སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོར་ནས་ལོ་ངོ་བདུན་ཅུ་འགོར་བའི་རྩོམ་པ་པོ་ཨེག་སུ་ཕེ་རེ་དང་ཁོའི《རྒྱལ་སྲས་ཆུང་ཆུང》
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟླ་བ།

སྒྲིག་པ་པོའི་མཆན།

ད་ལོ་ནི་རྒྱལ་སྲས་ཆུང་ཆུང་གི་རྩོམ་པ་པོ་ཨན་ཏོ་ནེ་ཏེ་སིན་ཐི་ཨེག་སུ་ཕེ་རེ(Antoine de Saint-Exupery)ཁོང་གར་སོང་རྗེས་མེད་དུ་གྱུར་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡིན་པ་སྟེ།   སྤྱི་ལོ1944ལོར་ཁོས་མཉེན་ལྕུག་དོད་པའི་ལེ་ཐི་ཉིན་གནམ་གྲུ་ལ་ཁ་ལོ་བསྒྱུར་ནས་བར་སྣང་གི་དབྱིངས་སུ་ཕྱིན་པ་དང་དུས་དེ་ནས་གར་སོང་ཆ་མེད་དུ་བོར་བར་གྱུར་པ་རེད།   ཁོའི་གནམ་ལ་འཕུར་བའི་ཟིན་ཐོ་ཡི་སྟེང་དུ་ཕྱིར་མ་ལོག་ཅེས་ཡིག་འབྲུ་འགའ་མ་གཏོགས་ཅི་ཡང་བཀོད་ཡོད་མི་འདུག    གནམ་གྲུའི་ཁ་ལོ་པ་ཁོང་དེ་ལྟར་མི་ཡུལ་དང་བྲལ་བར་གྱུར་ནའང་ཁོས་མི་ཡུལ་ལ་བསྐྱུར་བའི་རྒྱལ་སྲས་ཆུང་ཆུང་དེ་ཉིད་དུས་གཏན་དུ་ས་སྒང་འདི་རུ་འཚོ་གཞེས་གནང་བཞིན་ཡོད་པ་རེད།

ཨན་ཏོ་ནེ་ཏེ་སིན་ཐི་ཨེག་སུ་ཕེ་རེ་ནི་སྐུ་ཚེ་གང་པོར་ལས་ཉེན་ཁ་ཅན་དང་རང་དབང་གི་སྣང་བ་ལ་ཞེ་དྲག་དགའ་པོ་ཡོད་པས་གནམ་གྲུ་ཀུང་ཟི་ཞིག་ཏུ་ཁ་ལོ་པ་མཛད་པའི་ཚེ་ནའང་གནམ་གྲུ་ཡི་འཕུར་ལམ་གསར་པ་མང་པོ་ཞིག་གསར་དུ་ཕྱེས་ཡོད་པ་རེད།

སྤྱི་ལོ1944ལོའི་ཟླ7པའི་ཚེས31ཉིན་ཁོ་རང་གནམ་གྲུ་འཕུར་ཐེངས་ཤིག་ཏུ་གར་སོང་ཤུལ་མེད་དུ་གྱུར་ཅིང་རྒྱུ་མཚན་ཅི་ཡིན་ལའང་ད་དུང་གསལ་ཁ་ཅི་ཡང་བྱུང་ཡོད་མི་འདུག་པས་མི་རྣམས་ཡ་མཚན་པར་བྱེད་པའི་གསང་བའི་རྣམ་ཐར་ཞིག་ཏུ་གྲུབ་ཡོད་པ་རེད་འདུག    ཡིན་ནའང་ས་སྒང་རིལ་མོ་འདི་ལས་རྗེས་ཤུལ་བོར་བའི་ཁོང་གིས་མི་ཡུལ་ལ་ཇི་སྲིད་དུ་ཉམས་པ་མེད་པའི་ལག་རྗེས་རིན་མེད་ཅིག་བཞག་ཡོད་པ་རེད་དེ་དེ་ནི་ཁོང་གི་བརྩམས་ཆོསརྒྱལ་སྲས་ཆུང་ཆུངཡིན་པ་རེད།     དེབ་དེ་པར་དུ་བསྐྲུན་པ་ནས་ད་བར་དུ་འཛམ་གླིང་ཟླུམ་པོའི་སྒང་གི་རྒྱལ་ཁབ་སོ་སོར་ཧ་ལམ་དུང་ཕྱུར་བདུན་ལྷག་བཀྲམ་ཡོད་འདུག་པས་ནུབ་ཕྱོགས་ཀྱིདམ་པའི་གསུང་རབརྗེས་ཀྱི་ཀློག་རིན་ཆེས་ཆེ་བའི་དེབ་ཏུ་བརྩིས་ཡོད་པ་རེད།

སྤྱི་ལོ1935ལོར་སིན་ཐི་ཨེག་སུ་ཕེ་རེ་ལགས་མེ་འཁོར་ལ་བཞུགས་ནས་མོ་སི་ཁོ(Moscow)ལ་ཆས་ཤིང་གློག་སྒྲོན་གྱི་འོག་ཏུ་ཁོང་གིས་རྨི་ལམ་གྱི་ཞིང་ཁམས་སུ་མྱུལ་བཞིན་པའི་བྱིས་པ་ཞིག་མཐོང་བ་དང་།    གདོང་སྙིང་ཉེ་བར་བྱེད་པ་དེས་ཁོང་གི་སེམས་ལ་ས་སྟེང་གི་བྱིས་པ་ཐམས་ཅད་སྒྲུང་ནང་གི་རྒྱལ་སྲས་རེ་རེ་ཡིན་པར་འདོད་པའི་བློ་ཞིག་སྐྱེ་རུ་བཅུག    ལོ་དེའི་ཟླ12པར་སིན་ཐི་ཨེག་སུ་ཕེ་རེ་དང་ལག་རྩལ་པ་གཉིས་ཀས་གྲོང་ཁྱེར་ཕ་རི་སི་ནས་སི་ཀོང་ལ་ཐད་ཀར་འཕུར་ནས་སྔ་ན་མེད་པའི་འཕུར་ལམ་ཞིག་གསར་དུ་བཟོ་བསམ་ནས་གྲོང་ཁྱེར་ཁེ་རོ(Cairo)དང་སྤྱི་ལེ200ལྷག་གི་མཚམས་ཀྱི་བྱེ་ཐང་གི་བར་སྣང་དུ་མགོ་བོ་འཁོར་ཏེ་གནམ་གྲུའི་གཤོག་ཡས་ལ་འཐམ་ནས་ཁ་ཕྱོགས་འཚོལ་སྐབས་ལ་ངོས་ཤིག་ལ་གནམ་གྲུ་བརྡབ་ཡོད་པ་རེད་འདུག    གཤིན་རྗེའི་ཕོ་ཉ་ཡིས་འཁྲིད་ལ་ཉེ་བའི་ཉིན་གསུམ་པའི་ཉིན་དེར་སྟབས་ཡག་ནས་ཨ་རབ་ཀྱི་འབྲོག་པ་ཞིག་གིས་སྲོག་བསྐྱབས་ཡོད་པ་རེད་ལ་སྔ་ཕྱིའི་དོན་འདི་གཉིས་ཁོང་གིས་རྒྱལ་སྲས་ཆུང་ཆུང་འབྲི་བའི་རྒྱུ་རྐྱེན་དུ་གྱུར་པ་རེད་འདུག

སིན་ཐི་ཨེག་སུ་ཕེ་རེ་ཡིས་མཐོངས་ཡངས་པའི་བར་སྣང་ནས་མིའི་རིགས་ནི་རི་བོ་དང་བྱེ་མ་དང་ཚྭ་ཁུལ་དང་རྒྱ་མཚོ་ཡིས་ཧ་ལམ་ཁེངས་བསྡད་ཡོད་པའི་གོ་ལ་ཞིག་ཏུ་འཚོ་བ་དང་།    དེའི་སྟེང་གི་ཚེ་སྲོག་དག་ནི་གྱང་རྩིག་གི་སྟེང་དུ་སྐྱེས་པའི་ཤ་བལ་དང་འདྲ་བར་རྡོ་དང་ཟེགས་མའི་གསེང་དུ་ཐ་རེ་ཐོར་རེའི་ངང་དུ་གནས་ཡོད་པར་མཐོང་བས།    ཁོང་གི་སེམས་ལ་མི་ཚེ་ནི་མཐར་གཏུག་ན་དཀོན་མཆོག་གི་གནང་བའི་ལེགས་སྐྱེས་ཤིག་མ་ཡིན་པར་སྐྱེ་བོ་རང་རང་གིས་གདོང་གཏད་དགོས་པའི་གནད་ཅིག་ཏུ་བསམ་ཡོད་པ་རེད་འདུག   ད་ལྟ་ང་ཡིས་བྱེད་བཞིན་པའི་ལས་ཐམས་ཅད་ཀྱིས་རེ་རེ་བཞིན་ང་ཡི་འབྱུང་འགྱུར་གྲུབ་ཀྱི་ཡོད་པ་རེད།   འདི་ནི་སར་ཐྲེ(Jean-Paul Sartre)ཡི་གཞི་གྲུབ་རིང་ལུགས(Existentialism)ཀྱི་ལྟ་བ་དང་ཤིན་ཏུ་འདྲ།   མི་ནི་འཇིག་རྟེན་འདི་རུ་སྤྱུགས་པ་ཡིན་པས།    ངེས་པར་དུ་རང་སོ་སོས་གདམ་ག་བྱེད་དགོས།     དེའི་ཕྱིར་རྩོམ་པ་པོ་ཁོ་རང་གཤམ་གྱི་ལྟ་བ་འདི་ལ་འཐད་མིན་སུས་ཀྱང་མི་དཔོག་ནའང་།    སར་ཐྲེ་ཡིས་སིན་ཐི་ཨེག་སུ་ཕེ་རེ་ཡི་བརྩམས་ཆོསམིའི་རིགས་ཀྱི་ས་གཞིཞེས་པ་དེ་གཞི་གྲུབ་རིང་ལུགས་ཀྱི་ཚབ་མཚོན་དུ་རྩི་བཞིན་ཡོད་པ་དང་ཧེ་དེ་གེར(Martin Heidegger)གྱིས་ཀྱང་རྒྱལ་སྲས་ཆུང་ཆུང་གཞི་གྲུབ་རིང་ལུགས་ཀྱི་བརྩམས་སྒྲུང་དཔེ་མེད་ཅིག་ཏུ་རྩི་བཞིན་ཡོད་པ་རེད་འདུག

འཛམ་གླིང་ཟླུམ་པོའི་སྒང་གི་ཀློག་པ་པོ་དག་ཆ་བཞག་ན་རྒྱལ་སྲས་ཆུང་ཆུང་ནི་བྱིས་སྒྲུང་ཡིད་ཀྱི་དང་བ་འདྲེན་ཞིང་ཉམས་དགའ་བར་བྱེད་པ་ཞིག་ཡིན་པ་རེད།     ཚོར་བ་རྣོ་ཞིང་སེམས་རྩ་ཞིབ་པའི་རྒྱལ་སྲས་ཆུང་ཆུང་དང་ཁ་ནས་ངའོ་སྙམ་ཞིང་ཞེ་རྩ་ཤིན་ཏུ་གཉོམ་པའི་རྒྱ་སེ་མེ་ཏོག་དང་།    སེམས་པ་དཀར་ཞིང་རིག་པ་བཀྲ་བའི་ཝ་མོ་ཆུང་ཆུང་།    ད་དུང་གོ་ལ་ཆུང་ངུ་རེ་རེའི་སྟེང་གི་བདག་པོ་གཤིས་ཀ་ཁྱོན་ནས་མི་འདྲ་བ་དེ་དག་ཐམས་ཅད་ཀློག་པ་པོས་བཀླགས་མ་ཐག་ཏུ་ཡིད་ལས་འབོར་ཐབས་བྲལ་བའི་གང་ཟག་ཅིག་ཏུ་འགྱུར་བ་གདོན་མི་ཟ།    བར་སྣང་ཁམས་ཀྱི་འགྲུལ་བཞུད་ཉམས་མཚར་ཞིང་ཀུན་རྟོག་གིས་ཕྱུག་པ་དེ་རུ་རྒྱལ་སྲས་ཆུང་ཆུང་གིས་རང་ཅག་ལ་དོན་གྱི་ངོ་བོ་ནི་ཆུ་བུར་གྱི་མིག་གིས་མི་མཐོང་བས་སེམས་ཀྱི་མིག་གིས་འཚོལ་དགོས་པའི་གནས་ལུགས་བསྟན་ཡོད་པ་རེད་ལ།    ཁོའི་ར་རི་བྲལ་བའི་སེམས་པ་དང་ཡིད་དུ་འོང་བའི་སྐྱོ་ཤས་ཀྱི་དབང་གིས་ཀློག་པ་པོ་བགྲང་ལས་འདས་པ་ཞིག་ཁོ་ལ་དགའ་བཞིན་ཡོད་པ་རེད།   སིན་ཐི་ཨེག་སུ་ཕེ་རེ་ཡིས་རྒྱལ་སྲས་ཆུང་ཆུང་གི་སྔོན་དུ་ཞུ་བའི་གཏམ་དུ་དེབ་འདི་ནི་ད་ལྟ་ལོ་ཡིས་ཟིན་པའི་རྒན་པོ་དག་གི་བྱིས་པའི་དུས་སྐབས་ལ་ཕུལ་བ་ཡིན་ཞེས་འཁོད་ཡོད་པ་རེད།     སྤྱི་ལོ1943ལོར་རྒྱལ་སྲས་ཆུང་ཆུང་དཔར་དུ་བཏབ་པ་ནས་བཟུང་ད་ལྟའི་བར་དུ་འཛམ་གླིང་གི་སྐད་རིགས་བརྒྱ་ལྷག་དུ་བསྒྱུར་ཡོད་པར་མ་ཟད་གློག་བརྙན་དང་ཟློས་གར་སོགས་ཀྱི་རྣམ་པ་ལའང་བསྒྱུར་ཡོད་པས་དུས་རབས་ཉི་ཤུ་པའི་ནང་རྒྱུགས་ཆེས་ཆེ་བའི་བྱིས་སྒྲུང་འདི་ལ་ཀློག་པ་པོ་རྒན་གཞོན་དང་བྱིས་པ་དར་མ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད་འདུག    སིན་ཐི་ཨེག་སུ་ཕེ་རེ་ཉིད་ཚེ་དུས་བྱས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་ལོ་དེར་ཁོའི་དབུ་བརྙན་ཧྥ་རན་སིའི་དངུལ་སྒོར་ལྔ་བཅུ་མའི་སྟེང་དུ་བཀོད་དེ་ཁོང་ལ་རྗེས་དྲན་མཛད་ཡོད་ཅིང་།    ཡང་མིག་རྡེབ་དབང་ཙམ་གྱི་རིང་ལ་སིན་ཐི་ཨེག་སུ་ཕེ་རེ་ཉིད་ཚེ་ལས་འདས་ནས་ལོ་བདུན་ཅུ་འཁོར་བའི་དུས་སུ་སླེབས་ཡོད་ལ་རྒྱལ་སྲས་ཆུང་ཆུང་གི་གཏམ་རྒྱུད་ལ་ཀློག་པ་པོ་སྔར་བས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་དེབ་ཀྱི་རྣམ་པ་ཙམ་མ་ཟད་རྣམ་པ་གསར་པ་གང་མང་མང་ཞིག་གི་ལམ་ནས་རྒྱལ་སྲས་ཆུང་ཆུང་གིས་རང་ཅག་གི་འཚོ་བའི་ཁྲོད་དུ་བརྩེ་བ་དང་མཛེས་པ་བརྗོད་གཞིར་མཛད་པའི་བྱིས་སྒྲུང་ཞིག་བཤད་དང་ཤོད་ཀྱིན་ཡོད་པ་རེད། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716