སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《བརྩེ་བ་ཀོ་ཤུན་མ》བཀླགས་པའི་མྱོང་ཚོར་ཟིན་ཐོ།
སྤེལ་དུས། 2017-10-10   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  དགེ་འདུན་ལྷུན་གྲུབ།
          《བརྩེ་བ་ཀོ་ཤུན་མ》ཞེས་པའི་སྙན་ངག་གི་ཆེད་དེབ་དེ་ཀླད་ཀྱི་གཏམ་དང་མཇུག་གི་གཏམ་གཉིས་ཁར་བསྣན་ན་རྩོམ་ཡིག51དང་ཤོག་ངོས134ཡིས་གྲུབ་པའི་དེབ་ཅིག་ལགས་ཤིང་། རྩོམ་ལུས་ཚིགས་བཅད་དང་རང་མོས་སྙན་ངག་གཉིས་ཀྱིས་བརྒྱ་ཆའི་གོ་དགུ་ལྷག་ཟིན་ཡོད། ཚིགས་བཅད་ཀྱི་སྐོར་སྡེ་ཚན་གཅིག་ཏུ་བྱས་ཤིང་སྡེ་ཚན་གྱི་མིང་ལ《པི་ཝང་དཀར་པོའི་རང་སྒྲ》དང་། རང་མོས་སྙན་ངག་གི་སྐོར་སྡེ་ཚན་གཅིག་ཏུ་བྱས་ཤིང་། སྡེ་ཚན་གྱི་མིང་ལ《ཀུན་རྟོག་སེམས་ཀྱི་འགྱུ་ཚུལ》དུ་བཏགས་འདུག 《ཁྱོད་སོང་རྗེས》ཞེས་པའི་ལྷུག་རྩོམ་ཞིག་ཟུར་རྒྱན་གྱི་ཚུལ་དུ་བྱུང་ཡོད། དེབ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་དེང་རབས་སྙན་ངག་གི་དཔེ་ཚོགས་ཀྱི་གྲས་སུ་བཀྲམ་ཡོད་ཅིང་། སྤྱི་ལོ2010ལོའི་ཟླ་བ12པའི་ནང་འགྲེམས་སྤེལ་བྱས་ཤིང་། དཔར་གྲངས1500རེད། དེབ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བ་ཞིག་རེད་ལ། དེབ་ཀྱི་རྩོམ་པ་པོའི་མཚན་ལ་འབའ་གཞུང་ཁྱུང་ཐར་རྒྱལ་ཞུ། རྩོམ་པ་པོ་ཁོའི་དྲིས་ལན་ཞིག་ཏུ། ངས་ནམ་ཡང་རང་ཉིད་ནི་རྒས་སླ་བའི་སྙན་ངག་པ་དེ་འདྲ་ཞིག་ཏུ་མི་འགྱུར་བའི་སྨོན་ལམ་རྒྱག་གིན་ཡོད། རྒྱུ་མཚན་ནི་རང་གི་འདོད་བློ་ཚིམ་པའི་སྙན་ངག་ཅིག་ད་དུང་འབྲི་ཐུབ་མེད་པས་ཡིན། དེའི་རྐྱེན་གྱིས་ངའི་མ་འོངས་པའི་འཆར་གཞི་ཡང་མུ་མཐུད་དུ་སྙན་ངག་འབྲི་རྒྱུ་དང་བརྙན་ཕབ་བྱེད་རྒྱུ་དེ་ཡིན། ཞེས་སྐད་ཆ་བུད་ཡོད་པར་གཞིགས་ན་རྩོམ་པ་པོ་ཁོང་ནི་རྒས་སླ་བའི་རྩོམ་པ་པོ་དེའི་གྲས་མ་ཡིན་པར། མུ་མཐུད་དུ་སྙན་ངག་འབྲི་བའི་ལམ་ལ་ཆོད་སེམས་བརྟན་པོར་གནས་པའི་རྩོམ་པ་པོ་ཞིག་ཡིན་པ་ཤེས་ཐུབ་པར་མ་ཟད། ད་དུང་སྙན་ངག་གསར་རྙིང་གི་བར་དུ་འགལ་བའི་བསམ་བློ་འཆང་མཁན་གྱི་རྩོམ་པ་པོ་ཞིག་མ་ཡིན་པར། དབུས་མར་གནས་པའི་སྙན་ངག་པ་ཞིག་ཡིན་པ་འང་ཁོའི་དྲིས་ལན་ཞིག་ཏུ་གསལ། དྲིས་ལན་དུ། རྩོམ་རིག་གི་ཁྱབ་ཁོངས་ནས་བཤད་ན་སྲོལ་རྒྱུན་སྙན་ངག་དང་སྙན་ངག་གསར་པ་གཉིས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པས་སྲོལ་རྒྱུན་སྙན་ངག་གིས་ཀྱང་སྙན་ངག་གསར་པར་མི་གནོད་ལ། སྙན་ངག་གསར་པས་ཀྱང་སྲོལ་རྒྱུན་སྙན་ངག་ལ་མི་གནོད། ཅེས་ཁ་གསལ་པོ་བྱས་ཡོད་དོ། །
          《བརྩེ་བ་ཀོ་ཤུན་མ》ཡིི་རྩོམ་པ་པོ་ཁོང་ནི་ལོ་རབས་དྲུག་ཅུའི་སྨད་དུ་སྐྱེས་ཤིང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་བསླབ་པ་དོན་དུ་གཉེར་མྱོང་བའི་མི་ཞིག་ཡིན་པའི་ཐོག ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ནས་རྩོམ་ཡིག་འབྲི་བར་ཞུགས་ཤིང་། རྩོམ་ལུས་སྣ་ཚོགས་དེབ་དང་ཚགས་པར་མང་པོར་སྤེལ་མྱོང་བའི་ཁར། སྙན་ངག་གཙོས་ཆེད་དེབ་ཀྱང་ལྔ་ཙམ་བྲིས་ཡོད་པས། བོད་ཁུལ་གྱི་རྩོམ་པ་པོ་རྒན་གྲས་ཡིན་པ་ཕུད་འབྲས་བུའང་མདུན་གྲས་སུ་སླེབས་ཡོད་པའི་རྩོམ་པ་པོ་ཞིག་ཡིན།
          ངས《བརྩེ་བ་ཀོ་ཤུན་མ》ཞེས་པའི་སྙན་ངག་ཆེད་དེབ་དེ་སྟབས་བདེ་མོ་བྱས་ཏེ་ཀློག་པ་པོ་རྣམས་སུ་ཟུར་ཙམ་གླེང་འདོད་སྐྱེས་པའི་རྒྱུ་མཚན་ནི། ཐོག་མར་རང་ཉིད་རྩོམ་ཡིག་བཀླག་རྒྱུའི་ལས་སུ་ཞུགས་ནས་ལོ་ངོ་མང་ཙམ་ཕྱིན་ཡོད་པས་རྩོམ་ཡིག་གང་མཐོང་བ་ན་ཤ་གཟུག་ཟ་རྐྱང་བྱེད་མཁན་ཞིག་མ་ཡིན་པར། རང་གི་མཛེས་དཔྱོད་དང་མཐུན་པར་གདམ་གསེས་བྱེད་མཁན་ཞིག་ཡིན་པས། སྙན་དེབ《བརྩེ་བ་ཀོ་ཤུན་མ》ནི་རང་གི་མཛེས་དཔྱོད་ཀྱི་ངོས་སུ་རིན་ཐང་མང་པོ་འཛོམས་པའི་དེབ་ཅིག་ཏུ་མཐོང་བ་དང་། གཉིས་སུ། རྩོམ་པ་པོ་ནི་རྟག་པར་རང་གི་འཚོ་བའི་ཁྲོད་དུ་རྒྱུས་ཡོད་དུ་སོང་ཡོད་ཙང་། ཁོང་གི་སྒྱུ་རྩལ་གྱི་དད་མོས་དང་། སྙིང་སྟོབས། འདུ་ཤེས་ཀྱི་ཁྱད་པར་གང་ནས་ཀྱང་ཡིད་ཆེས་འདྲོངས་པ་ཞིག་ལགས་ན། 《བརྩེ་བ་ཀོ་ཤུན་མ》བཀླགས་པའི་མྱོང་ཚོར་ཕྲན་བུ་འདིར་བརྩམས་ཆོས་དང་ཀློག་པ་པོ་ཞིག་གི་ཕྱི་ནང་གི་ཁྱད་པར་འགའ་ཞིག་སྟབས་བདེ་པོ་བྱས་ཏེ་བྲིས་ཡོད།
          ཀློག་མཁན་ཞིག་གི་ངོས་ནས་ཡིན་ནའང་འདྲ། རྩོམ་པ་པོ་ཞིག་གི་ངོས་ནས་ཡིན་ན་ཡང་འདྲ། གང་ཡིན་ནའང་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཟེར་བ་ནང་བཞིན། རིག་གཞུང་སོ་སོ་ལ་སོ་སོའི་ཀློག་སྟངས་ཤིག་དང་ཁྱད་ཆོས་ཤིག་ཡོད་པ་ལྟར། རྩོམ་པ་པོའི་ངོས་ནས་ཀྱང་ལོ་རྒྱུས་རྩོམ་པ་པོ་དང་ཆོས་གཞུང་རྩོམ་པ་པོ། དེ་བཞིན་སྙན་ངག་རྩོམ་པ་པོ་སོགས་ལའང་སོ་སོའི་སེམས་ཁམས་ཤིག་དང་སོ་སོའི་རྣམ་པར་རྟོག་སྟངས་ཤིག་ཡོད་པ་དེ་གསལ་པོར་ངོས་འཛིན་རྒྱུ་ནི་ཐོག་མའི་གནད་ས་ཡིན།
          《བརྩེ་བ་ཀོ་ཤུན་མ》ལ་མཚོན་ན་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁོངས་སུ་འདུ་བས། ཀློག་མཁན་ཞིག་ལ་མཚོན་ན་མཛེས་དཔྱོད་དང་ཚོར་བའི་འཕར་འབབ་ཀྱི་ངོས་ནས་མཐུན་མིན་གྱི་ཁྱད་ཆོས་དེ་མཐོང་ཐུབ་པ་བྱ་དགོས། དེ་མཐོང་བ་ལ་ཐོག་མར་སྒྱུ་རྩལ་བརྩམས་ཆོས་ཡིན་པ་དང་མ་ཡིན་པའི་དབྱེ་བ་དེ་གསལ་པོར་འོང་བ་གལ་ཆེ་སྟབས། བདག་གིས་འདིར《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ》ཞེས་པ་ལས་དུམ་ཚན་ཞིག་དྲངས་ན།
          རྩོམ་རིགས་ཀྱི་བརྗོད་བྱའི་དོན་གྱི་སྟེང་ནས་དབྱེ་ན། བདེན་དོན་བརྗོད་པའི་རྩོམ་རིགས་དང་། རྟོག་བཏགས་བརྗོད་པའི་རྩོམ་རིགས་གཉིས། དང་པོ། བདེན་དོན་བརྗོད་པའི་རྩོམ་རིགས་ནི། བརྗོད་བྱར་བྱས་པའི་དངོས་པོའི་གནས་ཚུལ་དང་སྣང་ཚུལ་གང་ཡིན་ཡང་མངོན་སུམ་དང་རྗེས་དཔག་ཚད་མ་གང་རུང་གི་སྤྱོད་ཡུལ་དུ་གྲུབ་པ་དགོས་ཏེ། དཔེར་ན། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། ། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། ། ཞེས་པའི་རྩོམ་ལྟ་བུ་སྟེ། དེའི་ནང་དོན་རྗེ་བླ་མའི་མཛད་པ་སྒྲོ་བཏགས་ཅུང་ཟད་ཀྱང་མ་འདྲེས་ཤིང་། དུས་སྐབས་དེའི་མི་ཀུན་གྱི་མཐུན་སྣང་དུ་གྲུབ་པ། ཕྱི་རབས་ཀྱི་མི་རྣམས་ཀྱང་དངོས་སྟོབས་རིགས་པའི་ལམ་ནས་ངེས་པ་རྙེད་ཐུབ་པ་ཤ་སྟག་བརྗོད་པའི་ཕྱིར་རོ། ། གཉིས་པ། རྟོག་བཏགས་བརྗོད་པའི་རྩོམ་རིགས་ནི། བརྗོད་བྱའི་དངོས་པོ་བདེན་པར་མ་གྲུབ་ཅིང་། དངོས་བསྟན་གྱི་དོན་མངོན་སུམ་ཚད་མ་དང་འགལ་ཞིང་། རྗེས་དཔག་ཚད་མས་ཀྱང་དཔྱད་མི་བཟོད་པའི་རྩོམ་པ་པོའི་འཆར་སྣང་དང་རྟོག་བཏགས་བརྗོད་པ་སྟེ། དཔེར་ན། ཐོ་བཙུན་གྲུབ་རྗེའི། ལྷ་ཆེན་ཐིག་ལེ་མཆོག་མ་ལ། ། ཆགས་པ་སྐྱེས་པས་གདོང་བཞི་བྱུང་། །ཁྱབ་འཇུག་མིའུ་ཐུང་གཟུགས་གྱུར་ནས། ། གཡོ་ཐབས་ཀྱིས་ནི་སྟོབས་ལྡན་བསླུས། ། ཞེས་པའི་རྩོམ་ལྟ་བུ་སྟེ། རྩོམ་དེ་དག་གི་ནང་དོན་ཚངས་པ་དང་། ཁྱབ་འཇུག་གི་གཏམ་རྒྱུད་དེ་དག་གཏམ་དཔེ་བྱས་ན་ཉམས་མཚར་པོ་ཞིག་ཡོད་པ་མ་གཏོགས། བདེན་པར་འཛིན་ཞིང་ཡིད་རྟོན་རུང་བའི་རྒྱུ་མཚན་ཅི་ཡང་མི་རྙེད་པའི་ཕྱིར་རོ། །
          རྗོད་བྱེད་ཚིག་གི་རང་བཞིན་གྱི་སྟེང་ནས་དབྱེ་ན། དྲང་བོར་བརྗོད་པའི་རྩོམ་རིགས་དང་། འཁྱོག་པར་བརྗོད་པའི་རྩོམ་རིགས་གཉིས། དང་པོ། དྲང་པོར་བརྗོད་པའི་རྩོམ་རིགས་ནི། བརྗོད་བྱའི་དངོས་པོར་སྒྲོ་སྐུར་རྟོག་བཏགས་མ་བྱས་པར། གནས་ལུགས་ཇི་ལྟ་བ་བཞིན་དུ་བརྗོད་པའི་རྩོམ་རིགས་ཏེ། ཐོན་མིའི། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེ་སྦྱོར་བ་བཤད་པར་བྱ། ། ཞེས་པའི་རྩོམ་ལྟ་བུ་སྟེ། རྩོམ་འདིའི་ནང་དོན། ཡི་གེའི་རང་བཞིན་དྲང་པོའི་ཚིག་གིས་བརྗོད་ཅིང་། རྟོག་བཏགས་ཀྱི་ཆ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། ། གཉིས་པ། འཁྱོག་བརྗོད་ཀྱི་རྩོམ་རིགས་ནི། བརྗོད་བྱ་རང་མཚན་དུ་མ་གྲུབ་པ་ཞིག་གམ། གདགས་གཞིའི་ས་བོན་ཙམ་ལ་བརྟེན་ནས། རྗོད་པ་པོས་འཆར་སྣང་དང་བློ་བཟོ་སྣ་ཚོགས་བརྗོད་པའི་རྩོམ་སྟེ། དཔེར་ན། དབྱུག་པ་ཅན་གྱི། དགའ་མ་ཁྱོད་ཀྱི་ནུ་མ་དང་། ། དཔྱི་ཡི་བར་ན་སྐེད་པ་ནི། ། ཡོད་དམ་མེད་ཅེས་བདག་གི་ནི། ། ཐེ་ཚོམ་ད་དུང་བཟློག་མ་གྱུར། ། ཅེས་པའི་རྩོམ་ལྟ་བུ་སྟེ། བུད་མེད་ཀྱི་སྐེད་པ་ཕྲ་བའི་མཛེས་ཆོས་སྟོན་ཕྱིར། སྐེད་པ་ཕྲ་ཆེ་བས་མི་མཐོང་ཞིང་ཡོད་དམ་མེད་ཅེས་བདག་ཐེ་ཚོམ་ཟའོ་ཞེས་བརྗོད་པ་དང་། ཡང་བོད་མཁས་པའི། གང་གི་མིག་གི་མཛེས་པ་ཕུལ་བྱུང་བ། ། དབྱངས་ཀྱི་རྒྱལ་མོའི་མཚར་སྡུག་བང་མཛོད་ལས། ། བརྐུས་པའི་ཉེས་པས་སྐྲག་པའི་ཨུཏྤལ་དང་། ། རི་དྭགས་རྣམས་ནི་ནགས་སུ་བྲོས་པར་དོགས། ། ཞེས་པའི་རྩོམ་ལྟ་བུ། བརྗོད་བྱ་དབྱངས་ཅན་ལྷ་མོའི་སྤྱན་ཟུང་གི་མཛེས་སྡུག་ཕུལ་དུ་བྱུང་བ་སྟོན་ཕྱིར། སྨྲ་ཤེས་དོན་གོ་བའི་མི་ཡི་ཁྱད་ཆོས་འགའ་ཞིག བླུན་པོའི་སེམས་ཅན་རི་དྭགས་ཨེ་ན་ཡ་དང་། བེམ་པོ་ཨུཏྤལ་ལ་རྟོག་བཏགས་བྱས་ནས་བརྗོད་པར་བྱས་པའོ། །
          གོང་དུ་སྒྱུ་རྩལ་བརྩམས་ཆོས་མ་ཡིན་པ་དང་ཡིན་པ་གཉིས་ཀྱི་ཁྱད་པར་བློ་ལ་ངེས་པའི་རྗེས་སུ།གཟོད་ནས《བརྩེ་བ་ཀོ་ཤུན་མ》རུ་བསྡུས་པའི་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་བཀླག་པ་ཡིན་ན། སེམས་སུ་འོ་ཆུ་འདྲེས་པ་བཞིན་སྣང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པའི་གོ་བ་ཞིག་བསྐྱལ་འོང་། འོན་ཀྱང་གོང་དུ་དྲངས་པའི་རྩོམ་རིག་གི་འདོད་པ་ཕྱི་མ་སྒྱུ་རྩལ་རྩོམ་རིག་དེ་ཡང་འཚོ་བའི་ས་བོན་མེད་པར་རྫུན་འབའ་ཞིག་ཚིག་གིས་སྤྲོས་ཏེ་བཤད་པར་གོ་ག་ལ་རིགས། གང་ལ་ཡང་གཞི་འཛིན་ས་མེད་པའི་འཇའ་ཚོན་ལྟ་བུ་ཞིག་ཏུ་འདོད་མི་རིགས་པའི་ཐད་ལ། དེབ་འདིའི་རྩོམ་པ་པོ་ལགས་ཀྱིས། སྒྱུ་རྩལ་རྩོམ་རིག་ལ་སྒྲོ་འདོགས་ཅི་འདྲ་བྱས་ཀྱང་དེའི་རྨང་གཞི་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་ཞིང་དངོས་ཡོད་ཀྱི་འཚོ་བ་ཞིག་མངོན་པར་མཚོན་གང་ཐུབ་བྱས་ཡོད་པ་དེ་ཡིན། ཞེས་སྤྱིར་སྒྱུ་རྩལ་བརྩམས་ཆོས་ཡིན་ན་རྟོག་བཏགས་དང་འཆར་ཡན་གྱི་སྒོ་ནས་བརྩམས་པས། བརྗོད་བྱ་ཚད་མས་མ་གྲུབ་ཅེས་པར་གོ་བ་ལེན་ལུགས་དམིགས་བསལ་བ་ཞིག་ཡོད་པ་ལ་གསལ་བྱེད་གནང་བ་དེས། རྩོམ་པ་པོ་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཀྱི་ལྟ་བའང་ཤུགས་ལ་གསལ་ཞིང་། སྒོས་སུ་ཁོང་གིས་སྙན་ངག་སོགས་སྒྱུ་རྩལ་བརྩམས་ཆོས་གང་བྲིས་པ་དག་ལ་ཡང་ལྟ་བ་དེས་ཤུགས་རྐྱེན་ཚད་མཐོན་པོར་སླེབས་ཡོད། དཔེར་ན། 《བརྩེ་བ་ཀོ་ཤུན་མ》རུ་བསྡུས་པའི་སྙན་ངག《དོན་མེད་སྐོར་འཕེན་བྱས་པའི་དྲི་བ》དང《ཁུ་ཁེའུ་ཞིང་ར་ནས་རྙེད་པའི་སྙན་ངག》《སྒྲོལ་མ》《གཞན་ལ་བྱིན་པའི་པོ་ཏ་ལ》སོགས་ཀྱིས་མཚོན་པའི་སྙན་ངག་དག་ལ་སྙན་ངག་གི་རིན་ཐང་ཡར་ལྡན་དུ་འཛོམས་པའི་སྟེང་། འཚོ་བའི་བདེན་པ་དང་རིག་གནས་ཀྱི་བདེན་པའི་ས་བོན་ཡོངས་སུ་སྨིན་ཞིང་གཡུར་དུ་ཟ་བ་ལྟར་རོ། །
          ཁོ་བོས《བརྩེ་བ་ཀོ་ཤུན་མ》རུ་བསྡུས་པའི་སྙན་ངག་དག་གི་བརྗོད་བྱའི་ཁ་ཕྱོགས་རགས་ཙམ་ཕྱེ་ན་གསུམ་དུ་འདུ་བར་སྣང་། རིགས་གཅིག་ནི་རིག་གནས་དང་འབྲེལ་བའི་མི་རིགས་ཤིག་གི་དར་རྒུད་ཀྱིས་བསྐྱེད་པའི་འདུ་ཤེས་ཤིག་དང་། རིགས་གཅིག་ནི་མིའི་གཉུག་གཤིས་སུ་ཇི་ལྟར་སྦས་ཀྱང་སྦ་ཐབས་མེད་པའི་བརྩེ་བ་དང་འབྲེལ་བའི་འདུ་འབྲལ་གྱི་སེམས་དང་སེམས་བྱུང་ཡི་གེ་ལམ་དུ་ཕྱུངས་པའི་རིགས་ཤིག རིགས་གསུམ་པ་ནི་རང་གི་ཉམས་སྣང་སྟོན་པའི་རིགས་ཤིག་ཏུ་བསྡུ་འོས་པར་སེམས། རིགས་དང་པོ་ནི། 《དོན་མེད་སྐོར་འཕེན་བྱས་པའི་དྲི་བ》《བན་བུན》《ཟིན་བྲིས》《འབྲི་འཕྲོར་ལུས་པའི་སྙན་ངག》《ངའི་ཚ་བུ་ཚ་མོ་ཚོ》《རྒྱ་ནག་ཞི་ལུ》《གཞན་ལ་བྱིན་པའི་པོ་ཏ་ལ》《ཕ་ཡུལ》《གསེར་སྒམ་ཁུར་བའི་བོང་བུ》《སྐྲག་སྣང》《རང་གི་གོ་ལར་ཕུལ་བ》《ཨ་ཁུ་རྒད་པོ》《ལྷ་ས། གཞས་དང་འདྲ་བྱུང་། བླངས་ཆོག་ཨང》སོགས་གཙོས་ད་དུང་གཞན་འགའ་ཞིག་ཡོད་ལ། རིགས་གཉིས་པར་གཏོགས་པ་ནི། 《གླིང་གི་འབྲུག་མོ་དྲན་ཚུལ》《སེམས་ཀྱི་རོལ་རྩེད་ལེའུ་གསུམ་མ》《སྒྲོལ་མ་དང་འབྲེལ་བ་མེད་པའི་ལོ་ཟླ》《སྒྲོལ་མ》《རྐང་ཕྲུག་མ་གསོན་པོར་དུར་འཇུག་བྱས་ཚུལ》《ཁྱོད་སོང་རྗེས》སོགས་དང་གཞན་ཡང་ཡོད་དོ། ། རིགས་གསུམ་པ་ནི། 《མཇལ་འཛོམས》《ཕྱེ་མ་ལེབ་ཀྱི་ཆུ་མིག》《ཨ་ཧྲི་མ》《གྱེས་བྲལ》《མུ་ཏིག་གཙང་པོ》《སེམས་ཀྱི་དཔའ་གདེང་རྙེད་པའི་གླུ》《འཆི་བདག་ལ་བྲིས་པའི་ཡི་གེ》སོགས་གཞན་ཡང་མང་ངོ་། །
          《བརྩེ་བ་ཀོ་ཤུན་མ》རུ་བསྡུས་པའི་སྙན་ངག་དག་ལ་བརྡ་སྤྲོད་ཀྱི་ཞུན་ཐར་ཆོད་ཅིང་། དབྱངས་ཀྱི་འདེགས་འཇོག་ཤིན་ཏུ་གསལ་བར་མ་ཟད། ཁ་གསལ་གོ་བདེའི་ཁྱད་ཆོས་བླ་ལྷག་ཏུ་ལྡན་པར་མཐོང་། དཔེར་ན།《གླིང་གི་འབྲུག་མོ་དྲན་ཚུལ》ལྟ་བུའི་སྙན་ངག་ནི་དྲུག་ཚིག་གིས་བརྩམས་ཤིང་། མགུར་གྱི་དབྱངས་འགྲོས་གསལ་བའི་ཁར། རྩོམ་པ་པོའི་སེམས་སུ་འཁྱིལ་བའི་དུས་སྐབས་ཤིག་གི་སེམས་ཀྱི་འཆར་སྒོ་དེ་བོད་མིའི་འཚོ་བའི་ཁྲོད་ན་དུས་རྒྱུན་ཁ་ལ་ཐོགས་པའི་གླིང་སྒྲུང་ནང་གི་མི་སྣ་དག་གི་བྱ་བྱེད་དང་མཐུན་པར་སྦྱར་བ་དང་བསྟུན། ཀློག་པ་པོའི་རྒྱུད་ལ་བསྟན་དོན་གསོན་ཉམས་དང་ལྡན་པར་འཕོ་འོང་བ་ལྟ་བུ་རེད། ཁ་གསལ་གོ་བདེ་ཞེས་པ་དེའང་བརྡ་སྤྲོད་དང་དཔེ་དང་དབྱངས་ཀྱི་འདེགས་འཇོག་སོགས་གཅིག་ཏུ་འདུས་པ་ལས་བྱུང་བ་ཞིག་ཡིན་པ་ལས། ཁ་སྐད་ཀྱི་བརྡ་སྤྲོད་ལུགས་ཤིག་ཏུ་ངོས་གཟུང་བར་མི་བྱ། གཞན། ཅུང་ཟད་གབ་སྦས་ཀྱི་ཚུལ་དུ་བརྩམས་པའི《གསེར་སྒམ་ཁུར་བའི་བོང་བུ》ལྟ་བུར་བསམས་ནའང་། ལོང་བ་མདའ་འཕེན་བཞིན་ཡུལ་ལ་འཇུག་པར་ཤིན་ཏུ་དཀའ་བའི་རིགས་དེ་མ་ཡིན་པར། ཕྱེད་གབ་ལ་ཕྱེད་མངོན་པའི་རིགས་སུ་གཏོགས་པའི་སྙན་ངག་གོ། ཡང་། རྩོམ་པ་པོས་ཐང་གི་སྙན་ངག་གི་བྲོ་བ་འཛོམས་པའི་སྙན་ངག་རེ་འགའ་འང་དེབ་དེ་རུ་བཀོད་ཡོད།《མཇལ་འཛོམས》《ཕྱེ་མ་ལེབ་ཀྱི་ཆུ་མིག》《ཨ་ཧྲི་མ》《གྱེས་བྲལ》《མུ་ཏིག་གཙང་པོ》སོགས་ལྟ་བུ་རེད། སྙན་ངག་དེ་དག་ཀྱང་ཁ་གསལ་གོ་བདེ་ལ་ཚིག་རྐང་རེ་རེའི་དབྱངས་ཀྱི་འདེགས་འཇོག་དང་ཡི་གེ་འཇམ་རྩུབ་ཀྱི་དོ་མཉམ་པར་བསྟུན། རྐང་པ་གཅིག་གི་རྗེས་སུ་གཅིག་རང་བྱུང་གི་ཚུལ་གྱིས་ཁྲིད་འོང་བའི་དགེ་མཚན་ལྡན་ཞིང་། མཐར་ཚིགས་བཅད་ཧྲིལ་པོའི་ངོས་ནས་ཡུལ་ལྗོངས་ཤིག་དང་འདྲེས་པའི་རྩོམ་པ་པོའི་སེམས་ཀྱི་ཚོར་བ་དེའང་ལུས་དང་གྲིབ་མ་བཞིན་སྣང་འོང་། དེ་ལ་རྩོམ་རིག་གི་སྐད་ཆ་ལྟར་བཤད་ན་ཡིད་བརྙན་དུ་འབོད་པར་སྙམ།
          མཚམས་འདིར་དབྱངས་ཀྱི་འདེགས་འཇོག་ཟེར་ན་ཅི་ཞིག་ལ་གོ་དགོས་སམ་སྙམ་ན། 《སྙན་ངག་གི་རྣམ་བཤད》ལས། དབྱངས་ཀྱི་འདེགས་འཇོག་ཅེས་པ་འདིར་ཅུང་ཟད་སྤྲོ་བ་ལ། སྤྱིར་འདེགས་འཇོག་ཅེས་པ་འཇིག་རྟེན་གྱི་བྱ་དངོས་ཀུན་ལ་ཁྱབ་པ་སྟེ། ས་ཡི་སྒང་གཤོང་དང་། དུས་ཀྱི་འཕོ་འགྱུར། སེམས་ཀྱི་འགྱུར་བ་སོགས་རྒྱུ་དང་མི་རྒྱུ་བ་ཐམས་ཅད་འདེགས་འཇོག་ཅིག་གི་རྣམ་པར་འཆར་ཆོག་མོད། ནམ་རྒྱུན་རང་རེས་འདེགས་འཇོག་ཅེས་པ་ནི་འགུལ་སྐྱོད་ཅིག་ལས་བྱུང་བ་སྟེ། འགུལ་སྐྱོད་རགས་པའི་རྣམ་པར་ཤར་བ་དཔེར་ན་སེམས་ཁམས་ཀྱི་འགྱུ་བའམ་ཚོར་ཤེས་ཀྱི་འཕྲོ་འདུ་ལས་བྱུང་བའི་འདེགས་འཇོག་ལྟ་བུ། འགུལ་སྐྱོད་ཀྱི་རྟེན་འབྲེལ་ལས་བྱུང་ཟིན་དང་མ་ཟིན་པའི་སྒྲ་སྣ་ཚོགས་ཀྱི་གདངས་རྒྱུན་དང་འགྱུར་ཁུགས་ཀྱི་འདེགས་འཇོག་ལྟ་བུ་སོགས་སུ་དབྱེ་རུང་བར་སྙམ།
          དེ་ལས་ཟིན་པའི་སྒྲ་ཡི་འདེགས་འཇོག་ནི་སྒྲ་རིག་པའི་ལུགས་སུ། དྲང་པོ་བསྒྲེང་དང་གུག་པ་དང་། ། བསྟོད་དང་སྨད་དང་སྒྲིམ་དང་གློད། ། ཅེས་པ་ལྟར་སྐད་ཀྱི་གདངས་སམ་ཡི་གེའི་གདངས་དེ་དབྱངས་དང་བསྡེབས་ཚེ། སྒྲ་དྲག་ཞན་བར་མ་གྲིམ་ལྷོད་རན་པ་སྣ་ཚོགས་ཤིག་འབྱུང་བ་ལ་གོ་དགོས། སྒྲ་གདངས་དེ་འདྲ་སྤེལ་བའི་སྐད་ཆའི་རྒྱུན་ལ་རང་བཞིན་གྱིས་དབྱངས་ཀྱི་འདེགས་འཇོག་ཅིག་བསྟུད་མར་ཡོད་པས་སྒྲ་གདངས་ཀྱི་དྲག་ཞན་འཇམ་རྩུབ་སོགས་ཅི་ཙམ་སྡེབ་སྦྱོར་ལེགས་པ་དེ་ཙམ་གྱིས་སྐད་ཆའི་རྒྱུན་ལ་དབྱངས་ཀྱི་འདེགས་འཇོག་གསལ་ཞིང་། འགྱུར་ཁུགས་ཀྱི་ཉམས་འགྱུར་ཡང་ལྡན་པ་ཡིན། དེས་ན་སྐད་ཆའི་སྒྱུ་རྩལ་གྱི་ཡང་རྩེར་བརྩི་བའི་སྙན་ངག་ལ་ནི་གཞན་ལས་ཁྱད་དུ་ཐོན་པའི་དབྱངས་ཀྱི་འདེགས་འཇོག་ཅིག་ཡོད་པ་སྨོས་མེད་དུ་གྲུབ་སྟེ། ཞེས་ནམ་རྒྱུན་ང་ཚོའི་ཁ་ལ་ཐོགས་པའི་དབྱངས་ཀྱི་འདེགས་འཇོག་དེ་ཇི་ལྟ་བུ་ཞིག་ཡིན་པ་ལྷུག་པར་འགྲེལ་ཡོད་པ་འདི་ཀློག་མཁན་དག་གི་སེམས་སུ་ངེས་པའི་ཚེ་ན། སྤྱི་ཙམ་དང་རགས་ཙམ་གྱིས་གོ་བ་ལྷུར་མ་བླངས་པར། 《བརྩེ་བ་ཀོ་ཤུན་མ》རུ་བཏུས་པའི་སྙན་ངག་རེ་རེ་ལ་དབྱངས་ཀྱི་འདེགས་འཇོག་གི་མཛེས་པའི་ཡོན་ཏན་ལྡན་པ་ཡིད་ཀྱིས་མྱང་ངེས་ཤིང་། བཀླག་པའི་ཚེ་ན་ལྕེ་ཡིས་རེག་ནུས། སྙན་ངག་པ་ཁྱུང་ཐར་རྒྱལ་ལགས་ནི་དབྱངས་ཀྱི་འདེགས་འཇོག་གི་ཐད་ལ་དང་དོད་ཆེན་པོ་བྱེད་པའི་སྙན་ངག་པ་ཞིག་རེད། ཁོང་ན་རེ། བདག་ལ་མཚོན་ན། སྙན་ངག་གི་རི་མོའི་རང་བཞིན་དང་སྙན་ངག་གི་རོལ་དབྱངས་ཀྱི་རང་བཞིན་དེ་ཧ་ཅང་གལ་ཆེན་པོ་རེད་སྙམ་གྱི་འདུག ཅེས་པའི་རོལ་དབྱངས་རང་བཞིན་ཟེར་བ་དེ་ལ་དབྱངས་ཀྱི་འདེགས་འཇོག་ཀྱང་འདུ་བར་ཤེས་ནུས་པ་ཡིན།
          ཁ་སང་དེ་རིང་གི་དུས་ལ་འཁྲུལ་གཞི་གཞན་ཞིག་འབྱུང་བཞིན་པ་ནི་སྙན་ངག་མ་ཡིན་པའི་ཚིགས་བཅད་གོ་སླ་བ་ཅན་དང་། སྙན་ངག་གི་བྲོ་བ་ཡོངས་སུ་བརྟས་པའི་ཚིགས་བཅད་སྙན་ངག་གོ་སླ་བ་གཉིས་ཀྱི་མཚམས་དེ་རེད། སྙན་ངག་གི་བྲོ་བ་མི་འཛོམས་ཤིང་གོ་སླ་བའི་ཚིགས་བཅད་སྙན་ངག་མ་ཡིན་པའི་རིགས་ནི། དཔེར་ན། 《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ》ལས། མཆོག་ཏང་གི་མགོ་ཁྲིད་བཟང་དང་གཅིག ། ཡུལ་རྒྱལ་ཁམས་བདེ་འཇགས་ལྡན་དང་གཉིས། །རྒྱུ་འབངས་རྣམས་ཧུར་བརྩོན་ཆེ་དང་གསུམ། ། ཆོས་དེ་གསུམ་འཛོམས་ཤིང་འདུས་པ་ན། ། བདེ་སྐྱིད་ཀྱི་འཚོ་བ་ལྷུན་གྲུབ་རེད། ། ཅེས་པའི་ཚིགས་བཅད་བཀོད་པ་འདི་ལྟ་བུ་ཡིན་ཞིང་། འདི་སྙན་ངག་ཏུ་མི་འགྲོ་ཚུལ་ཡང་། དེ་ལས། བཟང་དང་བདེ་འཇགས། ཧུར་བརྩོན་སོགས་སྒྲ་སྤྱིའི་གོ་བ་སྟེར་བའི་ཚིག་གིས་བརྗོད་ཅིང་། དོན་གྱི་སྣང་བརྙན་འགོད་པའི་ཁྱད་ཆོས་མེད་པས། སྒྱུ་རྩོམ་གྱི་ཁོངས་སུ་མི་འགྲོའོ། ། ཞེས་གསལ་པོར་གསུངས་ཡོད་པ་འདིས་སྙན་ངག་ཡིན་དང་མ་ཡིན་གྱི་གནད་ས་དེ་དོན་གྱི་སྣང་བརྙན་ཡོད་མེད་ལ་ཐུག་ཡོད་པའི་གོ་བ་འདི་ཆགས་དགོས། 《བརྩེ་བ་ཀོ་ཤུན་མ》རུ། འབྲུག་མོ་དྲན་ཚུལ་མི་བཤད། ། འབྲུག་མོ་དྲན་ཚུལ་བཤད་ན། ། གེ་སར་ཚང་གི་བླ་རི། །མཐོ་ཡང་མགོ་བོ་དུད་བྱུང་། ། ལྟ་བུ་ནི་གོ་སླ་ཡང་། སྙན་ངག་གི་ཉམས་ལྡན་ཡོད། སྙན་ངག་གི་ཉམས་ལྡན་སའི་ཟུར་ནི། བསྡུས་བརྗོད་ཀྱི་ཁྱད་ཆོས་དང་རབ་བཏགས་ཀྱི་ཁྱད་ཆོས་གཉིས་ལྡན་ཡོད། འདིར་བརྗོད་པའི་འབྲུག་མོ་ནི་གླིང་གེ་སར་ཚང་གི་འབྲུག་མོ་མ་ཡིན་པར་རྩོམ་པ་པོའི་སེམས་ཀྱིས་ཟིན་པའི་འབྲུག་མོ་གཞན་ཞིག་ཏུ་གོ་བ་དང་། ཡང་གེ་སར་ཚང་གི་བླ་རི་མཐོ་ཡང་མགོ་བོ་དུད་པ་དེས་དཔེ་སེམས་མེད་ལ་སེམས་ལྡན་གྱི་སྒྲོ་བཏགས་པ་ལགས་ན་རྩ་བའི་ཚོར་བ་དེའི་ངོ་བོ་མཚོན་སྟངས་མཐོ་རུ་བཏང་ཡང་། གོ་ཧ་ཅང་སླ་བའི་རིགས་ཀྱི་སྙན་ངག་ཅིག་ཏུ་འདོད་འོས། དེས་ན་སྙན་ངག་ཇི་ལྟར་གོ་སླ་རུ་བཏང་ཡང་རྩ་བའི་སྙན་ངག་གི་ཁྱད་ཆོས་འདོར་དུ་མི་རུང་བ་ཡིན། སྙན་ངག་པ་ཁྱུང་ཐར་རྒྱལ་གྱི་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་སྤྱི་དང་།སྒོས་སུ《བརྩེ་བ་ཀོ་ཤུན་མ》རུ་བཏུས་པའི་སྙན་ངག་གང་ཡིན་རུང་ཆེས་གོ་སླ་བའི་གྲས་སུ་འཇོག་རིགས་པ་མང་པོ་ཡོད་ཀྱང་། རྩ་བའི་སྙན་ངག་གི་ཁྱད་ཆོས་བཟུང་ཡོད་པར་འདོད།
          དེ་ལས་གཞན། 《བརྩེ་བ་ཀོ་ཤུན་མ》 ཞེས་པའི་སྙན་ངག་གི་ཆེད་དེབ་དེ་སྤྱི་ཚོགས་སུ་བཀྲམ་པའི་རྗེས་ལ། ཀློག་པ་པོ་གང་མང་གིས་གདེང་འཇོག་ཆེན་པོ་བྱས་ཤིང་། ཁོ་བོའི་སར་ཡང་སྙན་ངག་པ་རྒན་པ་ཞི་བདེ་ཉི་མ་ན་རེ། ཉེ་བའི་ལོ་འགའ་ཞིག་གི་རིང་ལ་སྙན་དེབ་ཀྱི་ཚོགས་སྤང་ལ་ཤ་མོ་བརྡོལ་བ་བཞིན་བྱུང་ཡང་། ཁྱུང་ཐར་རྒྱལ་གྱི《བརྩེ་བ་ཀོ་ཤུན་མ》ལྟ་བུའི་སྙན་དེབ་ཡག་པོ་བྱུང་མ་མྱོང་ཞེས་དང་། ཡང་ཁོ་བོས། བཀླགས་ཚོར་འདི་འབྲི་སླད། སྙན་ངག་པ་རྒན་པ་གཅན་མེ་སྟག་དང་གཅན་རང་སད་སོགས་སུ《བརྩེ་བ་ཀོ་ཤུན་མ》ཡི་སྐོར་ནས་གླེང་མོལ་བྱས་པའི་སྐབས་སུ་ལན་གཅིག་མིན་པར་དཀྱུས་གཅིག་ཏུ《བརྩེ་བ་ཀོ་ཤུན་མ》རུ་བཀོད་པའི་སྙན་ངག་རྣམས་གོ་སླ་ཞིང་བོད་སྐད་རྣལ་མའི་ཁྱད་ཆོས་བླ་ན་མ་མཆིས་པ་ཞིག་ཡོད་པར་མ་བགྲོས་གཅིག་མཐུན་གྱིས་གླེང་བྱུང་། ད་རུང་སྙན་ངག་པ་ཁྱུང་ཐར་རྒྱལ་ལགས་ལ་བཅར་འདྲི་ཞིག་གི་སྐབས་སུ་ཡང་། ཁོང་གིས་དྲིས་ལན་ལ་འདི་འདྲ་ཞིག་བཏབ་ཡོད་པ་དྲན་གསོས། ཀློག་པ་པོ་དག་ལ་བག་ཆགས་ཅི་འདྲ་ཞིག་བཞག་ཡོད་པ་དངོས་གནས་ཤེས་དཀའ། ཡིན་ནའང་ཨ་ལགས་མཚམས་ཁང་ཚང་ཟེར་བ་ཞིག་གིས་ངའི་བརྩེ་བ་ཀོ་ཤུན་མ་མགོ་ནས་མཇུག་བར་ཚིག་ལྷག་གཅིག་ཀྱང་མེད་པར་བློར་འགྲོ་བ་དེས་ང་ལ་སྤོབས་པ་ཆེན་པོ་ཞིག་བསྩལ་བྱུང་། ཞེས《བརྩེ་བ་ཀོ་ཤུན་མ》ཆ་ཚང་བློ་ཐོག་ལ་བླངས་ཡོད་པའི་ཀློག་པ་པོ་འང་ཡོད་པར་གསལ་བ་ལགས་ན། 《བརྩེ་བ་ཀོ་ཤུན་མ》ནི་སྙན་ངག་གི་དེབ་ག་འདྲ་ཞིག་ཡིན་པ་རང་གིས་མ་བཤད་ཀྱང་རོགས་ཀྱིས་གླེང་ཟེར་བ་ལྟར་རོ། །
          ཁོ་བོས《བརྩེ་བ་ཀོ་ཤུན་མ》བཀླགས་པའི་ཚོར་བ་རོབ་ཙམ་ཞུས་ཟིན་པའི་ཁུལ་ལགས་ཀྱང་། ད་རུང་སྙན་ངག་རེ་རེ་ཡི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཚོར་བའི་འགྱུ་སྟངས་སོགས་རྩྭ་ཀུ་ཤུའི་རྩེ་མོ་ནང་བཞིན་སོ་སོར་ཕྱེ་ཐུབ་མེད་པར་རྩོམ་རེ་གཉིས་ཤིག་གི་ཟུར་ཙམ་གླེང་ནས་འཐུས་པར་བྱས་པ་འདིར་རྩོམ་པ་པོ་གཙོ་བྱས་ཀློག་མཁན་ཡོངས་ལ་དགོངས་དག་ཞུས་པ་ཡིན། སྤྱིར་དེབ་གང་ཞིག་གམ་ཡང་ན་རྩོམ་ཡིག་གང་ཞིག་བཀླགས་པའི་ཚོར་བ་འབྲི་བ་ལ་ཡི་གེ་མང་དགོས་པའི་ངེས་པ་མེད་ཀྱང་། འབྲི་གཞི་དེ་དང་འབྲེལ་བའི་ཐུན་མིན་གྱི་སྣང་ལུགས་ཤིག་དགོས་ངེས་ཡིན་རུང་། ཁོ་བོའི་བཀླགས་ཚོར་འདིར་ཐུན་མིན་གྱི་སྣང་ལུགས་གང་ཡང་བྱེ་བྲག་ཏུ་ཐོན་མེད་ཀྱང་རུང་། ཀུན་སློང་གཡས་སུ་ཡང་མ་ལྷུང་ཞིང་གཡོན་དུའང་མ་ཕྱོགས་པར་བྲིས་པའི་ཚུགས་ཀ་ཙམ་ལ་འབད་པ་ཆེན་པོ་བྱས་ཡོད།
          མཇུག་ཏུ《བརྩེ་བ་ཀོ་ཤུན་མ》བཀླགས་པའི་ཚོར་བ་སྣེ་མོ་གཅིག་གི་སྐྱིབས་སུ་དྲིལ་ན། འདི་ལྟར། སློབ་དཔོན་ཆེན་མོ་དོར་ཞི་ལགས་ཀྱིས། དབང་པོའི་ཡུལ་དང་དབང་ཡུལ་ལས་འདས་པའི། ། བརྗོད་བྱའི་དོན་གྱི་སྣང་བརྙན་མངོན་སུམ་བཞིན། ། བློ་ཡི་མེ་ལོང་ངོས་ལ་གསལ་སེང་ངེར། ། འགོད་པའི་རྩོམ་སྟངས་རྩོམ་རིག་ཀུན་གྱི་སྲོག ། ཅེས་གསུངས་པའི་རྩོམ་བཟང་ཞིག་གི་ཁྱད་ཆོས《བརྩེ་བ་ཀོ་ཤུན་མ》ཡི་སྙན་ངག་དག་གི་དངོས་ཤུགས་གང་རུང་ལ་འཛོམས་ཡོད་པར་འདོད་དོ། །
          ཟུར་ལྟའི་དཔྱད་གཞི།
          《བོད་ཀྱི་སྙན་ངག་གི་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ་གཟུར་གནས་རིག་པའི་འཇུག་ངོགས》 འཇུ་སྐལ་བཟང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། 1990ལོའི་ཟླ 8 པར་དཔར་ཐེངས་དང་པོ་དཔར།
          《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ》དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། 1990 ལོའི་ཟླ8 པར་དཔར་ཐེངས་དང་པོ་དཔར།
          《རྩོམ་རིག་གི་རྣམ་བཤད》བསོད་ནམས་དབང་ལྡན་དང་བུ་བཞི་གཉིས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། 1996ལོའི་ཟླ8 པར་མཚོ་སྔོན་མི་རིགས་པར་ཁང་གིས་དཔར་བཏབ།
          《མེ་ལོང་ནང་གི་སྐད་ཆ》ཁྱུང་ཐར་རྒྱལ་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014 ལོའི་ཟླ་དང་པོར་ལན་གྲུ་ཞིན་ཧྭ་པར་ཁང་གིས་དཔར།
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716