སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དམངས་ཁྲོད་རྩོམ་རིག་དང་༼ མི་ལའི་རྣམ་ཐར་༽ བར་གྱི་འབྲེལ་བ་རགས་ཙམ་གླེང་བ།
སྤེལ་དུས། 2017-11-16   ཡོང་ཁུངས། བོད་ཀྱི་རྩོམ་རིག་སྒྱུ་རྩལ།   རྩོམ་པ་པོ།  ཧོར་དཀར་ནོ་མོ།
  འཛམ་གླིང་གི་ཡང་རྩེར་གནས་པའི་གནའ་བོའི་མི་རིགས་འདི་ནི་ཤེས་རིག་གི་དཔལ་དང་ལྡན་པའི་མི་རིགས་ཤིག་ཡིན། གཉའ་ཁྲི་བཙན་པོའི་གོང་གི་གདོད་མའི་དུས་སུ་ས་མཐོའི་མི་རིགས་འདིར། ལྷ་སྒྲུང་གིས་གཙོ་བོར་གྱུར་པའི་དམངས་ཁྲོད་སྒྲུང་གཏམ་སྣ་ཚོགས་བྱུང་བ་དང་། གླུ་ཚིག་གིས་གཙོ་བོར་གྱུར་པའི་དམངས་ཁྲོད་སྙན་རྩོམ་སྣ་ཚོགས་ཤིག་ཀྱང་བྱུང་ཡོད།
  བོད་ཀྱི་སྦྱི་ཚོགས་དེ་གྲལ་རིམ་ཡོད་པའི་སྤྱི་ཚོགས་སུ་སླེབས་རྗེས་གདོད་མའི་དམངས་རྩོམ་གྱི་རྣམ་པ་རྒྱུན་འཛིན་གང་ལེགས་ཐོག་དམངས་ཁྲོད་རྩོམ་རིག་ལ་རྩོམ་སྣ་གསར་པ་མང་དུ་ཐོན་ཏེ་གནའ་རབས་རྩོམ་རིག་ཧྲིལ་པོར་རྣམ་པ་གཙོ་བོའི་གོ་གནས་བཟུང་ཡོད།
  ཉེ་རབས་ཀྱི་དུས་སུ་སླེབས་སྐབས། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་སྣ་མང་རྙོག་འཛིང་ཅན་དུ་གྱུར་པའི་དབང་གིས་དམངས་ཁྲོད་རྩོམ་རིག་གི་རྩོམ་སྣ་གསར་པ་ཡང་ཆར་ཤུལ་གྱི་ཤ་མོ་རྡོལ་བ་བཞིན་བྱུང་སྟེ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པས། བོད་ཀྱི་དམངས་ཁྲོད་རྩོམ་རིག་དེ་ལོ་ཟླ་མང་པོའི་དམངས་ཁྲོད་འཚོ་བའི་ཞུན་བརྡར་བརྒྱུད་དེ་ད་ཆ་ནམ་མཁའི་སྐར་ཚོགས་ལའང་འགྲན་ནུས་པ་ལྟ་བུའི་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད།
  འོ་ན་དམངས་ཁྲོད་རྩོམ་རིག་དང་༼   མི་ལའི་རྣམ་ཐར ༽ བར་འབྲེལ་བ་ཅི་ཞིག་ཡོད་དམ་ཞེ་ན། དམངས་ཁྲོད་རྩོམ་རིག་ཅེས་པ་ནི། ཡོངས་གྲགས་སུ་ངལ་རྩོལ་མི་དམངས་ཀྱི་འཚོ་བ་དང་བསམ་བློའི་འདུ་ཤེས། མཛེས་སྤྱོད། སྒྱུ་རྩལ་གྱི་དང་བ་བཅས་མཚོན་པའི་ངག་ཐོག་རང་བཞིན་གྱི་རྩོམ་རིག་རྣམ་པ་ཞིག་ལ་ངོས་འཛིན་པ་ཡིན།
  ༼   མི་ལའི་རྣམ་ཐར ༽ ནི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཏུ་གཙང་སྨྱོན་ཧེ་རུ་ཀས་ལྗགས་རྩོམ་མཛད་པའི་རྩོམ་པ་པོ་སྒེར་གྱི་ཕུལ་བྱུང་བརྩམ་ཆོས་ཤིག་ཡིན་ཞིང་། རྣམ་ཐར་དེའི་ནང་སྐྱེས་མཆོག་མི་ལ་རས་པའི་ཚེ་གང་གི་བདེ་སྡུག་འཚོ་བ་རྣམས་བརྙན་འཕྲིན་ལ་བལྟས་པ་ཇི་བཞིན་ཀློག་པ་པོའི་འདྲེན་བྱེད་ལམ་དུ་བཤམས་ནས་ལ་ལར་དགོད་བྲོ་བ་དང་ལ་ལར་ངུ་བྲོ་བ་ལྟ་བུའི་དགའ་སྐྱོ་ཟུང་ལྡན་གྱི་མི་ལ་རས་པའི་ཚེ་གང་གི་མཛད་འཕྲིན་དང་ཕུགས་འདུན་མངོན་འགྱུར་ཆེད། ཨུ་ཚུགས་ཐར་སྐྱེལ་བྱེད་པའི་སྙིང་སྟོབས་དང་། སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་མི་ཉུང་བ་ཞིག་མཚོན་པས། རྣམ་ཐར་དེའི་གྲགས་པ་བོད་ཡོངས་སུ་ས་ཁྱབ་རྡོ་ཁྱབ་དང་། ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱིས་དགའ་པོ་བྱེད་ཅིང་། བོད་ཀྱི་རྩོམ་རིག་ལྡུམ་རྭའི་ནང་ཆེས་མཚར་དུ་བཞད་པའི་དྲི་ལྡན་མེ་ཏོག་ཅིག་དང་མཚུངས།
  ཕུལ་བྱུང་གི་རྩོམ་པ་པོའི་བརྩམ་ཆོས་གང་འདྲ་ཞིག་ཡིན་ཡང་། དམངས་ཁྲོད་རྩོམ་རིག་གི་ཤུགས་རྐྱེན་མ་ཐེབས་པའི་རྩོམ་ཡིག་ཅིག་གཏན་ནས་ཡོང་དཀའ་བའི་ཕྱིར། ༼  མི་ལའི་རྣམ་ཐར ༽  ཡང་དམངས་ཁྲོད་རྩོམ་རིག་གི་ཞིང་ས་གཤིན་པོ་ནས་འཁྲུངས་པས། ཤིག་གིས་མལ་ཆས་མ་ཐེགས་ཀྱང་། མལ་སའི་ཕྱོགས་ཀུན་ལ་ཅུང་ཟད་ཉུལ་བར་སྤྲོ་སྟེ།
  དང་པོ། དམངས་ཁྲོད་རྩོམ་རིག་གིས༼   མི་ལའི་རྣམ་ཐར ༽ གསར་རྩོམ་ལ་ཤུགས་རྐྱེན་ཐེབས་པ།
  རྩོམ་རིག་གི་རྣམ་པ་གང་འདྲ་ཞིག་ཡིན་རུང་དེས་སྤྱི་ཚོགས་ཀྱི་འཚོ་བ་དངོས་གསལ་མཚོན་བྱ་རྒྱུ་དེ་ནི་དོར་དུ་མེད་པའི་འོས་འགན་ཞིག་ཡིན།
  སྤྱིར༼    མི་ལའི་རྣམ་ཐར ༽  ནང་བ དེན་བཞིའི་གནས་ལུགས་དང་ “ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན” བསྟན་པ་ཞིག་ཡིན་ནའང་། ཀྲུའུ་ཞི་མའོ་ཙེ་ཏུང་གིས་ “རྩོམ་ཡིག་གི་ནང་དོན་ནི། ཕྱི་རོལ་བྱ་དངོས་ཀྱི་མཚོན་ཚུལ་རེད་” ཅེས་གསུང་པ་ལྟར། རྣམ་ཐར་དེས་བོད་སིལ་བུར་ཐོར་རྗེས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བའི་སྣང་ཚུལ་མཚོན་ཡོད་པ་ནི་སྨོས་ཅི་དགོས།
  ལྷག་པར་དུ་སྐབས་དེའི་དམངས་ཁྲོད་དུ་དར་བཞིན་པའི་དམངས་ཁྲོད་རྩོམ་རིག་གིས་རྩོམ་པ་པོ་གཙང་སྨྱོན་ལ་རྣམ་ཐར་གསར་རྩོམ་ལ་མཁོ་བའི་རྗོད་བྱེད་ཀྱི་སྐད་ཆ་དང་རྩོམ་ལུས། སྒྱུ་རྩལ་གྱི་མཚོན་ཐབས་སོགས་ཕུན་སུམ་ཚོགས་པ་ཞིག་མཁོ་འདོན་བྱས་ཡོད་པ་ནི། རྣམ་ཐར་དེ་ཐོས་པ་དང་མཐོང་བ་ཀུན་གྱི་ཟུར་བལྟས་ལེབ་མཐོང་ཡིན།
  ༡ དམངས་ཁྲོད་རྩོམ་རིག་གིས༼    མི་ལའི་རྣམ་ཐར   ༽  ག སར་རྩོམ་ལ་ནང་དོན་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད།
  རྩོམ་པ་པོ་གཙང་སྨྱོན་གྱིས་མི་ལའི་རྣམ་ཐར་རྩོམ་པའི་དམིགས་ཡུལ་ནི་སྐྱེས་བུ་ཁྱད་པར་ཅན་མི་ལ་རས་པའི་ཚེ་གཅིག་གི་མཛད་པ་བརྗོད་གཞིར་བྱས་ཏེ་བདེན་བཞིའི་གནས་ལུགས་དང་། ཐར་པ་ཐམས་ཅད་མཁྱེན་པའི་ལམ་སྟོན་མཛད་ནས། བཀའ་བརྒྱུད་ཆོས་ལུགས་གྲུབ་མཐའི་ཆེ་བ་གཞན་ལ་སྒྲོག་སྤེལ་བྱེད་པ་ཞིག་ཡིན་ཡང་དེ་ལས་རིན་ཐང་ཆེ་བ་ཞིག་ནི་མི་ལའི་ཐུན་མོང་སྲིད་པ་འཇིག་རྟེན་པའི་མཛད་པ་ལས། ཁྱིམ་ཚང་གཅིག་གི་གཉེན་ཚན་བར་གྱི་འགལ་ཟླ་བརྗོད་བྱར་བྱས་ཏེ། བོད་སིལ་བུར་ཐོར་རྗེས། རྒྱུ་ཡོད་རྒྱལ་པོའི་ཚུལ་དང་། རྒྱུ་མེད་སྤྲང་པོའི་ཚུལ་གྱིས་མི་དམངས་ཀྱི་ཚེ་སྲོག་ལ་ཁྲིམས་ཀྱི་འགན་སྲུང་མེད་པར། སྐབས་དེའི་སྤྱི་ཚོགས་ཀྱི་དཔོན་ངན་ཚོས་ཁྲིམས་མེད་ལུགས་མེད་ཀྱི་འཚོ་ཐབས་བྱེད་པའི་གདུག་རྩུབ། མུན་ནག་གི་སྤྱི་ཚོགས་དེར་འཁང་ར་དང་ཐེར་འདོན་བྱེད་པའི་དམངས་ཁྲོད་བསམ་བློའི་འདུ་ཤེས་འཛིན་སྟངས་དེ་འགོག་ཐབས་མེད་པར་མཚོན་པར་བྱས་ཡོད་པས། གལ་ཏེ་རྩོམ་པ་པོས་སྐབས་དེའི་དམངས་ཁྲོད་རྩོམ་རིག་དང་དམངས་ཁྲོད་དུ་གནས་བཞིན་པའི་ལུགས་མཐུན་མ་ཡིན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པར་ཐེར་འདོན་བྱེད་པའི་བསམ་བློའི་འདུ་ཤེས་འཛིན་སྟངས་དེར་བློས་བསླངས་གསར་པ་དང་། སྒྱུ་རྩལ་གྱི་མཚོན་ཐབས་གསར་པ་སྤྱད་དེ་གསར་རྩོམ་བྱས་པ་ཞིག་མིན་ན ། ༼    མི་ལའི་རྣམ་ཐར་   ༽   དེ་བདེན་བཞིའི་གནས་ལུགས་ཀྱི་བརྗོད་དོན་ཙམ་དུ་ཟད་པས་དེ་ལྟ་བུའི་ལོ་རྒྱུས་ཀྱི་རིན་ཐང་དང་མི་དམངས་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་ལྡན་པའི་ཕུལ་བྱུང་གི་བརྩམ་ཆོས་ཤིག་གཏན་ནས་ཡོང་ཐབས་བྲལ། དེ་ཕྱིར་དམངས་ཁྲོད་རྩོམ་རིག་གིས་ནང་དོན་གྱི་རྒྱུ་ཆར་རིན་ཐང་བྲལ་བའི་བླ་སྲོག་སྦྱིན་ཡོད། 
  ༢ དམངས་ཁྲོད་རྩོམ་རིག་གི ས༼    མི་ལའི་རྣམ་ཐར་  ༽  གསར་རྩོམ་ལ་རྩོམ་ལུས་མཁོ་འདོན་བྱས་ཡོད།
  ༼     མི་ལའི་རྣམ་ཐར ༽  ནི་བོད་ཀྱི་ཕག་གྲུའི་དུས་སུ་བྱུང་བའི་བོད་དུ་གྲགས་ཆེ་བའི་རྟོགས་བརྗོད་རྩོམ་རིག་ཅིག་ཡིན།   རྟོགས་བརྗོད་རྩོམ་རིག་ལ་བྱེ་བྲག་ཏུ་རྣམ་ཐར་དང་རྟོགས་བརྗོད་ཅེས་དབྱེ་བ་གཉིས་སུ་ཕྱེ་ཆོག རྟོགས་བརྗོད་རྩོམ་སྲོལ་དེ་བོད་དུ་དར་ཁྱབ་ཆེ་ཞིང་། གནའ་རབས་ཀྱི་རྩོམ་རིག་ཁྲོད་བཙན་པོ་རིམ་བྱོན་དང་མི་ཆེན་རྣམས་ཀྱི་རྟོགས་པ་བརྗོད་པའི་བརྩམ་ཆོས་བྱུང་ཡོད། ཡིན་ནའང་སྐབས་དེའི་རྟོགས་བརྗོད་ཀྱི་བརྗོད་བྱ་གཙོ་བོ་ནི་ལོ་རྒྱུས་དོན་ཆེན་ཁག་ཡིན་པས། མི་སྣའི་རྟོགས་བརྗོད་ཅེས་བརྗོད་དཀའ་འོ།
  བོད་སིལ་བུའི་དུས་སུ་༼    མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར  ༽  གཏེར་ལས་བཏོན་པས་དུས་དེ་ནས་བཟུང་བོད་ཀྱི་རྟོགས་བརྗོད་རྩོམ་རིག་དེ་མི་སྣའི་རྟོགས་བརྗོད་དུ་འཕོ་འགྱུར་བྱུང་། ཁྱད་པར་ཉེ་རབས་རྩོམ་རིག་ནང་རྟོགས་བརྗོད་རྩོམ་རིག་དེ་གྲུབ་འབྲས་ཆེ་ཤོས་ཀྱི་རྩོམ་ལུས་ཤིག་ཡིན་ལ། རྩོམ་པ་པོའི་རྩོམ་རིག་གནས་བབས་ཧ་ཅང་མཐོན་པོར་འཛིན་བཞིན་ཡོད།
  ༼མི་ལའི་རྣམ་ཐར༽ལ ་སོགས་པའི་བོད་ཀྱི་གྲགས་ཅན་གྱི་རྟོགས་བརྗོད་རྩོམ་རིག་གི་རྣམ་པ་དེ་ཡང་ཐོག་མར་དམངས་ཁྲོད་མི་སྣའི་སྐོར་གྱི་བཤད་སྲོལ་ལམ་མི་སྣའི་སྐོར་གྱི་གཏམ་རྒྱུད་ཀྱི་རྩོམ་ལུས་རྣམ་པ་དེ་རྨང་གཞི་བྱས་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། རྣལ་འབྱོར་པ་དབང་ཕྱུག་ཆེན་པོ་མི་ལ་རས་པས་དབྱངས་སུ་གྱེར་བའི་མགུར་གླུ་དེ་དག་ཀྱང་། གནའ་རབས་དམངས་ཁྲོད་གླུ་ཚིག་གི་རྩོམ་ཐབས་སྤྱད་དེ་ནང་དོན་ཐད་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་བྱས་པ་ཞིག་ཡིན་ཕྱིར། མགུར་རྩོམ་གྱི་རྣམ་པ་དག་བོད་རང་གི་དམངས་གཞས་ཀྱི་རྩོམ་ལུས་ཀྱི་རྣམ་པ་ཁུངས་དང་གཞིར་བཟུང་ནས་བྱུང་བ་ཞིག་ཡིན་པས། དེ་ཕྱིར་དམངས་ཁྲོད་རྩོམ་རིག་གིས་༼     མི་ལའི་རྣམ་ཐར  ༽  གསར་རྩོམ་ལ་སྤྱད་ན་ཉམས་པ་མེད་པའི་རྩོམ་ལུགས་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད།
  ༣ དམངས་ཁྲོད་རྩོམ་རིག་གི་བརྗོད་པའམ་སྒྱུ་རྩལ་གྱི་སྐད་ཆས་ ༼མི་ལའི་རྣམ་ཐར༽ནང་གི་མི་སྣའི་གཟུགས་བརྙན་བསྒྲུབས་བཞེངས་དང་། རང་གཤིས། བསྟན་དོན་སྙིང་བསྡུས་ཀྱིས་མཚོན་པར་ཕན་ནུས་ཐོན་པ།
  རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས། དམངས་རྩོམ་དང་སྒེར་རྩོམ་གང་ཞིག་ཡིན་རུང་སྐད་ཆར་བརྟེན་ནས་གསོན་ཉམས་ལྡན་པའི་གཟུགས་བརྙན་བསྒྲུབས་བཞེངས་བྱེད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ་བས་རྩོམ་རིག་གི་སྒྱུ་རྩལ་རིན་ཐང་ཞེས་པའང་དེ་ལ་ཐུག་ཡོད།
  གཙང་སྨྱོན་གྱིས་༼    མི་ལའི་རྣམ་ཐར   ༽ ནང་དམངས་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་དྲང་ལྡོག་མི་སྣའི་གཟུགས་བརྙན་དེ་རྣམ་ཤེས་ཤ་ཁྲག་ལྡན་པ་ཞིག་ཏུ་བསྒྲུབས་བཞེངས་བྱས་ཡོད་པ་སྟེ། དཔེར་ན་མི་ལ་ཀློག་སློབ་དུས་སློབ་དཔོན་སྐྱིད་སྟོན་གྱི་ཆང་ས་ཆེན་པོ་ཞིག་ཏུ་སྤྱན་དྲངས་པའི་ཞབས་ཕྱིར་སོང་བས། བཟི་བིར་ནས། སྔོན་ལ་གླུ་ལེན་ཞིང་ལོག་འོངས་པས། “ཨ་མ་ནང་ན་ཡོས་རྔོད་ཀྱིན་ཡོད་པས་ཐོས་ནས་ཅི་ཟེར་སྐད། འདི་ངའི་བུའི་སྐད་འདྲ།ངེད་མ་སྨད་བས་སྡུག་པ་ནི་ས་ཐོག་ན་མེད་པས། ཁོ་ནི་གླུ་ལེན་མི་ཐད་སྙམ་ནས་ཡིད་མ་ཆེས་པར་བལྟས་པས། ཡིན་པར་ཤེས་ནས་ཧ་ལས་ཏེ། སྐམ་པ་གཡས་སུ་བོར། ཡོས་དཀྲུགས་གཡོན་དུ་བོར། ཡོས་རྔོས་འཕྲོ་ཚིག་ཏུ་བཅུག ལག་པ་གཡས་སུ་ཡོག་པ་ཞིག་ཁྱེར། གཡོན་དུ་ཐལ་བ་སྦར་གང་ཁྱེར། སྐས་རིང་བ་ལ་བབས། ཐུང་བ་ལས་མཆོངས་ནས་ཕྱིར་ཐོན་བྱུང་སྟེ……” ཞེས་པའི་དམངས་ཁྲོད་ཁ་སྐད་ཀྱི་བརྗོད་པ་འདི་དག་ལ། ཡུམ་མྱང་ཚ་དཀར་རྒྱན་ལ་དགྲ་གཉེན་ཆགས་སྡང་གི་དབྱེ་བ་གསལ་ཞིང་། སྤྱིར་བཏང་མ་ཡིན་པའི་བོད་རིགས་འཚོ་བའི་ཁྲོད་ཀྱི་ཨ་མ་ཞིག་གི་བྱ་འགུལ་དང་གཏམ་བརྗོད་མངོན་སུམ་དབང་པོའི་ཡུལ་དུ་གྱུར་བ་ལྟ་བུར་དམངས་ཁྲོད་ཁ་སྐད་ཀྱི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་གཟུགས་བརྙན་ཞིབ་འབྲི་བྱས་ཡོད།
  ཡང་དཔེར་ན་ལྟོ་གོས་ངན་པའི་རྐྱེན་གྱིས “ཁ་མདོག་སྐྱ་ལ་ཤོ་རིད་པ། སྐྲ་དང་པོ་གསེར་གཡུའི་རལ་པ་ཉིལ་ལེ་བ་ལ། ཕྱིས་སྐྱ་བོ་སེང་སེང་ཤིག་སྲོའི་རལ་པ་ཉིལ་ལེ་བ་བྱུང་” ཞེས་པའི་སྙན་ངག་དང་མངོན་བརྗོད་སོགས་རྒྱན་གྱིས་མ་བཅིངས་པའི་དམངས་ཁྲོད་ཁ་སྐད་ཀྱི་བརྗོད་པ་འདི་ལས། མྱང་ཚ་དཀར་རྒྱན་མ་བུ་གསུམ་གྱི་ཡ་ང་ཞིང་ཉམ་ཐག་པའི་འཚོ་བ་དེ་མཚོན་པ་མ་ཟད། ལྷག་དོན་དུ་མྱང་ཚ་དཀར་རྒྱན་གྱི་ཉམས་ཐག་གི་ཕྱིའི་གཟུགས་བརྙན་དེ་འབུར་དུ་ཐོན་པ་ཞིག་ཏུ་ཞིབ་འབྲི་བྱས་ཡོད།
  གཞན་ཡང་ལྡོག་ཕྱོགས་མི་སྣའི་གཟུགས་བརྙན་བསྒྲུབས་བཞེངས་ཐད། རྣམ་ཐར་ལས་ “ཁྱེད་ཀྱི་ནོར་རམ་དེ་གང་ན་ཡོད་པ་ཡིན། ཁོ་རང་འཆི་ཁར་ནོར་བདག་པོ་ལ་སྤྲད་པ་ཡིན། ཁྱོད་ཀྱིས་ཁ་ཆེམས་ཡི་གེ་སུམ་བྲིས། སྣ་བུས་སྟན་ལས་ཧར་ལངས་བྱས་ཏེ། སེལ་གོལ་གཏོགས་ཐུབ་བ་སྤྲུགས། རྐང་པ་བརྡབས། ཨ་མ་ཐལ་ལྕག་གིས་བརྡུངས། ངེད་མིང་སྲིང་གཉིས་ཕུ་དུང་གི་ལྕག་གིས་བརྡུངས་” ཞེས་པའི་བརྗོད་པ་འདི་ལྟ་བུ། རྩོམ་པ་པོས་དམངས་ཁྲོད་ཁ་སྐད་ཞུན་བརྡར་གྱིས་སྙིང་བཅུད་བླངས་ནས། ཁ་སྐད་རང་བཞིན་ལྡན་པའི་སྒོ་ན་ཨ་ཁུ་དང་ཨ་ནེའི་ཁྲེལ་དང་ངོ་ཚ་བྲལ་ཞིང་ཡ་ང་སྙིང་རྗེ་མེད་པའི་རྩུབ་སྤྱོད་གཟུགས་བརྙན་བཞིན་མཚོན་པས། གལ་ཏེ་རྩོམ་པ་པོས་དམངས་ཁྲོད་ཁ་སྐད་རང་བཞིན་ལྡན་པའི་རིན་བྲལ་གྱི་སྐད་ཆའི་སྒྱུ་རྩལ་དེ་དག་ལོངས་སྤྱོད་བྱས་མེད་ཚེ། མི་སྣའི་གཟུགས་བརྙན་ཞིབ་འབྲི་རྩེར་སོན་པའི་ཕུལ་བྱུང་གི་བརྩམས་ཆོས་འདི་ལྟ་བུ་ཞིག་བྱུང་བ་ཤིན་ཏུ་དཀའ། དེ་ཕྱིར་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་སྐད་ཆས་རྣམ་ཐར་གསར་རྩོམ་གྱི་མི་སྣའི་གཟུགས་བརྙན་གསར་སྐྲུན་ལ་ཕན་ནུས་ཆེན་པོ་ཐོན་ཡོད།
  དམངས་ཁྲོད་གཏམ་དཔེའི་སྐད་ཆའི་སྒྱུ་རྩལ་གྱིས་མི་སྣའི་རང་གཤིས་དང་བསྟན་དོན་སྙིང་བསྡུས་ཀྱིས་མཚོན་པར་ནུས་པ་ཐོན་པ་སྟེ། དཔེར་ན་རྣམ་ཐར་དུ་ཨ་མ་གྲལ་གྱི་དབུས་སུ་ལངས་ཏེ། “ འོ་ལགས་སོ། བུ་སྐྱེས་པ་ལ་མིང་།ཆང་དྲངས་པ་ལ་གཏམ་ བྱ་བར་གདའ་བ། ཡང་གཏམ་ཚིག་གསུམ་ཞིག་གཏོང་བ་ལགས་པས…… ” ཞེས་པའི་དམངས་ཁྲོད་གཏམ་དཔེའི་སྐད་ཆའི་སྒྱུ་རྩལ་འདིས། མྱང་ཚ་དཀར་རྒྱན་ནི་འཚོ་བ་ཉམས་ཐག་གི་གནས་སུ་ལྷུང་ཡང་བཤད་ཕོད་པ་དང་སྒྲུབ་ཕོད་པའི་རང་གཤིས་ཅན་གྱི་བུད་མེད་ཅིག་ཡིན་པ་གསལ་པོར་མཚོན་ཡོད། “མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན་” གཞན་ནོར་བདག་བཟུང་བྱེད་པའི་རང་གཤིས་མཚོན་པ། “སྔ་གདང་རྒྱུག་དང་། དུད་པ་ལངས་རྒྱུག” ཅེས་པའི་གཏམ་དཔེ་ལས། མ་སྨད་གཉིས་པོས་སྡུག་བསྲན་ཆེན་པོས་མི་གཡོག་རྒྱུགས་ཏེ་ནོར་ཅི་རྙེད་བྱས་པའི་བསྟན་དོན་དེ་སྙིང་བསྡུས་ཀྱིས་མཚོན་པས། དམངས་ཁྲོད་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་གྱིས་མི་སྣའི་གཟུགས་བརྙན་བསྒྲུབས་བཞེངས་དང་། མི་སྣའི་རང་གཤིས། བསྟན་དོན་སོགས་སྙིང་བསྡུས་ཀྱིས་མཚོན་པར་རིན་ཐང་བྲལ་བའི་སྒྱུ་རྩལ་གྱི་ནུས་པ་ཐོན་ཡོད།
  ༤ དམངས་ཁྲོད་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་ཀྱིས་ ?མི་ལའི་རྣམ་ཐར? གསར་རྩོམ་ལ་ཕན་ནུས་ཐོན་པ།
  ༼     མི་ལའི་རྣམ་ཐར   ༽ ལ་ཞིབ་ཏུ་བལྟས་ནས་སྒྱུ་རྩལ་གྱི་མཚོན་ཐབས་མི་ཉུང་བ་ཞིག་རྩོམ་པ་པོ་གཙང་སྨྱོན་གྱིས་སྔོན་མེད་གསར་གཏོད་བྱས་པ་ཞིག་མ་ཡིན་པརདམངས་ཁྲོད་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་དཔེ་གཞིར་བཟུང་བ་ནི་མངོན་སུམ་དུ་རྟོགས་ཐུབ། 
 
  དཔེར་ན་མི་ལའི་རྣམ་ཐར་དུ་མི་ལ་རས་པ་བླ་མ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོས་མཐུའི་གདམས་ངག་གནང་བ་དང་མཐུ་བསྒྲུབས་ནས་ཉིན་ཞག་བཅུ་བཞི་འགྲོ་བའི་ནུབ་མོར་བླ་མ་བྱོན་ཏེ། དོ་ནུབ་དཀྱིལ་འཁོར་གྱི་མཐར་མཐུའི་རྟགས་འོང་བ་ཡོད་དོ་གསུངས། དེའི་ནུབ་མོར་བཀའ་སྲུང་དམ་ཅན་རྣམས་ཀྱིས་མི་མགོ་གསུམ་ཅུ་སོ་ལྔ་དོན་སྙིང་དང་བཅས་དམར་ཙར་རེ་ཁྱེར་བྱུང་ཞེས་པ་ལྟ་བུ་རྩོམ་པ་པོས་དམངས་ཁྲོད་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ་ཉམས་ཆུང་ནུས་མེད་ཀྱིས་མཐུ་ནུས་ཁྱད་པར་ཅན་ལ་བརྟེན་ནས། སྐབས་དེའི་སྤྱི་ཚོགས་ཀྱི་དཔོན་ངན་དབང་གཤེད་ཅན་ལས་རྣམ་པར་རྒྱལ་བར་བྱེད་པའི་དམངས་ཁྲོད་ཀྱི་བསམ་དོན་དེ་མཚོན་པར་བྱས་ཡོད།
  མི་ལའི་མཐུ་རྟགས་དང་པོ་ཐོན་རྗེས། མྱང་ཚ་དཀར་རྒྱན་གྱིས་མཐུ་གཉིས་པ་སེར་བ་གྱང་རིམ་དགུ་ཡོད་ཟེར་བ་ཞིག་ཕོབས་ཞེས་བསྐུལ་བ་དང་། རྒྱགས་བསྐུར་བའི་འཕྲིན་དུ “རྒྱགས་ཆད་ན་ལུང་པ་ཁ་བྱང་དུ་ལྟ་བ་སྤྲིན་ནག་པོ་ལྡིང་ཞིང་། སྐར་མ་སྨིན་དྲུག་འཆར་བའི་འོག་ན། རང་རེའི་ཉེ་ཚན་གྲོང་པ་བདུན་ཡོད་པས་དེ་ནས་རྒྱགས་ཅི་འདོད་
འོང་བ་ཡོད་པས་ལོངས་ཙད་མ་ཆོད་ན། ལུང་པ་དེའི་ནང་ན། རྣལ་འབྱོར་པ་འདི་རང་བཞུགས་པ་ཡིན་པས། གཞན་དུ་མ་དྲིས་” ཞེས་པ་ལྟ་བུ་རྩོམ་པ་པོས་དམངས་ཁྲོད་གབ་ཚིག་གི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ་མྱང་ཚ་དཀར་རྒྱན་གྱི་བློ་གྲོས་དང་སྤྱང་གྲུང་མཚོན་པར་བྱས་ཡོད།
  གོང་དུ་བརྗོད་པའི་དཔེ་བཞིན། དམངས་ཁྲོད་ཀྱི་བསྡུས་བརྗོད་དང་གབ་ཚིག་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་སོགས་དམངས་ཁྲོད་ཀྱི་སྒྱུ་རྩལ་མཚོན་ཐབས་ཀྱིས་ ༼མི་ལའི་རྣམ་ཐར༽གས ར་རྩོམ་ལ་ཕན་ནུས་ཆེན་པོ་ཐོན་པ་ནི་བཟློག་ཏུ་མེད་པའི་བདེན་དཔང་བྱས་ཡོད།
གཉིས་པ། ༼     མི་ལའི་རྣམ་ཐར  ༽   གྱིས་དམངས་ཁྲོད་རྩོམ་རིག་ལ་ཤུགས་རྐྱེན་ཐེབས་པ།
  དམངས་ཁྲོད་རྩོམ་རིག་རང་ངོས་ལ་འཚོ་གནས་ཀྱི་ནུས་པ་ཡོད་པ་ལ་བརྟེན་པ་ཙམ་མ་ཟད། དམངས་ཁྲོད་རྩོམ་རིག་ནི་རྩོམ་པ་པོའི་རྩོམ་རིག་གསར་རྩོམ་ལ་བླངས་ན་རྫོགས་མཐའ་མེད་པའི་རྒྱུ་ཆ་ཞིག་དང་སྤྱད་ན་ཉམས་པ་མེད་པའི་མིག་དཔེ་ཞིག་ཡིན་པས་རྩོམ་པ་པོའི་རྩོམ་རིག་གིས་ཕན་ནུས་ངེས་ཅན་ཐོན་ཡོད།
  ༡༼    མི་ལའི་རྣམ་ཐར  ༽   གྱི ས་དམངས་ཁྲོད་རྩོམ་རིག་བསྡུ་སྒྲིག་དང་ཉར་ཚགས། རྒྱུད་འཛིན་ཐུབ་པར་ཕན་ནུས་ཐོན་པ།
  ༼     མི་ལའི་རྣམ་ཐར   ༽   ནང་རྩོམ་པ་པོས་སྐབས་དེའི་དམངས་ཁྲོད་དུ་དར་བཞིན་པའི་གཏམ་དཔེ་མི་ཉུང་བ་ཞིག་བརྗོད་དོན་མཚོན་པར་རྒྱབ་རྟེན་དུ་བཅོལ་ཡོད་པ་སྟེ། དཔེར་ན་“ཁྱོད་ཕྱུག་ཆུང་མ་གྲུང་། བལ་འཇམ་སྣམ་བུ་ལེགས”ཞེས་པ་དང་“མང་ན་དམག་དྲོངས། ཉུ ང་ན་མཐུ་ཐོ ངས” ཞེས་པ་ལ་སོགས་དམངས་ཁྲོད་ཀྱི་གཏམ་དཔེ་མི་ཉུང་བ་ཞིག་ཆེད་མངགས་དང་ཆེད་མངགས་མ་ཡིན་པའི་ཐོག་ནས་སྐབས་དེའི་དམངས་ཁྲོད་གཏམ་དཔེ་བསྡུ་སྒྲིག་དང་ཉར་ཚགས་ཀྱི་ཕན་ནུས་ཐོན་ཡོད་པ་མ་ཟད། རྩོམ་པ་པོ་གཙང་སྨྱོན་གྱིས་དམངས་ཁྲོད་མི་སྣའི་སྐོར་གྱི་བཤད་སྲོལ་ལམ་གཏམ་རྒྱུད་ཀྱི་རྩོམ་ལུས་རྣམ་པ་དེ་རྒྱུད་འཛིན་བྱས་ཏེ་རྣམ་ཐར་གསར་རྩོམ་མཛད་པས། དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་རྒྱུད་འཛིན་གྱི་ཕན་ནུས་ཐོན་ཡོད། མདོར་ན་ ?མི་ལའི་རྣམ་ཐར? གྱིས་དམངས་ཁྲོད་རྩོམ་རིག་བསྡུ་སྒྲིག་དང་ཉར་ཚགས། རྒྱུད་འཛིན་སོགས་ལ་ཕན་ནུས་ངེས་ཅན་ཐོན་ཡོད།
  ༢ ༼     མི་ལའི་རྣམ་ཐར   ༽   གྱིས་དམངས་ཁྲོད་རྩོམ་རིག་གི་བསམ་བློའི་ནང་དོན་དང་སྒྱུ་རྩལ་ཐད་མཐོར་འདེགས་ཀྱི་ནུས་པ་ཐོན་པ།
  ༼    མི་ལའི་རྣམ་ཐར   ༽ ནང་གི་མགུར་གླུ་དེ་དག་ལ་མཚོན་ན། སྤྱིར་གནའ་རབས་གླུ་ཚིག་གི་སྒྱུ་རྩལ་མཚོན་ཐབས་རྨང་གཞིར་བྱས་པ་ཞིག་ཡིན་ནའང་། བསམ་བློའི་ནང་དོན་དང་སྒྱུ་རྩལ་ཐད་གང་སྤྱིར་གནའ་རབས་གླུ་ཚིག་གི་ཚད་ལས་བརྒལ་ཏེ་དམངས་རྩོམ་ལ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་བྱེད་པའི་བསམ་བློའི་སྒྱུ་རྩལ་
གྱི་སྙིང་བཅུད་གསར་པ་ཞིག་སྦྱིན་ཏེ་ད་ཆ་རང་རྐྱ་འཕེར་བའི་སྙན་རྩོམ་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་པས། རྩོམ་པ་པོའི་ཤེས་རབ་རྩལ་གྱིས་དམངས་ཁྲོད་རྩོམ་རིག་གི་བསམ་བློའི་ནང་དོན་དང་སྒྱུ་རྩལ་ཐད་རིན་ཐང་གི་ཚད་གཞི་མཐོན་པོ་ཞིག་ཏུ་སླེབས་པའི་ཕན་ནུས་ཐོན་ཡོད།
  མདོར་ན་རྩོམ་པ་པོ་གཙང་སྨྱོན་ཧེ་རུ་ཀས་ ?མི་ལའི་རྣམ་ཐར?ག སར་རྩོམ་གནང་བ་དེས་དམངས་ཁྲོད་རྩོམ་རིག་བསྡུ་སྒྲིག་དང་། ཉར་ཚགས། རྒྱུད་འཛིན་སོགས་ལ་ཕན་པ་ཙམ་མ་ཟད་དམངས་ཁྲོད་རྩོམ་རིག་གི་བསམ་བློའི་ནང་དོན་དང་སྒྱུ་རྩལ་མཐོར་འདེགས། ལྷག་པར་དུ་དམངས་ཁྲོད་རྩོམ་རིག་ཁྱབ་སྤེལ་ཐད་རིན་ཐང ; གཞལ་དུ་མེད་
པ་ཞིག་བསྐྲུན་ཡོད།
མཇུག་གི་གཏམ།
  “བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ” ནི་དམངས་ཁྲོད་རྩོམ་རིག་སྟེ་དེ་ནི་རྩོམ་རིག་བང་མཛོད་ནང་གི་ཆེས་ཁྱད་དུ་འཕགས་པའི་བུམ་པ་ཞིག་ཡིན་ལ། རྩོམ་རིག་སྤྱིའི་མ་མའམ་འབྱུང་ཁུངས་ཀྱི་བདུད་རྩི་ལྟ་བུ་ཞིག་ཀྱང་ཡིན།
  རྩོམ་པ་པོས་སྒེར་གྱི་གསར་རྩོམ་ལ་བླངས་ན་རྫོགས་མཐའ་མེད་པའི་རྒྱུ་ཆ་ཞིག་ཡིན་ལ། སྤྱད་ན་ཉམས་པ་མེད་པའི་མིག་དཔེ་ཞིག་ཀྱང་ཡིན།
  འདས་ཟིན་པའི་གྲགས་ཅན་གྱི་རྩོམ་པ་པོའི་ཕུལ་བྱུང་གི་བརྩམ་ཆོས་གང་འདྲ་ཞིག་ཡིན་ཡང་དམངས་རྩོམ་གྱི་ཞིང་ས་གཤིན་པོ་ནས་འཁྲུངས་པའི་འབྲས་བཟང་ཞིག་ཡིན་ལ་འབྱུང་འགྱུར་གྱི་བརྩམ་ཆོས་གང་འདྲ་ཞིག་བྱུང་ཡང་དམངས་རྩོམ་གྱི་ཆུ་མགོ་དང་བྲལ་བའི་ཆུ་གཞུག་ཅིག་གཏན་ནས་ཡོང་མི་སྲིད།
  དམངས་རྩོམ་ལ་འདས་ཟིན་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་དང་བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་འདས་དོན་ཤེས་རྟོགས་ཐུབ་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཡོད་ལ། ད་ལྟའི་སྤྱི་ཚོགས་འདི་ཉིད་ཡར་ཐོན་གྱི་ཕྱོགས་སུ་སྐུལ་བ་དང་བསམ་པའི་དཔལ་ཡོན་དར་བར་བྱེད་པར་སློབ་གསོའི་རིན་ཐང་གཞལ་དུ་མེད་ཕྱིར། སྤྱི་ཚོགས་ལས་རིགས་ཁག་གི་ཤེས་ལྡན་པ་རྣམས་དང་ལྷག་དོན་དུ་སློབ་གསོའི་ལས་དོན་ཐོག་དུ་ཕྱག་ལས་གནང་མཁན་དགེ་བའི་བཤེས་གཉེན་རྣམས་པས། དམངས་ཁྲོད་རྩོམ་རིག་བསྡུ་སྒྲིག་དང་མྱུར་སྐྱོབ་ཀྱི་ལས་ཀར་རང་ནུས་ཡོད་རྒུས་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་སྙིང་ནས་ཞུའོ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716