྟན་པ་ནི་ཕྱོགས་གཞན་ཞིག་ནས་འཆད་པ་དང་རྩོད་པའི་རྟེན་དུ་བྱེད་པའི་ཕྱིར་རོ།ཚུལ་འདི་གཞུང་འདི་ཉིད་ལས།འགའ་ཞིག་སྒྲ་དང་རྣམ་པར་དབྱེ་བ་དང་།། ཁམས་དང་བྱེད་ཚིག་དཔེ་དང་ཚིག་གི་རྒྱན།། དབྱེ་བསྡུ་གྲངས་དང་ངེས་པ་གོ་རིམས་ལ།། འདི་ལ་ཕལ་ཆེར་རྨོངས་བར་མཐོང་ནད་འདི།། 4ཞེས་ཚིག་རྐང་དང་པོས་སྒྲ་དང་གཉིས་པས་ཚིག་རྒྱན། གསུམ་པས་གཏན་ཚིགས་སོགས་བསྟན་བཅོས་འགྲུབ་བྱེད་ཀྱི་ཕྱིའི་རྒྱུ་གསུམ་བསྟན་པ་དང་། གཞན་ཡང་མང་དུ་ཐོས་ཤིང་མཐོང་ནས་གོམས་པ་དང་།། མན་ངག་དབང་གིས་དཔལ་ལྡན་ཀུན་དགའ་ཡིས།།རྒྱལ་མཚན་འདི་ན་འགའ་ཙམ་འཆད་པ་ལ།།མཁས་པ་རྣམས་ཀྱིས་དགའ་བ་བསྐྱེད་དེ་ཉོན།། 5ཅེས་ཚིག་རྐང་དང་པོས་ཁྲིད་རྒྱུན་ཡོད་པར་བསྟན་པ་དང་།ཚིག་རྐང་གཉིས་པས་སྟོན་པ་བཅོམ་ལྡན་འདས་ནས་བརྒྱུད་པའི་རྒྱུད་པ་བར་མ་ཆད་པ་དང་ལྷག་པའི་ལྷ་ཡི་སྣང་བ་ཐོབ་པ་བསྟན་པ་སོགས་རྩོམ་པར་དམ་བཅའ་དང་བློ་ལྡན་ཉན་སྐུལ་གཉིས་གཅིག་བསྡུས་སུ་བསྟན་ཡོད་པ་འདིས་ཀྱང་རྩོམ་པ་ཐོག་མར་སྨོས་པའི་དགོས་བ་བསྟན་པའོ།།
          གཉིས་པ། མཁས་འཇུག་ལས་རྩོམ་པའི་རྣམ་གཞག་གི་ཐུན་མིན་ཁྱད་ཆོས་འགའ་ཟུར་དུ་བཤད་པ།
          མཁས་འཇུག་ནི་འཆད་རྩོད་རྩོམ་གསུམ་གྱི་མན་ངག་དཀྱུས་གཅིག་ཏུ་སྟོན་པའི་གཞུང་ལུགས་ཞིག་ཡིན་ཞིང་།འདིའི་ནང་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་འཆད་རྩོད་རྩོམ་གསུམ་སྐོར་གྱི་ཆོ་ག་དང་ཕྱག་ལེན་མང་པོ་ཞིག་བསྟན་ཡོད་པར་འདོད་དེ། སྐབས་སུ་བབ་པའི་རྩོམ་པའི་རྣམ་གཞག་གི་ཁྱད་ཆོས་གཙོ་བོ་སྐོར་ནི།
          ༡ རྩོམ་པ་ལ་མཁོ་ཞིང་མེད་དུ་མི་རུང་བ་དག་དངོས་ཤུགས་གང་རུང་ནས་རྒྱས་པར་བསྟན་པ། སྙན་ངག་མེ་ལོང་ལས།ཤིས་བརྗོད་ཕྱག་བྱ་དངོས་པོ་ནི།། ངེས་པར་བསྟན་པ་དེ་ཡི་སྒོ།། 6ཞེས་གསུངས་བ་བཞིན།ཆོས་རྗེ་ས་པཎ་ཁོང་གིས་ཐོག་མར་མཆོད་བརྗོད་ནས་མགོ་བཟུང་སྟེ།རྩོམ་པའི་མན་ངག་རེ་རེ་བཞིན་རྒྱས་བསྡུས་འཚམས་པར་བསྟན་ཡོད་དེ།མཁས་འཇུག་ལས། བསྟན་བཅོས་བྱེད་པའི་དམ་པ་ཡིས།། སྟོན་པ་ལ་ནི་མཆོད་བརྗོད་བྱ།། བསྟན་པ་སྤེལ་ཕྱིར་དག་པའི་ཚིག།འདི་ལ་འཐད་པ་བཟང་པོ་མཐོང་།། 7ཅེས་གསུངས་བ་བཞིན་མཆོད་བརྗོད་འདི་སྤྱིར་བཏང་དུ་རང་རྒྱུད་ལ་བསོད་ནམས་གསོག་པ་དང་། རྩོམ་པའི་བར་ཆད་ཞི་བ་ལས་གཞན་སྟོན་པ་གཙོ་བྱས་པའི་བླ་མ་སོགས་ལ་མཆོད་པར་བརྗོད་པ་དེས་ཕྱི་ནང་གྲུབ་མཐའི་ཁྱད་པར་འབྱེད་པ་དང་། སྒོས་སུ་ཕྱི་རོལ་བ་གང་ཞིག་ནང་བའི་སྐྱབས་འོག་ཏུ་འདྲེན་པའི་དགོངས་པ་གལ་ཆེན་ལྡན་པ་ཟུར་དུ་བསྟན་པ་དང་། དེ་ལས་ཀྱང་ཁྱད་ཆོས་གཙོ་བོ་ཞིག་ཡོད་པ་ནི་བསྟན་བཅོས་ཀྱི་སྔོན་འགྲོའི་མཆོད་བརྗོད་ཀྱི་ནང་དུ་བསྟན་བཅོས་སྤྱིའི་འགངས་འདུས་བར་འདོད་དེ།དབུ་མ་རྩ་ཤེས་ཀྱི་མཆོད་བརྗོད། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།། འགག་པ་མེད་པ་སྐྱེ་མེད་པ།། ཆད་པ་མེད་པ་རྟག་མེད་པ།། འོང་བ་མེད་པ་འགྲོ་མེད་པ།། ཐ་དད་དོན་མིན་དོན་གཅིག་མིན།། སྤྲོས་པ་ཉེར་ཞི་ཞི་བསྟན་པ།། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།། དམ་པ་དེ་ལ་ཕྱག་འཚལ་ལོ།། 8ཞེས་པ་ལས་བསྟན་བཅོས་སྤྱིའི་འགངས་སམ་བརྗོད་དོན་འདུས་ཡོད་པ་སོགས་ཀྱི་མཚོན་ནུས་སོ།།མཆོད་བརྗོད་དེ་ཡང་གཞུང་འདི་ལས་གསུངས་བ་བཞིན།མཆོད་བསྟོད་འདུད་པའི་བདག་ཉིད་ཅན།། ཤིས་པར་བརྗོད་སོགས་མི་འགལ་ཏེ།། ཐམས་ཅད་དུ་ཡང་སྟོན་པ་ཡི།། ཆེ་བ་འབའ་ཞིག་སྟོན་ཕྱིར་རོ།། 9ཞེས་བྱུང་བ་ནི་དབྱངས་ཅན་མ་དང་འཇམ་དཔལ་དབྱངས། སྤྱན་རས་གཟིགས་དང་ཡང་ན་སྟོན་པ་བཅོམ་ལྡན་འདས་དང་ཐུགས་རྒྱུད་གཅིག་པའི་བླ་མ་སོགས་གང་ཞིག་ལ་མཆོད་པར་བརྗོད་ཀྱང་མཐར་ཐུག་ན་སྟོན་པ་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ཀྱི་མཁྱེན་པ་དང་བརྩེ་བ་སོགས་ལ་མཆོད་པར་བརྗོད་པ་ཡིན་པས་འགལ་བ་མེད་པ་དང་། དེ་ལས་བསྟན་བཅོས་གང་གི་དགོས་སོགས་ཆོས་བཞི་ལས་མཐར་ཐུག་ཀུན་མཁྱེན་ཡེ་ཤེས་འཚོལ་བའི་ཉིང་དགོས་ཡང་ཟུར་དུ་བསྟན་པའོ།དཔེར་ན།འདུད་པའི་མཐའ་ཅན་ནི་རཱ་མ་ཎའི་རྟོགས་བརྗོད་ལས། བློ་བཟང་རྒྱལ་མེད་ཁང་ཆེན་དུ།།བསོད་ནམས་རིན་ཆེན་ལ་ཆགས་ཏེ།། བདག་ཉིད་ལ་ནི་སྙིང་ཉེ་བ།། སངས་རྒྱས་དབང་གི་རྒྱལ་བོར་འདུད།།10ཅེས་པ་དང་ཤིས་བརྗོད་མཐའ་ཅན་ནི་ཐོན་མིའི་ཞལ་ལུང་ལས། དངོས་འཛིན་ཚང་ཚིང་གཅོད་པའི་རལ་གྲི་དང་།། ཟབ་དོན་གླུ་རུ་ལེན་པའི་པུསྟི་ཀ། བསྣམས་པ་གང་དེའི་མཁྱེན་རབ་བདུད་རྩི་ཡིས།། བདག་གི་སྒོ་གསུམ་རྣམ་ཀུན་བརླན་པར་མཛོད།།11ཅེས་པ་དང་། མཆོད་པའི་མཐའ་ཅན་ནི་རཱ་མ་ཎའི་རྟོགས་བརྗོད་ལས།ལེགས་བཤད་བདུད་རྩིས་མིག་སྨན་གྱིས།། འཇུག་དང་ལྡོག་པའི་གནས་རྣམས་ལ།།ཟབ་ཡངས་བླ་གྲོས་མིག་འབྱེད་པའི།། བླ་མའི་ཞབས་རྡུལ་སྤྱི་བོས་མཆོད།། 12ཅེས་གསུངས་ཡོད་པ་བཞིན་དུ་མཐར་ཐུག་གི་བསྟོད་ཡུལ་བསྟོད་བྱ་དེ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྟོན་པ་ཤཱཀྱ་ཐུབ་པའི་ཐུགས་རྒྱུད་ཀྱི་ཡེ་ཤེས་ལ་བསྟོད་པའོ།། ཞར་དུ་དམ་བཅའ་བ་དང་དངོས་པོ་ངེས་བསྟན། བློ་ལྡན་ཉན་སྐུལ་སོགས་ཀྱང་མེད་དུ་མི་རུང་ཞིང་རྩོམ་པའི་ཐབས་སུ་འཁྱེར་ཚུལ་ནི། གཞུང་ཉིད་ལས་དམ་བཅའ་བ་དང་བསྐུལ་ཚིག་སོགས།།འཆད་ཕྱིར་སྤྲོ་བ་སྟོན་པ་སྟེ།།མཆོག་རྟོགས་འགྲུབ་པའི་རྒྱུར་འགྱུར་བས། ཁས་ལེན་པ་ལ་འགལ་བ་རེད།། ཅེས་བསྟན་ཏེ། དམ་བཅའ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་རྣམ་དཀར་དགེ་བའི་ལས་སུ་གཏོགས་པའི་རིགས་ཅན་དུ་བདག་གིས་རྩོམ་པར་བྱའོ་ཞེས་ཁས་བླངས་པས་དོན་བཟང་པོ་འཆད་པ་ལ་སྤྲོ་བ་སྟོན་པ་དང་། དགེ་བའི་ལས་བསྐྱེད་པ། རང་ཉིད་ལ་ཡི་དམ་གྱི་ལྷའི་བྱིན་རླབས་ཐོབ་པ། རྩོམ་པ་ལ་མཁས་ཚུལ་སོགས་ཀྱི་དོན་སྟོན་པའོ།། དངོས་པོ་ངེས་བསྟན་ལ་མཚོན་ནའང་མཆོད་བརྗོད་དང་འདྲ་བར་རྩོམ་པའི་ཡན་ལག་ལ་མེད་དུ་མི་རུང་ཞིང་བརྩམ་བྱའི་གཞུང་གི་དོན་ཐམས་ཅད་བསྡུས་ནས་སྟོན་ཐུབ་པ་ནི་ས་པཎ་ཁོང་གི་ས་སྐྱ་ལེགས་བཤད་ལས། རིག་པའི་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།། འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ།། དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག། བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར།། 13ཞེས་ས་སྐྱ་ལེགས་བཤད་ཀྱི་བརྗོད་བྱ་མཐའ་དག་གི་འགངས་འདུས་བའི་སྒོ་ནས་སྟོན་ཐུབ་བ་དང་། ཡང་དགེ་ལྡན་ལེགས་བཤད་ལས། ཡ་རབས་དམ་པའི་སྤྱོད་ཚུལ་ལ།། འཇུག་འདོད་བློ་ལྡན་སྐལ་བཟང་དག།ལེགས་བཤད་སྦྲང་རྩིའི་དྲི་བསུང་ཅན།། པད་དཀར་ཆུན་པོ་འདི་བརྟེན་རིགས།། ཞེས་པ་འདི་ཡང་གོང་དང་འདྲ་བ་མ་ཟད།། ད་དུང་བསྟན་བཅོས་ཀྱི་བརྗོད་དོན་དང་དགོས་བ།བྱེད་ལས་སོགས་དཀྱུས་གཅིག་ཏུ་སྟོན་པའི་ནུས་བ་ཆེན་པོ་དང་ལྡན་པའོ།། བློ་ལྡན་ཉན་སྐུལ་ནི་སྐྱེས་བུ་གང་ཞིག་ལ་མཚོན་ནའང་རང་ཉིད་གཅིག་པུ་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་པ་ཙམ་མ་ཡིན་པར། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་དགོས་རྐྱེན།བློ་ལྡན་ཉན་སྐུལ་ནི་ནང་བའི་རྩོམ་རིག་གི་རྩོམ་པའི་ཡན་ལག་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། སྒྲ་དང་ཚད་མ། སྙན་ངག་སོགས་བརྗོད་དོན་རིག་བཅུ་སོ་སོ་གང་རུང་དང་འབྲེལ་བའི་བསྟན་བཅོས་ཞིག་ཡིན་ཡང་།མཐར་ཐུག་གི་དམིགས་ཡུལ་ནི་ཀུན་མཁྱེན་སྒྲུབ་པའི་ཐབས་སུ་འཁྱེར་དགོས་སྟབས།མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་པར།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། ཞེས་གསུངས་བ་ལས་ཤེས་ཐུབ། བློ་ལྡན་ཉན་སྐུལ་ནི་ཐོན་མིའི་ཞལ་ལུང་ལས། དེ་སླད་ཚུལ་འདིར་འཇུག་འདོད་པའི།། བློ་གསལ་སྐལ་བཟང་ཤེས་ལྡན་དག། ཚིམ་མེད་དོན་དུ་གཉེར་བའི་བློས།།བརྡ་སྤྲོད་རྒྱ་མཚོར་རོལ་བར་མཛོད།། 14ཞེས་དང་སྙན་ངག་སྤྱི་དོན་ལས།དེ་སླད་རིག་བྱེད་ཟབ་མོར་འཇུག་འདོད་པའི།། དཔྱོད་ལྡན་གཞོན་ནུ་རིས་མེད་ཁྱེད་ཅག་གིས།། དགའ་བའི་ཉམས་དང་དགོད་པའི་འཛུམ་དང་བཅས།།དོན་ལྡན་ངག་གི་རྒྱུད་མངས་འདི་གསོན་མཛོད།། 15ཅེས་གསུངས་བ་ནང་བཞིན་མཁས་པ་རང་གི་ལེགས་པར་མཁྱེན་ཞིང་གཞན་ལ་འདོམས་པར་མཛད་པས་སྐལ་ལྡན་གྱི་གདུལ་བྱ་མཐའ་དག་སྨིན་གྲོལ་ལ་འགོད་པའི་དགོས་པ་དང་སེམས་ཅན་གྱི་བློ་ཁ་ཆོས་ལ་སྐུལ་བའི་ནུས་པ་དང་ལྡན་པའོ།བསྟན་བཅོས་གང་ཞིག་མཛད་པའི་དགོས་པ་ཡང་མཁས་འཇུག་གི་རྩོམ་པའི་ཡན་ལག་ལས་རྣམ་བཤད་རིགས་པ་ལས་ལུང་དྲངས་ཡོད་པ་ནི་མདོ་དོན་ཆེ་བ་ཉིད་ཐོས་ནས།།ཉན་དང་ལེན་པ་ལ་སོགས་ལ།།ཉན་པ་པོ་དེ་གུས་འགྱུར་བས།། ཐོག་མར་དགོས་པ་བརྗོད་པར་བྱ་ཞེས་གསུངས་དོན་ཡང་བསྟན་བཅོས་གང་ཞིག་མཛད་པའི་ཚེ་ཀླད་དུ་དགོས་བ་སྨྲས་པས་གཞུང་དོན་གྱི་བརྗོད་བྱ་གཞན་རྒྱུད་ལ་བདེ་ལེགས་སུ་འགོད་པ་དང་ཡང་ན་གདུལ་བྱ་གང་གི་སེམས་རྒྱུད་འདུལ་བའི་ཐབས་སུ་འཁྱེར་བ།དེ་མིན་སྐལ་ལྡན་དག་གཞུང་ཉིད་ལ་ལེགས་པར་འཇུག་པའི་ཆེད་དུ་ཡིན་པས་རྩོམ་པའི་ཡན་ལག་ལ་མེད་དུ་མི་རུང་ངོ་།།
          ༢ རྩོམ་པའི་རྣམ་བཞག་གི་སྒྲིག་གཞི་ཚགས་དམ་ཞིང་འདུས་ཆེ་བ།
          སྙན་ངག་མེ་ལོང་ལས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི།།ངེས་པར་བསྟན་པའང་དེ་ཡི་སྒོ།། 16ཞེས་གསུངས་པ་བཞིན་ཆོས་རྗེ་ས་པཎ་ཉིད་ཀྱིས་ཀྱང་ཐོག་མར་མཆོད་བརྗོད་དང་དམ་བཅའ། སྐུལ་ཚིག་དང་དངོས་པོ་ངེས་བསྟན། བློ་ལྡན་ཉན་སྐུལ་དང་བསྟན་བཅོས་མཛད་པའི་དགོས་བ་སོགས་རྩོམ་པ་ལ་ཉེ་བར་མཁོ་བའི་ཡན་ལག་དག་སྔོན་དུ་བརྗོད་པ་དང་། ཡང་སྙན་ངག་མེ་ལོང་ལས།འདི་ནི་ཀུན་ཏུ་མཆོག་རྣམས་ཀྱིས།། རྗེས་སུ་བསྟན་དང་ལྷག་མའི་ཡང་།། ཚིག་རྣམས་ཉིད་ཀྱི་དྲིན་གྱིས་ནི།། འཇིག་རྟེན་ལུགས་ལ་འཇུག་པར་བྱེད།། གལ་ཏེ་སྒྲ་དོན་སྣང་བ་ཡིས།། འཁོར་བ་གསལ་བར་མ་བྱས་ན།། འཇིག་རྟེན་གསུམ་པོ་མཐའ་དག་འདི།། སྨག་རུམ་མུན་པ་ཉིད་དུ་འགྱུར།17། ཞེས་རྩོམ་པ་གྲུབ་བྱེད་ཀྱི་དངོས་རྒྱུ་གསུམ་བསྟན་པ་ཇི་བཞིན་འཇམ་མགོན་ཁོང་གིས་ཡང་ཚོགས་གསུམ་གྱི་ངོ་བོ་དང་དབྱེ་བ། གྲུབ་ཚུལ་དང་བྱེད་ལས་སོགས་རེ་རེ་བཞིན་བསྟན་པ་མ་ཟད། འཇིག་རྟེན་ལ་གྲགས་པའི་བརྡ་དང་བསྟན་བཅོས་ལ་གྲགས་པའི་བརྡ། དེ་བཞིན་གཤེགས་པའི་བརྡ་སོགས་ཀྱི་དབྱེ་བ་དང་གོ་ལ་ལེན་སྟངས་སོགས་ཀྱང་རེ་རེ་བཞིན་བསྟན་ཡོད།མཇུག་ཏུ་ཡང་སྙན་ངག་མེ་ལོང་ལས། མཁས་པས་ཡང་དག་རབ་སྤྱར་བའི།།ངག་ནི་འདོད་འཇོའི་བ་རུ་བཤད།། དེ་ཉིད་ཉེས་པར་སྦྱར་ན་སླར།། སྦྱོར་བོ་བ་ལང་ཉིད་རྗོད་བྱེད།། 18ཅེས་གསུངས་བ་བཞིན་དུ་འཇམ་མགོན་ས་པཎ་ཉིད་ཀྱིས་དེ་ལྟར་སྒྲའི་སྦྱོར་བ་ཤེས་ནས་སྙན་ངག་རྩོམ་པ་འཇུག་པའི་ཕྱིར་ཚིག་རྒྱན་བཤད་དོ་ཅེས་གོ་རིམ་ལྡན་ཞིང་འདུས་ཆེ་བའི་སྒོ་ནས་བསྟན་ཡོད་དེ། རང་བཞིན་ཡོན་ཏན་ལས་རྣམས་ལ།། ངོ་བོ་བསྟོད་སྨད་བརྗོད་པའི་ཚུལ།། དྲང་བོ་ཟུར་མིག་ཚིག་དང་དོན།། དངོས་ཤུགས་དཔེ་ཡི་སྒོ་ནས་དེ།། སྒྲོ་བཏགས་ནས་ནི་ཚིག་གི་རྒྱན།། ཉམས་དགུའི་རོ་དང་སྦྱར་ཏེ་སྤེལ།། 19ཅེས་ཚིག་རྐང་དང་པོས་འདུས་ཆེ་བའི་སྒོ་ནས་སྙན་ངག་གི་བརྗོད་གཞི་གཙོ་བོ་བསྟན་པ་དང་། ཚིག་རྐང་གཉིས་པས་ཚིག་རྒྱན་སྤྱི་བསྡུས་ནས་སྟོན་པ། མཇུག་གི་ཚིག་རྐང་བཞི་བོས་གོང་གི་བརྗོད་གཞིའི་ངོ་བོ་ལ་ཇི་ལྟར་བསྟོད་པའི་ཚུལ་བསྟན་པའོ། གཞན་ཡང་དཔེ་དོན་ལེགས་པར་སྦྱོར་ཚུལ་དང་རོལ་སྒེག་དང་བཅས་པའི་སྙན་ངག་གི་ཉམས་དགུ་སོགས་སྙན་ངག་མེ་ལོང་ལས་བོད་ཀྱི་རྩོམ་པ་ལ་མཁོ་ཆེ་བ་དག་ཚིགས་བཅད་ལ་དྲངས་ནས་འདུས་ཆེ་བའི་སྒོ་ནས་བསྟན་པའོ།།
          ༣ རྩོམ་པའི་རྣམ་གཞག་གིས་བོད་ཀྱི་རྩོམ་རིག་སྤྱི་ལ་ཐོན་པའི་ནུས་པ།
          རྩོམ་པའི་རྣམ་གཞག་ཉིད་ད་ལྟའི་རྩོམ་རིག་གཞུང་ལུགས་དང་སྦྱར་ཏེ་བཤད་ན། ས་པཎ་ཚང་གིས་ཐོག་མར་རྩོམ་པ་གྲུབ་བྱེད་ཀྱི་དངོས་རྒྱུ་ཚོགས་གསུམ་དང་སྙན་ངག་མཛེས་པར་བྱེད་པའི་རྒྱན་དང་ཉམས་དགུ་ལ་སོགས་པ་བསྟན་པ་མ་ཟད། རྩོམ་ལུས་དང་རྩོམ་ཐབས། རྩོམ་གཤིས།དཔེ་དོན་སྦྱོར་ཚུལ་གྱི་སྐྱོན་ཡོན། འཁྱོག་བརྗོད་དང་དྲང་བརྗོད་སོགས་སྙན་ངག་མེ་ལོང་དང་བསྟུན་ནས་གཞུང་ལུགས་ཀྱི་ངོས་ནས་བོད་དུ་ངོ་སྤྲོད་བྱས་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་རྩོམ་རིག་གི་གོ་དོན་དང་རྩ་དོན། ཁྱབ་ཁོངས་སོགས་གཞི་རྩའི་ཤེས་བྱ་དག་བོད་དུ་ཐོག་མར་བསྟན་པ་མ་ཟད། གཞུང་ལུགས་ཀྱི་ངོས་ནས་རྩོམ་པ་ལ་འཇུག་པའི་བློ་མིག་ཆེས་ཆེར་ཕྱེས་པ་དང་། སྙན་ངག་མེ་ལོང་ཐོ་རེ་བ་ཞིག་བསྒྱུར་བ་དེས་འགྲོ་མགོན་འཕགས་པའི་སྐབས་སུ་གཞུང་ཆ་ཚང་བོད་དུ་འགྱུར་བའི་ཐད་དུ་ཕྱོགས་སྟོན་གྱི་ནུས་པ་གལ་ཆེན་ཐོན་པ་དང་། ལྷག་པར་དུ་རྒྱན་གྱི་བརྗོད་དོན་དག་ཚིགས་བཅད་ཀྱི་ལམ་ནས་བརྩམས་པ་དེ་དག་གིས་རྗེས་སུ་ཤོང་དཔང་གཉིས་ཀྱི་འགྱུར་ཆ་ཚང་བོད་དུ་ཐོན་པའི་ཐད་དུ་ནུས་པ་མི་དམན་པ་ཐོན།
          འཆད་པ་སྐལ་བཟང་ཐོས་པའི་བང་མཛོད་གཏམས།།
          རྩོད་པ་ཕྲ་ཞིབ་རིགས་པའི་རྒྱ་མཚོ་ཡངས།།
          རྩོམ་པ་དབྱངས་ཅན་པི་ལྤང་འཇེབས་ཤིང་སྙན།།
          མཁས་པའི་བྱ་བ་རྣམ་གསུམ་ཨ་ཧོ་རྨད།།
          ལུང་ཁུངས།
﹙1﹚《བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས》རིན་ཆེན་རྡོ་རྗེས་བསྒྲིགས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
﹙2﹚《ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས》ཆབ་འགག་རྟ་མགྲིན།ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་།
﹙3﹚《དགེ་ལུགས་པའི་ཞལ་འདོན་ཕྱོགས་བསྒྲིགས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
﹙4﹚﹙5﹚﹙7﹚﹙9﹚﹙19﹚《མཁས་འཇུག》ས་པཎ་ཀུན་དགའ་རྒྱལ་མཚན།མི་རིགས་དཔེ་སྐྲུན་ཁང་།
﹙6﹚﹙16﹚﹙17﹚﹙18﹚《སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ་བཞུགས་སོ》བོད་ནཁས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
﹙8﹚《བསྟོན་སྨོན་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
﹙10﹚﹙12﹚《རཱ་མ་ཎའི་རྟོགས་བརྗོད》ཞང་ཞུང་བ་ཆོས་དབང་གྲགས་པ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
﹙11﹚﹙14﹚《ཐོན་མིའི་ཞལ་ལུང་》ཚེ་ཏན་ཞབས་དྲུང་།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
﹙13﹚《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》ས་པཎ་ཀུན་དགའ་རྒྱལ་མཚན།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
﹙15﹚《སྙན་ངག་སྤྱི་དོན》ཚེ་ཏན་ཞབས་དྲུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716