སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཇམ་མགོན་ས་པན་གྱི་སྐུ་ཚེའི་མཛད་པ་དང་ སྦྱར་བའི་རྟོགས་བརྗོད་བཞུགས།
སྤེལ་དུས། 2016-04-22   ཡོང་ཁུངས། གངས་ལྗོངས་ཉི་གཞོན།   རྩོམ་པ་པོ།  འཁོར་སྤྲུལ་བྱ་བྲལ་ཉི་མ།

ཆོས་རྗེ་ས་པན་ཉིད་འཇིག་རྟེན་གྱི་ཁམས་ན་མིའི་སྐྱེ་བ་ལན་གཅིག་བཟུང་པ་དང་། ཡང་ན་མཚན་མཆོག་སུམ་ལྡན་གྱི་ས་སྐྱའི་གདུང་རྒྱུད་འཛིན་པ་དང་། ཡང་ན་གཙང་ས་སྐྱའི་བླ་མ་ཞིག་ཏུ་འཁྲུངས་པ་སྟེ། མདོར་ན་ཁོང་གི་མཛད་པ་གཞན་ལེགས་བཤད་དང་རྩོམ་ཆོས་སོགས་གང་ལའང་མ་ལྟ་ན་ཡང་། རྗེ་ཉིད་བོད་མི་ཞིག་གི་སྐྱེ་བ་བཞེས་ཙམ་ཉིད་ཀྱི་དགེ་མཚན་དང་རྣམ་ཐར་རྐྱང་པས་བྱེད་ལས་དང་ཁྱད་ཆོས་གང་འདྲ་ཡོད་ཟེར་ན། དེ་ལ་ཚད་བཟུང་དུ་མེད་པ་ལྟ་བུ་ཞིག་སྟེ། དཔེར་ན་དེང་སང་གི་དགོན་པ་བརྒྱ་སྟོང་ལས་ཀྱང་། རྗེ་ཉིད་བོད་མིའི་སྐྱེ་བ་བཞེས་ཙམ་ཉིད་ཀྱིས་རླབས་དང་གཟི་བརྗིད་ཆེན་པོ་ཡོད་པ་ཙམ་དུ་མ་ཟད། དེང་སང་གི་དུས་ཚོད་དང་བསྟུན་ན། སྔར་གྱི་ན་ལེནྜ་ལ་བྱོན་པའི་ཕྱོགས་གླང་དང་ཆོས་གྲགས། ཐོགས་མེད་སྐུ་མཆེད་ལ་སོགས་པའི་ཚེ་གང་པོའི་མཛད་པ་དང་ཕྲིན་ལས་ཀྱང་ཆོས་རྗེ་ཉིད་ཀྱི་དགོངས་པ་འཁྲུངས་ཚུལ་འདི་ཉིད་རླབས་ཆེ་བ་མངོན་ཏེ། དེ་ཡང་ན་ལེནྜའི་པན་གྲུབ་རྣམས་ཀྱི་མཛད་པ་དང་ཕྲིན་ལས་རླབས་ཆེན་པོ་མིན་པ་མ་ཡིན་མོད། འདི་རྣམས་ལས་གཟི་བརྗིད་ཆེ་ཡོད་ས་མ་རེད་བསམ་བསམ་ཡོད།

དེང་སང་གི་དུས་ཚོད་འདི་འདྲ་བ་དང་། ལྷག་པར་དུ་རང་རེ་བོད་མི་རྣམས་ལ་ལྟོས་ན། དེ་དག་ལས་ཀྱང་ཁོང་གིས་མཛད་པ་དང་ཕྲིན་ལས་ཧ་ལས་པ་ཞིག་སྟོན་ཡོད། དཔེར་ན་དེང་སང་ནང་ཆོས་བསྟན་དོན་གྱི་སྙིང་པོ་ག་ཚད་ནས་འགྲོ་བཞིན་ཡོད་ཟེར་ན། ཚེ་སྔ་མ་ནས་ཕྱི་མར་འགྲོ། དེ་ནས་ལས་རྒྱུ་འབྲས། དེ་ནས་ས་ལམ་གྱི་རྟོགས་པ། དེ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕངས་ཞེས་ཟེར་བ་འདི་དག་ནི། ནང་ཆོས་གཞུང་ལུགས་ག་ཚད་ཡོད་ན་དེ་དག་ཐམས་ཅད་ཀྱི་བསྟན་བྱའི་སྙིང་པོ་བསྡོམས་ན་འདིའི་ལམ་རིམ་བགྲོད་ཀྱིས་རྟོགས་པ་སྐྱེ་ཐུབ་པའི་ཐབས་ཤེས་ཁོ་ན་རེད། དེ་དག་གི་རྩ་བ་ཚེ་སྔ་མ་ཡོད་ལ་ཕྱི་མ་ཡང་ཡོད། ལས་རྒྱུ་འབྲས་ཀྱང་ཡོད། དེ་ནས་རིམ་པ་བཞིན་བློར་སྙིང་རྗེ་སོགས་གོམས་ཏེ་ལམ་གྱི་ངོ་བོ་ཉིད་དུ་གྱུར་ཞིང་། མཐར་མངོན་པ་རྫོགས་པ་སངས་རྒྱས་དགོས་ཞེས་སྟོན་པའི་བསྟན་དོན་དེ། ཚེ་སྔ་ཕྱི་ལ་རག་ལས་ཅིང་། དེ་ཡོད་པ་སྒྲུབ་བྱེད་ལ་སྤྱིར་ན་ལེནྜའི་པན་གྲུབ་རྣམས་ཀྱི་གྲལ་ནས་གྲངས་མེད་པ་གསུངས་ཤིང་། ལྷག་པར་དུ་ཆོས་ཀྱི་གྲགས་པས་ཀྱང་ཚད་མ་རྣམ་འགྲེལ་གཅིག་པུའི་ནང་དུ་ཧ་ལས་པ་གསུངས་ཡོད། སྤྱིར་རིགས་པ་དེ་རྣམས་ཀྱིས་ཚེ་སྔ་ཕྱི་ཡོད་པར་བསྒྲུབ་ནུས་ཀྱང་། དེང་སང་གི་སྐྱེ་བོ་རྣམས་ལ་ལྟོས་ན་རིགས་པའི་དོན་མ་གོ་ནས། དེ་ལ་ཁྱབ་པ་མི་འདུག་སྙམ་པས་བསྒྲུབ་ཐུབ་ཀྱི་མི་འདུག་པས། ནང་ཆོས་ནས་བཤད་པའི་བསྟན་དོན་གྱི་སྙིང་པོ་ཤོར་རན་འདུག་ཞེས་བཤད་པ་ལ། རིག་པའི་ལམ་ནས་གོ་བརྡ་སྤྲོད་མི་ནུས་པས། དེ་ལ་ཆོས་རྗེ་ས་པན་གྱི་རྣམ་ཐར་གཅིག་པུས་སྐྱེ་བ་སྔ་ཕྱི་ལ་དམར་ཁྲིད་བྱས་ཡོད་ཅིང་། འགྲེལ་བཤད་གསལ་པོར་བརྗོད་ཟིན། དེའི་རྒྱུ་མཚན་ཡང་། ཁོང་སྐྱེས་ཙམ་ཉིད་ནས་མི་གཞན་ལྟ་བུ་ཡིན་ན་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དེ་ཙམ་མ་ཐུབ་པའི་གོང་ནས། སཾ་ཏའི་སྐད་ཀྱི་སྟེང་དུ་ཡི་གེ་འདོན་ཐུབ་པ་དང་འབྲི་ཐུབ་པ་འདིས་གང་ཞིག་སྟོན་ཞེ་ན། ཚེ་སྔ་མ་ཞེས་པ་ཞིག་འདུག རྒྱུ་མཚན་སྐྱེ་བ་སྔ་མ་ལ་བརྩོན་པས་སྦྱང་པའི་གྲུབ་འབྲས་འདི་ལྟར་སྨིན་རྒྱུ་འདུག་ཞེས། མི་གཞན་ལྟ་བུ་ཡིན་ན་སྐད་ཆ་གང་ཡང་བཤད་མི་ཤེས་པའི་གོང་ནས། རྒྱ་གར་གྱི་ཡི་གེ་ལན་ཝར་སོགས་འདོན་ཤེས་པ་ཙམ་དུ་མ་ཟད་ས་ཐོག་ཏུ་འདི་ལྟར་འབྲི་ཐུབ་པ་འདི་སྔ་མར་མ་སྦྱང་ན་ནམ་སྦྱང་ཞེས་མཛུབ་མོས་ཡི་གེ་བྲིས་ནས་སྟོན་ཡོད། དེས་ན་འདིས་སྐྱེ་བ་སྔ་མ་གྲུབ་ལ། དེ་བཞིན་དུ་དེང་སང་སྐྱེ་བ་སྔ་མ་དྲན་པའི་མི་ཞིག་ཡོད་པ་བཤད་དུས། འཁྲུལ་བ་རེད་ཅེས་ཁྱབ་པ་མེད་པ་ཞིག་བཤད་ཨེ་ཤེས་ལྟ་བཞིན་འདུག་ཏེ། ཆོས་རྗེས་དེ་ལྟར་མ་རེད་འདི་དངོས་ཡོད་གནས་ཚུལ་ཡིན་གསུངས་པ་ལྟ་བུ་སྟེ། རྒྱུ་མཚན་ཁོང་གིས་བརྩེགས་སྟོན་དབང་ཕྱུགས་སེངྒེའི་དྲུང་དུ་ཚད་མ་རྣམ་ངེས་གསན་སྐབས། སློབ་དཔོན་གྱིས་རྫས་དང་ལྡོག་པ་སོ་སོར་ཕྱེས། དེ་གཉིས་ལྡོག་པ་ཤྭ་མོང་གི་སོར་བཞིན་ཐ་དད་དུ་གསུང་པ་ལ། རྗེ་ཡིས་འདི་བོད་རང་གིས་ཐུན་མོང་མ་ཡིན་པའི་བཤད་སྲོལ་ཞིག་ཡིན་མ་གཏོགས་པ། ཁོང་སྐྱེ་བ་སྔ་མ་ལ་རྒྱ་གར་སྐྱེས་ཏེ་ན་ལེནྜའི་པན་གྲུབ་རྣམས་ཀྱི་མདུན་དུ་ཆོས་གསན་པ་གསལ་པོར་དྲན་ཏེ་རྒྱ་གར་གྱི་བཤད་སྲོལ་འདི་རང་མིན་བསམ་པ་བྱུང་གསུང་པ་དེས་གང་ཞིག་མཚོན་ཞེ་ན། སྐྱེ་བ་འདི་ལ་རྒྱ་གར་བྱོན་མ་མྱོང་བ་ཙམ་དུ་མ་ཟད་རྒྱ་གར་གྱི་བླ་མ་གཅིག་ཀྱང་མཇལ་མྱངས་མེད་པས་སྐྱེ་བ་སྔ་མ་ཡོད་པ་གྲུབ་ཅིང་། དེ་བཞིན་དུ་ཁ་ཆེ་པན་ཆེན་ཤཱཀྱ་ཤྲི་དྲུང་དུ་ཚད་མ་ཆོས་མཆོག་གསན་སྐབས་བོད་ཀྱི་སློབ་མ་གཞན་གྱིས་རྒྱ་དཔེའི་སྟེང་དུ་འཆད་ཉན་བྱེད་དུས་ཁོང་གིས་བོད་དཔེ་བཀྲམ་ཏེ་གསན་པ་གཞན་གྱིས་མཐོང་ཏེ། གཞན་གྱིས་རྒྱ་དཔེའི་སྟེང་དུ་སློབ་དུས་འདིས་ལྟ་ཤེས་བཞིན་མི་འདུག་སྙམ་ཏེ་འཕྱ་སྨོད་བྱས། དེ་ནས་སློབ་དཔོན་གྱིས་ངས་རྒྱ་དཔེའི་སྟེང་དུ་འཆད་དུས་ཁྱེད་ཀྱིས་རྒྱུ་མཚན་ཅིའི་ཕྱིར་ན་བོད་དཔེ་གཟིགས་པ་ཡིན་ཞེས་དྲིས་པའི་ལན་དུ། ང་ཡིས་བོད་དཔེའི་སྟེང་དུ་ལྟ་བ་དང་ཁྱེད་ཀྱིས་རྒྱ་དཔེའི་སྟེང་འཆད་པ་གཉིས་དོན་གཅིག་པ་རེད་འདུག་ཅེས་གསུངས། སློབ་དཔོན་གྱིས་དེ་ལྟར་ཡིན་ན་ཁྱོད་ཀྱིས་ཐོན་དང་ཞེས་གསུངས་པས། དེ་མ་ཐག་ཁོང་གིས་ཡི་གེ་ཚིག་འབྲུ་གཅིག་ཀྱང་མ་ནོར་བ་བྱས་ཏེ་རྒྱ་ཡིག་ཏུ་བསྒྱུར་ཏེ་ལན་གཅིག་གསུངས། གཞན་རྣམས་ངོ་མཚར་དུ་གྱུར་རོ། འདིས་གང་ཞིག་བསྟན་ཞེ་ན། ཆོས་རྗེ་ས་པན་ཉིད་ཀྱིས་སྐྱེ་བ་ཕྱི་མ་བཅོལ་བ་ཡིས། །ནོར་ལ་རང་ཉིད་ལེན་པ་འདྲ།ཞེས་པའི་དོན་དག་ཡང་མཛུབ་ཁྲིད་བྱས་ཡོད་པ་སོགས་དེ་རྣམས་ཀྱིས་ཆོས་རྗེ་འཇིག་རྟེན་གྱི་ཁམས་འདི་ལ་སྐྱེ་བ་བཞེས་ཙམ་ཉིད་ནས་དེང་སང་གི་སྐྱེ་བོ་རྣམས་ལ་སྐྱེ་བ་སྔ་ཕྱིའི་གོ་བརྡ་དེ་ལྟར་སྤྲད་ཡོད། དེ་བཞིན། ཚད་མ་རང་ལ་བསམ་བློ་བཏང་ན། སྐྱེ་བ་དུ་མར་སྙིང་རྗེའི་དམིགས་རྣམ་གོམས་སོང་ན། མཐར་སྙིང་རྗེའི་རང་བཞིན་དུ་འགྱུར་ཟེར་བ་དང་། སྤྱིར་ཐེག་པ་ཆེན་པོའི་མདོ་ཡོངས་རྫོགས། ནང་པ་སངས་རྒྱས་པའི་གཞུང་ཐམས་ཅད་ཀྱི་ནང་དུ། བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་སོགས་གོམས་སོང་ན། དེའི་རང་བཞིན་དུ་འགྱུར། རང་ལས་གཞན་གཅེས་དང་བདག་གཞན་མཉམ་བརྗེ་སོགས་ཀྱི་བློ་སྐྱེས་ཏེ། མཐར་གཞན་གྱི་དོན་དུ་སྐུ་སྲོག་གཏོང་དགོས་ཀྱང་འཕངས་སེམས་མེད་པར་འགྱུར་རྒྱུ་ཡོད་ཅེས་རང་ལུགས་སངས་རྒྱས་པའི་གཞུང་དུ་བཤད་བཞིན་ཡོད། དེ་བཞིན་དུ་སེམས་བསྐྱེད་བཤད་སྐབས་ཀྱང་། རྒྱལ་པོ་དང་རྫི་བོ་ལྟ་བུའི་སེམས་བསྐྱེད་མང་དུ་བཤད་ཡོད་པ་དང་སྨོན་ལམ་གྱི་སྐབས་སུ་ཡང་དེ་དང་དེའི་ནང་བཞིན་འདེབས་བཞིན་ཡོད། གཞན་དག་གིས་སྨོན་ལམ་ནི་འགྲུབ་ཐབས་མེད་པའི་སྨོན་ལམ་དང་། འགྲུབ་ཐབས་མེད་པའི་སྟོང་བསམ་ཞེས་འདི་ལ་ཟུར་ཟ་མཛད་བཞིན་ཡོད་ཀྱང་། དེ་ལྟར་མ་རེད། གོམས་སོང་ན་གཞན་གྱི་དོན་དུ་རང་སྲོག་བློས་བཏང་ཕོད་པ་ཞིག་ཏུ་འགྱུར་རྒྱུ་འདུག ཅེས་གསུངས་ཏེ། ཆོས་རྗེ་ཉིད་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པའི་དུས་སུ་འདི་ལ་འགྲེལ་བ་གསལ་པོ་བརྒྱབ་ཡོད་དེ། དཔེར་ན་ཁོང་ཧོར་གོ་དན་རྒྱལ་པོས་གདན་ཞུས་བྱས་ཏེ་རྒྱལ་ནག་ཏུ་བྱོན་པའི་ལམ་ཁ་ནས་གཞན་གྱིས། ཁྱེད་ཧོར་ཡུལ་ལ་བྱོན་པས་བོད་ཆོས་སྲིད་གཉིས་ལ་ཕན་ཐོགས་སམ་ཞེས་དྲིས་པའི་ལན་དུ། ཁོང་གིས་ཕན་ཐོགས་སྙམ་པའི་གདེང་ཚོད་མེད་ཀྱང་ཨེ་ཕན་བསམ་པའི་རེ་བ་ནི་སྐྱོང་བཞིན་ཡོད། གལ་སྲིད་བསྟན་པ་འདི་དང་མི་རིགས་འདི་ལ་ཕན་ཞིག་ཐོགས་ན་ངས་ལུས་སྲོག་གཉིས་ཀ་གཏོང་བའི་གྲ་སྒྲིག་བྱས་ནས་སླེབས་ཡོད་ཅེས་ཁོང་གིས་དེ་ལྟར་གསུངས་པ་འདིས་གང་ཞིག་བསྟན་ཞེ་ན། བསྟན་པ་དང་སེམས་ཅན་འདི་བསམ་ཏེ་སེམས་གོམས་སོང་ན་དེའི་རང་བཞིན་དུ་འགྱུར་རྒྱུ་ཡོད། ཆོས་རྗེས་སྐྱེ་བ་མང་པོའི་རིང་དེ་ལྟར་གོམས་པས། མཐར་འགྲེལ་བཤད་དེ་ལྟར་སྟོན། དེང་སང་འགའ་རེས་ཆོས་རྗེ་ས་པན་རྒྱ་ནག་བྱོན་པའི་རྒྱུ་མཚན་ཁོ་རང་རྒྱ་བླའི་ཆེད་དུ་བྱོན་པ་རེད། གལ་སྲིད་ཁོང་དེ་དུས་བྱོན་མེད་ན་ད་ལྟ་བོད་ཡག་པོ་ཡོད་ས་རེད་ཅེས་པ་ལྟ་བུའི་གང་ཞིག་ཟུར་ཟ་ཨེ་ཤེས་ལྟ་བཞིན་ཡོད་ཀྱང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྗེས་ཀྱི་ཕྲིན་ལས་དང་བོད་ཅེས་པའི་མིང་གི་ལྷག་མ་དུ་གྱུར་པའི་མི་རིགས་འདི་འཆི་བདག་གི་ཁ་ནང་ནས་ལན་གཅིག་སྐྱབས་ཏེ། བདེ་སྐྱིད་ཀྱི་ཉི་མ་སླར་ཡང་གསལ་བ་མཛད་ཚུལ་སོགས་ལ་དཔག་ན་རང་གི་ཆེད་དུ་ཡིན་པའམ་གཞན་གྱི་ཆེད་དུ་ཡིན་པ་དངོས་སུ་གསལ། དེ་བཞིན་དུ་དེང་སང་ཡོན་ཏན་སྣ་རེ་ཙམ་ལབ་ཡོང་དུས་ནས་ང་རྒྱལ་དང་མགོ་འཕངས་མཐོ་སྲིད། ཁོང་ངོ་མ་བྱས་ན་དགུང་ལོ་དྲུག་ཅུ་རེ་གསུམ་ལ་སླེབས་པའི་རྒན་པོ་ཞིག་རེད། ཡིན་ན་ཡང་བོད་བསྟན་སྲིད་གཉིས་ཀྱི་ཞབས་ཕྱིའི་ཆེད་དུ་དགུང་ལོ་དྲུག་ལོན་མཁན་གྱི་འགྲོ་མགོན་ཕྱག་ན་དང་། དགུང་ལོ་བཅུ་ལོན་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་གཉིས་ཁྲིད་དེ། བོད་ནས་སེར་པོ་ཧོར་གྱི་ཡུལ་དུ་དཀའ་ཚེགས་དང་སྐུ་སྲོག་ལ་འཛེམ་མེད་དུ་བྱོན་པའི་སྤོབས་པ་ཡོད་པས། རྗེ་ཉིད་ཀྱིས་བརྩམས་པའི་ལེགས་བཤད་འདི་དང་བསྒྲིགས་ན་ལེགས་བཤད་འདི་རྒྱ་ཆ་བརྒྱ་རུ་བསྒོས་པའི་བརྒྱ་ཆ་བཅུ་ལ་ཉེ་བ་བཤད། དེ་བཞིན་དུ་དེང་སང་བཤད་གྲྭའམ་སློབ་གྲྭ་རུ་འགྲིམ་མཁན་རྣམས་ཀྱིས། ངས་རྩོམ་ཞིག་བྲིས་ཡོད་དེ་ལ་གཞན་གྱིས་སྙན་མོ་བརྗོད་བཞིན་འདུག ང་རང་ཅུང་ཟད་གྲགས་བཞིན་འདུག་ཅེས་ང་རྒྱལ་བ་ལ། ཁོང་གིས་བརྩམས་པའི་ས་སྐྱ་ལེགས་བཤད།འདི་དང་། གཞུང་ལུགས་ལེགས་བཤད།འདི་དང་། ཐུབ་པ་དགོངས་གསལ། སྡོམ་གསུམ་རབ་དབྱེ།》《ཚད་མ་རིགས་གཏེར།སོགས་དང་བསྒྲིགས་ན་ཁྱེད་རང་གི་བསྟན་བཅོས་རྒྱ་མཚོའི་ནང་གི་ཆུ་ཐིག་ཙམ་ཞིག་རེད་ཨེ་འདུག་མི་འདུག་དེ་བསྟན་བཅོས་རང་གི་ཚིག་དོན་གཉིས་ཀའི་ལྟོ་བསྒྲིགས་དང་ཤེས་ཐུབ། ཡང་འགའ་རེས་ངས་གཞུང་ཐར་ཐོར་རེ་འཆད་ཤེས་ཡང་ན་ངས་ཁ་སང་སོགས་མི་མང་མདུན་ནས་སྐད་ཆ་བཤད་ས་རག་སོང་ཡང་ན་ངས་བཤད་གྲྭ་བ་བརྒྱ་ཕྲག་མདུན་ནས་ལོ་མང་མཁན་པོ་བྱས་ཞེས་པ་ལྟ་བུ་སོགས་ཀྱི་ང་རྒྱལ་སྐྱེ་སྲིད་མོད། འོན་ཀྱང་དེ་ཆེན་པོ་མ་རེད། རྒྱུ་མཚན་ཁོང་གིས་དགུང་ལོ་དགུ་ཡི་སྟེང་ནས་བསྒྲུབ་ཐབས་མཚོ་སྐྱེས་གཞན་ལ་འཆད་ཅིང་། དགུང་ལོ་བཅུ་གཅིག་གི་སྟེང་ནས་རྒྱུད་རྟག་གཉིས་གཞན་ལ་འཆད་ཡོད། དེ་ནས་བཟུང་དགུང་ལོ་དྲུག་ཅུ་རེ་གསུམ་ལ་མ་ཐུག་གི་བར་དུ་ཆོས་ཁྲིད་ཕལ་ཆེར་ཆད་མྱངས་མེད། འཆད་རྒྱུ་ཡང་མདོ་སྔགས་རིག་གནས་དང་བཅས་ཆ་ཚང་བ་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པར་ཤ་སྟག་འཆད་ཡོད། དེ་ལྟར་འཆད་པའི་འབྲས་བུ་རྣམ་ཐར་ནང་འབྱུང་བའི་རྒྱུད་འཛིན་གྱི་སློབ་མ་དེ་ཙམ་གསོ་སྐྱོང་བྱས་ཡོད། ཡང་འགའ་ཞིག་གིས་ང་མཁས་པ་ཡིན། རྒྱུ་མཚན་དེ་དུས་རྩོད་པ་བྱེད་སྐབས་ཐལ་འགྱུར་ཡག་པོ་འཕེན་ཤེས་སོང་། ངས་དཔེ་ཆ་ཤེས། ངས་ལོ་རེ་གཉིས་ལ་ཚད་མ་བལྟས་ཡོད་ཀྱང་རྩོད་དགོས་ན་ང་རང་ཡོད་སྣང་ཤར་བཞིན་ཡོད་ཟེར་བ་ལ། ཚུར་ལྟོས་དང་། འཕྲོག་བྱེད་དགའ་བོ་ཟེར་བ་དེ་རྒྱ་གར་ཤར་ནུབ་ཀུན་དུ་སྙན་གྲགས་ཡོད་པ་ཙམ་དུ་མ་ཟད། དཔལ་ན་ལེནྜའི་པན་གྲུབ་རྣམས་ཀྱང་མཚན་ཐོས་པ་ནས་སྙིང་འདར་དགོས་པའི་མཁས་པ་ཆེན་པོ་དེ། ཚར་བཅད་པ་ཙམ་དུ་མ་ཟད་སྐྲ་ནག་འབར་ལེ་ཀ་བའི་ངོས་ལ་བཤམ་ཡོད། སྐབས་ཤིག་རིག་འཛིན་འཇིག་མེད་བླ་མ་རྗེ་འཇལ་བ་ལ་ཕེབས་ཚེ། རྗེའི་གཟིམ་ཁང་གི་སྒོ་ཐེམ་གྱི་ཀླད་ན་ང་བརྒྱད་མ་བྲིས་པ་མཐོང་སྟེ། ཁོང་གི་སེམས་སུ་རྗེ་ས་པན་མཁས་པ་ཆེན་པོ་ངེས་ཀྱང་། ང་རྒྱལ་ཡང་དཔེ་མི་སྲིད་པ་ཡོད་ས་རེད། གང་ལྟར་ཡང་ང་ནང་དུ་སོང་སྟེ་བགྲོ་གླེང་བྱ་བ་དང་ཁོང་ལ་ཅི་འདུག་བལྟ་དགོས་དགོངས་ཏེ། གུས་པ་གཏན་ནས་མེད་པའི་སྒོ་ནས་ནང་དུ་ཧར་རེ་ཕྱིན་པ་དང་མཉམ་དུ་ཆོས་རྗེས་ཀ་བའི་ངོས་སུ་འཕྲོག་བྱེད་དགའ་བོའི་སྐྲ་བྲེགས་པའི་རལ་པ་མཐོང་མ་ཐག ཆོས་རྗེ་ས་སྐྱ་པནྜི་ཏ་ལོས་ཡིན་སྙམ་ཏེ། རྩོད་པའི་སྤོབས་པ་དབང་མེད་དུ་འཕྲོག་ཅིང་། རྗེས་སུ་འཛིན་པ་ཞུ་བ་ལས་གཞན་གང་ཡང་སྨྲ་མ་ནུས་པ་སོགས་མདོར་བསྡུས་པའོ། འདི་ཡང་འཁོར་སྤྲུལ་བྱ་བྲལ་ཉི་མ་ནས་མ་ཡུམ་སློབ་གྲྭའི་རང་ཤག་ཏུ་རྒན་དམ་པ་ཀུན་དགའ་འགྱུར་མེད་གློ་བུར་གཞན་དོན་དུ་ཕེབས་དགོས་བྱུང་བའི་རྐྱེན་གྱིས་བདག་གདུང་བས་མ་བཟོད་པས་རྒན་གྱི་གསུང་སྒྲོས་ལས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་འདིར་བཀོད་པའོ། །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716