སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས་ཞེས་བྱ་བའི་སྙན་རྩོམ་ཕྱོགས་བསྒྲིགས་སྐོར་རགས་གླེང་།
སྤེལ་དུས། 2016-05-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རྒྱལ་མཚན།

  གཅིག ཁོང་གི་ངོ་སྤྲོད་མདོར་བསྡུས།

  རེབ་གོང་རྡོ་རྗེ་མཁར་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྤྱི་ལོ༡༩༥༨ལོའི་ཟླ༦ཚེས༡༥ཉིན་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་འཇམ་ཕ་བརྒྱ་བུ་སྟོང་དུ་གྲགས་པའི་གྲོང་དུ་སྐྱེས་ཤིང་།བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་སྤྱི་ལོ༡༩༦༠ལོར་ཕྱི་ནང་གི་རྐྱེན་གང་རུང་ཞིག་ལ་བརྟེན་ནས་ནགས་ཀྱའི་ཕུ་བོའི་སར་ཕྱིན་པ་དང་།བོད་རབ་བྱུང་བཅུ་དྲུག་པའི་མེ་ལུག་སྤྱི་ལོ༡༩༦༧ལོར་ཁྱུང་བོའི་སློབ་ཆུང་དུ་ཕྱིན་ནས་གསལ་བྱེད་སུམ་ཅུའི་ཀློག་དང་བཅས་པར་སློབ་གཉེར་བགྱིས།བོད་རབ་བྱུང་བཅུ་དྲུག་པའི་ས་བ་སྤྱི་ལོ་༡༩༦༩ལོར་སློབ་གྲྭར་འགྲོ་མཚམས་བཞག་ནས་ཁ་གྱའི་གྲོང་གི་མ་ཡར་གྱི་ཁྱིམ་དུ་ཕྱིན་ཏེ་ལོ་གཅིག་གི་དུས་ཚིགས་བཞི་བོར་ཕྱུགས་འཚོ་སྐྱོང་བྱེད་བཞིན་དུ་བསྡད།བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་སྤྱི་ལོ་༡༩༧༡ལོར་རང་ཉིད་སློབ་གྲྭར་མ་སོང་བར་ཕྱུགས་འཚོ་བཞིན་དུ་བསྡད་ན་ཕན་པ་མེད་སེམས་ནས་སླར་ཡང་ཕུ་བོའི་སར་འོང་།ལོ་དེར་སྨད་པའི་སློབ་འབྲིང་དུ་ཞུགས་ནས་ལོ་རིམ་བཞི་པའི་སྐད་ཡིག་དང་རྩིས་རིག་དག་ལ་རིས་སུ་མ་ཆད་པར་སློབ་གཉེར་བགྱིས།བོད་རབ་བྱུང་བཅུ་དྲུག་པའི་ཆུ་གླང་སྤྱི་ལོ༡༩༧༣ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ནས་སུམ་རྟགས་དག་གསུམ་ལ་སྦྱངས།བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་སྤྱི་ལོ༡༩༧༥ལོར་སློབ་མཐར་ཕྱིན་ནས་རྩེ་ཁོག་རྫོང་བོན་བརྒྱ་ཤང་གི་དར་དམར་རུ་ཁག་གི་སློབ་གྲྭའི་གཞུང་སྒྲུབ་དགེ་རྒན་བྱེད་པར་ཕྱིན།བོད་རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་སྤྱི་ལོ༡༩༧༧ལོར་རྩེ་ཁོག་རྫོང་དམངས་སྲིད་ཁང་དུ་ལས་གནས་སྤོས།བོད་རབ་བྱུང་བཅུ་དྲུག་པའི་ས་རྟ་སྤྱི་ལོ༡༩༧༨ལོར་རྨ་ལྷོ་ཁུལ་ལྔ་བདུན་ལས་བྱེད་སློབ་གྲྭར་ཆབ་སྲིད་ཀྱི་གཞུང་ལུགས་སློབ་པར་ཕྱིན།བོད་རབ་བྱུང་བཅུ་དྲུག་པའི་ས་ལུག་སྤྱི་ལོ༡༩༧༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ཏེ་མདོ་སྨད་ཀྱི་མཁས་པ་ཆེན་པོ་སྟེ།དོན་གྱི་སླད་དུ་མཚན་ནས་སྨོས་ན་ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་ཞབས་ལ་གཏུགས་ཏེ་སྙན་ངག་གི་གཞུང་དང་།བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།ཆོས་ལུགས་ཀྱི་གཞུང་བཅས་ལ་སློབ་གཉེར་བགྱིས་པའི་ཁར།  རྒྱ་ཡིག་གི་ཆབ་སྲིད་དཔལ་འབྱོར་རིག་པ་དང་།  མཚན་ཉིད་རིག་པ།   བརྡ་སྤྲོད་རིག་པ།  སློབ་གསོའི་རིག་པ།   རྩོམ་རིག་གི་གཞུང་།  རྒྱའི་གནའ་རབས་དང་དེང་རབས་ཀྱི་བརྡ་སྤྲོད་རིག་པ་བཅས་ལ་སློབ་གཉེར་དཔྱིས་ཕྱིན་པ་བགྱིས།བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྤྱི་ལོ༡༩༨༣ལོར་སློབ་མཐར་ཕྱིན་རྗེས་ཀྲུང་དབྱང་མི་རིགས་ཡིག་བསྒྱུར་ཁང་དུ་ཕྱིན་ནས་རྒྱ་ཡིག་རྣམས་བོད་གངས་ཅན་པའི་བརྡའི་ལམ་དུ་བསྒྱུར་བར་གཞོལ།བོད་རབ་བྱུང་བཅུ་དྲུག་པའི་ཤིང་གླང་སྤྱི་ལོ༡༩༨༥ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཞུགས་ཏེ་སྒྲ་རིག་པ་དང་། སྐར་རྩིས།  ཚད་མ།   སྙན་ངག   བོད་ཀྱི་ལོ་རྒྱུས།   ཕར་ཕྱིན་སོགས་ལ་སྦྱངས་ཤིང་།  སྐབས་དེར་ཚད་མ་རིག་པ་ལ་ངེས་ཤེས་གསལ་པོ་ཞིག་འདྲོངས་དགོས་སྙམ་ནས་བླ་བྲང་དགོན་པའི་ཚད་མར་རབ་ཏུ་མཁས་པའི་གྲགས་པ་དབྱར་གྱི་འབྲུག་སྒྲ་ལྟར་ལྡིར་བའི་ཨ་ཁུ་སངས་རྒྱས་དོན་གྲུབ་མཆོག་གི་ཞབས་ལ་གཏུགས་ཏེ་བསྡུས་ཆུང་དང་།  བསྡུས་འབྲིང།  བསྡུས་ཆེན་བཅས་ཀྱི་གཞུང་ལ་སློབ་གཉེར་ལེགས་པར་བགྱིས།བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག་སྤྱི་ལོ༡༩༨༨ལོར་རྩོམ་རིག་གི་ཧྲོ་ཧྲི་ཞེས་པའི་མིང་བཏགས་ཐོབ་ནས་སློབ་མཐར་ཕྱིན་རྗེས་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་རིག་པའི་ཞིབ་འཇུག་ཁང་དུ་ཕྱིན་ཏེ་བོད་ཀྱི་ལོ་རྒྱུས་དང་།  རྩོམ་རིག   ཚད་མ།  ཆོས་ལུགས་སོགས་ལ་ཞིབ་འཇུག་བགྱིས།   བོད་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་སྤྱི་ལོ༡༩༨༩ལོའི་ཟླ་བཅུ་གཉིས་པའི་ནང་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སུ་ཕྱིན་ནས་《ཟླ་ཟེར》དུས་དེབ་ཀྱི་གཙོ་སྒྲིག་པ་གཞོན་པའི་འགན་འཁུར་ཞིང་།  ཕྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བ་དང་།  དེ་དུས་ཡུལ་དེ་གའི་ཆོས་རྫོང་ལ་མགོའི་བཙུན་མའི་དགོན་པར་བཞུགས་པའི་བཤད་སྒྲུབ་གཉིས་ལ་མཁས་པའི་གྲུབ་ཆེན་ཨ་ཁུ་སྦྱིན་པའི་ཞབས་ལ་གཏུགས་ཏེ་ཀུན་བཟང་བླ་མའི་ཞལ་ལུང་དང་རྫོགས་ཆེན་སྙིང་ཏིག་གི་གཞུང་བཅས་ལ་སློབ་གཉེར་བགྱིས།བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་སྤྱི་ལོ་༡༩༩༢ལོར་སླར་ཡང་པེ་ཅིང་གི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་བསྒྱུར་ལྟེ་གནས་སུ་ལས་གནས་སྤོས་ཏེ་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་མའོ་ཙེ་ཏུང་དང་།ལིག་ཧྲའོ་ཆི།  ཀྲོའུ་ཨེན་ལེན།  ཀྲུའུ་ཏེ།  ཁྲེན་དབྱིན།  ཏེང་ཞའོ་ཕིང་། ཅང་ཙེ་སྨིན་བཅས་ཀྱི་གསུང་རྩོམ་དང་།  རྒྱལ་ཁབ་ཀྱི་ཁྲིམས་ཡིག་ཕྱོགས་བསྒྲིགས།ལོ་རེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་གྱི་གཞུང་ཡིག་གམ་སྲིད་གྲོས་ཨུ་ཡོན་གྱི་གསུང་བཤད་གལ་ཆེན།ལོ་ལྔ་རེའི་ནང་ཐེངས་གཅིག་འཚོགས་པའི་ཏང་གི་འཐུས་མིའི་ཚོགས་ཆེན་སྐབས་རིམ་པའི་གཞུང་ཡིག་རྣམས་བོད་གངས་ཅན་པའི་བརྡའི་ལམ་དུ་བསྒྱུར། བོད་རབ་བྱུང་བཅུ་བདུན་པའི་མེ་བྱི་སྤྱི་ལོ༡༩༩༦ལོར་ཞུ་ཆེན་ལོ་ཙཱ་པ་གཞོན་པའི་མིང་བཏགས་ཐོབ།  བོད་རབ་བྱུང་བཅུ་བདུན་པའི་ས་སྟག་སྤྱི་ལོ་༡༩༩༨ལོར་ཞུ་ཆེན་ལོ་ཙཱ་པའི་མིང་བཏགས་ཐོབ་ཅིང་བོད་ཡིག་ལོ་ཙཱ་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས།  བོད་རབ་བྱུང་བཅུ་བདུན་པའི་ཆུ་ལུག་སྤྱི་ལོ༢༠༠༣ལོར་བོད་ཡིག་ལོ་ཙཱ་ཁང་གི་ཀྲུའུ་རེན་དང་པོར་བསྐོས།  ལོ་དེར་ཨུ་རུ་སུ་དང་ཥ་ཟག་ཁོ་སི་ཐན་ལ་སོགས་པའི་རྒྱལ་ཁབ་དུ་མར་ཕྱིན། བོད་རབ་བྱུང་བཅུ་བདུན་པའི་ཤིང་བྱ་སྤྱི་ལོ༢༠༠༥ལོར་སྔ་ནུར་གྱིས་ལས་འཁྱུར་ངལ་གསོ་བྱས་ནས་དབྱི་ཐ་ལི་དང་།  ཧོ་ལན།  ཨོ་སི་ཁྲུ་རི་ཡ།  ལྦེ་ནེ་ཙུའུ་ཨེ་ལ་ལ་སོགས་པའི་རྒྱལ་ཁབ་རྣམས་སུ་ཕྱིན་ཏེ་ཆོས་རྒྱལ་ནམ་མཁའི་ནོར་བུའི་མཛད་འཕྲིན་རྩད་གཅོད་ཕུ་ཐག་ཆོད་པ་བགྱིས་ནས་ཁོང་གི་རྟོགས་བརྗོད་འབྲི་བར་མཐུན་རྐྱེན་ཤིན་ཏུ་ཡག་པོ་ཞིག་བསྐྲུན།  བོད་རབ་བྱུང་བཅུ་བདུན་པའི་མེ་ཁྱི་སྤྱི་ལོ༢༠༠༦ལོའི་ཟླ་བཅུ་གཉིས་པར་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་ཕྱིན་ནས་དེ་གའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་བོད་ཡིག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པའི་འགན་འཁུར།   བོད་རབ་བྱུང་བཅུ་བདུན་པའི་མེ་ཕག་སྤྱི་ལོ༢༠༠༧ལོའི་ཟླ་དྲུག་པར་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་བོད་ཡིག་རྩོམ་སྒྲིག་ཁང་ནས་བུད།   བོད་རབ་བྱུང་བཅུ་བདུན་པའི་མེ་ཕག་སྤྱི་ལོ་༢༠༠༧ལོའི་ཟླ་དགུ་པར་མི་དམངས་དྲ་བའི་ཡ་གྱལ་བོད་ལྗོངས་དྲ་བའི་བློ་འདྲི་ས་བྱས་ནས་བོད་ཡིག་གི་དྲ་བ་ལེགས་པར་སྒྲུབ་པའི་ལས་སུ་བརྩོན་བཞིན་དུ་གདའ་འོ།  །
      སྔོན་དུས་མི་རིགས་རྩོམ་རིག་སློབ་ཚོགས་ཀྱི་ཚོགས་མི་དང་།  ཀན་སུའུ་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།   ཀན་སུའུ་ཞིང་ཆེན་གྱི་མི་རིགས་རྩོམ་རིག་མཐུན་ཚོགས་ཀྱི་ལས་འཛིན་པ།  ཀན་སུའུ་ཞིང་ཆེན་གྱི་བོད་རིག་པའི་མཐུན་ཚོགས་ཀྱི་ཚོགས་མི།   ཨ་མདོའི་ཞིབ་འཇུག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།  ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་སྐྲུན་ཁང་གི་གདན་ཞུས་རྩོམ་སྒྲིག་པ།  པེ་ཅིང་ཧུའེ་ཏེན་ཁུལ་གྱི་སྲིད་གྲོས་ཨུ་ཡོན།  རྒྱལ་ཁབ་ཀྱི་དཔེ་དེབ་ཀྱི་བ་དགའ་དཔྱད་འདེམས་བྱེད་པའི་ལས་ཀའི་ཚོགས་ཆུང་གི་དཔྱད་འདེམས་པ།  ཀྲུང་གོའི་མི་རིགས་ཀྱི་དཔེ་དེབ་ཀྱི་བ་དགའ་དཔྱད་འདེམས་བྱེད་པའི་ལས་ཀའི་ཚོགས་ཆུང་གི་དཔྱད་འདེམས་པ།  ཀྲུང་གོའི་ལོ་ཙཱ་པའི་མཐུན་ཚོགས་ཀྱི་ཚོགས་མི།  པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི་གདན་ཞུས་རྩོམ་སྒྲིག་པ།   སྲིད་གཞུང་གི་དཔེ་དེབ་ཀྱི་བྱ་དགའ་དཔྱད་འདེམས་བྱེད་པའི་ལས་ཀའི་ཚོགས་ཆུང་གི་དཔྱད་འདེམས་པ།  རྒྱལ་ཁབ་གསར་འགྱུར་པར་སྐྲུན་ཧྲུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མི་རིགས་དཔེ་དེབ་པར་སྐྲུན་གསབ་དངུལ་དཔྱད་འདེམས་ཚོགས་པའི་དཔྱད་འདེམས་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཚན་པའི་བོད་ཡིག་གི་དུས་དེབ་《པོ་ཏ་ལ》ཞེས་པར་དཔྱད་ཞིབ་སྐྱོན་འབུད་བྱེད་པའི་ཆེད་ལས་མཁས་པ་བཅས་ཀྱི་འགན་འཁུར་མྱོང་བ་རེད།
     ༡༩༨༡ལོ་ནས་བརྩམས་ཏེ་རྩོམ་ཡིག་སྣ་ཚོགས་འབྲི་བའི་ལས་སུ་བརྩོན་པས་ཞུགས་ཤིང་།  སྔ་ཕྱིར་མདོ་དབུས་ཁམས་གསུམ་གྱི་དུས་དེབ་དང་ཚགས་པར་རྣམས་ཀྱི་སྟེང་དུ་སྙན་ངག་དང་།  བརྩམས་སྒྲུང་།   ལྷུག་རྩོམ།  དཔྱད་རྩོམ།  འགྱུར་ཡིག་སོགས་སུམ་བརྒྱའི་གྲངས་ལ་ཉེ་བ་ཙམ་ཞིག་བཀོད་ཅིང་།  རྩོམ་རིག་གི་བྱ་དགའ་ཆེ་འབྲིང་ཆུང་གསུམ་ཡང་བཅུ་གསུམ་ཙམ་ཐོབ་པ་དང་།  སྙན་ངག་དང་ལྷུག་རྩོམ་འགའ་ཞིག་ཞིང་ལྗོངས་ལྔའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་ནང་དུ་བདམས་ཡོད་པ་མ་ཟད།  ད་དུང་བརྩམས་སྒྲུང་དང་།  སྙན་ངག   ལྷུག་རྩོམ།  འགྱུར་ཡིག་སོགས་མང་པོ་ཞིག་བོད་ཀྱི་བརྩམས་ཆོས་བདམས་སྒྲིག་ནང་དུ་བཀོད་ཡོད།  གཞན་ཡང་བོད་ལྗོངས་ཞིབ་འཇུག་དང་།  ཀྲུང་གོའི་བོད་ལྗོངས།   ཀྲུང་གོའི་བོད་རིག་པ།  ཀན་སུའུ་མི་རིགས།  བསྐལ་བཟང་མེ་ཏོག   མི་རིགས་ཡིག་བསྒྱུར་སོགས་རྒྱ་ཡིག་གི་དུས་དེབ་རྣམས་སུ་རྒྱ་ཡིག་གི་དཔྱད་རྩོམ་དུ་མ་ཞིག་བཀོད་ཅིང་། ཕྱི་གླིང་པ་རྣམས་ཀྱིས་ཁོའི་བོད་ཡིག་གི་དཔྱད་རྩོམ་མང་པོ་ཞིག་དབྱིན་ཇིའི་སྐད་དུ་བསྒྱུར་ནས་རྒྱལ་ཕྱིའི་རིགས་གཞུང་དུས་དེབ་ཏུ་བཀོད་ཡོད།   
      སྔོན་ནས་ད་ལྟའི་བར་དུ་《གབ་ཚིག་གསར་བསྒྲིགས་〔མི་མང་པོས་མཉམ་དུ་བརྩམས་པ་ཡིན〕》དང་།  རྟོགས་སླ་བ་སྙན་ངག་གི་གཞུང་《སྙན་ངག་བྱིས་པ་འཇུག་སྒོ》། སྒྲུང་ཐུང་ཕྱོགས་བསྒྲིགས་《བརྩམས་སྒྲུང་མེ་ཏོག་ཕྲེང་བ》།  བརྩམས་སྒྲུང་འབྲིང་པོ་《རྣམ་ཤེས་ཀྱི་དགོད་སྒྲ》། བརྩམས་སྒྲུང་འབྲིང་པོ་《ནུབ་བཞུད་ཀྱི་ཉི་མ》།  བརྩམས་སྒྲུང་རིང་པོ་《རྐྱལ་བའི་འཇིག་རྟེན་དུ་ཉུལ་བའི་གཏམ་རྒྱུད་ཀྱི་སྟོད་ཆ》།   གོ་སླ་བར་འགྲེལ་བའི་ཚད་མའི་གཞུང་《ཚད་མའི་དོན་བསྡུས་བློ་གྲོས་སྒོ་བརྒྱ་འབྱེད་པའི་ལྡེ་མིག》། ཪྙིང་མ་པའི་ཆོས་ལུགས་ཀྱི་གཞུང་《དམ་ཆོས་རྫོགས་པ་ཆེན་པོའི་རྣམ་གཞག》། བོད་ཀྱི་ལོ་རྒྱུས་《བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་སྔོན་མེད་གཏམ་གྱི་བང་མཛོད》། 《བོད་ཁམས་སིལ་བུར་ཐོར་བ་ནས་ས་སྐྱ་པའི་བར་གྱི་རྩོམ་རིག་གི་ལོ་རྒྱུས》།  སྙན་ངག་ཕྱོགས་བསྒྲིགས་《སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས》།  བོད་ཀྱི་སྙན་ངག་པ་དང་པར་ལེན་མཁས་པ་ཆེན་པོ་མགོན་པོ་བཀྲ་ཤིས་ཀྱི་《སྙན་ངག་གཅེས་བཏུས》〔འགྱུར་ཡིག〕དང་གཏམ་བརྗོད་ཟློས་གར་གྱི་འཁྲབ་གཞུང་《སུ་རུའི་མེ་ཏོག》〔འགྱུར་ཡིག〕སོགས་པར་དུ་བསྐྲུན་ནས་བོད་གངས་ཅན་གྱི་ཤེས་ལྡན་དག་གི་འདྲེན་བྱེད་ཀྱི་དགའ་སྟོན་དུ་སྤེལ་ཡོད།  གཞན་ཡང་《ཀརྨ་བཀའ་བརྒྱུད་ཀྱི་ཆོས་འབྱུང་སྟོད་ཆ་》དང་།《བཀའ་ཐང་སྡེ་ལྔ》།《ཆོས་འབྱུང་མཁས་པའི་དགའ་སྟོན》། 《ཤེས་བ་ཀུན་ཁྱབ》། བོད་ཀྱི་རྩོམ་གཞུང་སོགས་རྩོམ་སྒྲིག་བྱེད་པའི་འགན་ཡང་འཁུར་མྱོང་བའི་ཁར།  རྒྱལ་ཁབ་ཀྱི་ལས་གཞིའི་རྣམ་གྲངས་འགངས་ཆེན་《གེ་སར་རྒྱལ་པོའི་སྒྲུང་དཔེ་གཅེས་བསྒྲིགས》དང་《བོད་ཡིག་ཚིག་མཛོད་ཆེན་མོ་》སོགས་རྩོམ་སྒྲིག་བྱེད་པའི་ལས་སུ་ཞུགས་དང་འཇུག་བཞིན་ཡོད།  ད་ལྟ་རྩོམ་པ་པོ་འདི་བས་གསུང་རྩོམ་ཕྱོགས་བསྒྲིགས་བྱས་ཏེ་ཚར་ཡོད་པ་ནི་འདི་ལྟ་སྟེ།  དེབ་དང་པོ་སྙན་ངག་ཀུན་བཏུས་ཀྱི་སྟོད་ཆ། དེབ་གཉིས་པ་སྙན་ངག་ཀུན་བཏུས་ཀྱི་སྨད་ཆ།  དེབ་གསུམ་པ་སྒྲུང་ཐུང་ཀུན་བཏུས།  དེབ་བཞི་པ་སྒྲུང་འབྲིང་ཀུན་བཏུས།   དེབ་ལྔ་པ་སྒྲུང་རིང་རྐྱལ་བའི་འཇིག་རྟེན་དུ་ཉུལ་བའི་གཏམ་རྒྱུད་ཀྱི་སྟོད་ཆ།  དེབ་དྲུག་པ་སྒྲུང་རིང་རྐྱལ་བའི་འཇིག་རྟེན་དུ་ཉུལ་བའི་གཏམ་རྒྱུད་ཀྱི་སྨད་ཆ།  དེབ་བདུན་པ་ལྷུག་རྩོམ་ཀུན་བཏུས།  དེབ་བརྒྱད་པ་དཔྱད་རྩོམ་ཀུན་བཏུས་ཀྱི་སྟོད་ཆ། དེབ་དགུ་པ་དཔྱད་རྩོམ་ཀུན་བཏུས་ཀྱི་སྨད་ཆ།  དེབ་བཅུ་པ་འགྱུར་ཡིག་ཀུན་བཏུས།   དེབ་བཅུ་གཅིག་པ་སྙན་ངག་གི་གཞུང་སྟོད་ཆ།  དེབ་བཅུ་གསུམ་པ་སྙན་ངག་གི་གཞུང་སྨད་ཆ།  དེབ་བཅུ་བཞི་པ་སྙན་ངག་གི་དོགས་གཅོད།   དེབ་བཅོ་ལྔ་པ་བོད་ཀྱི་མཁས་གྲུབ་ལོ་པཎ་རྣམས་ཀྱི་མཚན་བྱང་སྟོད་ཆ།  དེབ་བཅུ་དྲུག་པ་བོད་ཀྱི་མཁས་གྲུབ་ལོ་པཎ་རྣམས་ཀྱི་མཚན་བྱང་སྨད་ཆ།  དེབ་བཅུ་བདུན་པ་བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་སྔོན་མེད་གཏམ་གྱི་བང་མཛོད།  དེབ་བཅོ་བརྒྱད་པ་དམ་ཆོས་རྫོགས་པ་ཆེན་པོའི་རྣམ་གཞག དེབ་བཅུ་དགུ་པ་ཚད་མའི་དོན་བསྡུས་བློ་གྲོས་སྒོ་བརྒྱ་འབྱེད་པའི་ལྡེ་མིག  དེབ་ཉི་ཤུ་པ་ཆོས་རྒྱལ་ནམ་མཁའི་ནོར་བུའི་རྟོགས་བརྗོད།  དེབ་ཉེར་གཅིག་པ་བོད་ཀྱི་དགོན་སྡེ་ཁག་ཅིག་གི་ལོ་རྒྱུས་ཐོར་བུ་སྟོད་ཆ།   དེབ་ཉེར་གཉིས་པ་བོད་ཀྱི་དགོན་སྡེ་ཁག་ཅིག་གི་ལོ་རྒྱུས་ཐོར་བུ་སྨད་ཆ།   དེབ་ཉེར་གསུམ་པ་བོད་གངས་ཅན་གྱི་བརྡ་སྤྲོད་པའི་བསྟན་བཅོས་ལེགས་བཤད་རིན་ཆེན་འདྲེན་པའི་ཤིང་རྟ།  དེབ་ཉེར་བཞི་པ་བོད་ཁམས་སིལ་བུར་ཐོར་བ་ནས་ས་སྐྱ་པའི་བར་གྱི་རྩོམ་རིག་གི་ལོ་རྒྱུས།  དེབ་ཉེར་ལྔ་པ་ཐོར་རྩོམ་ཀུན་བཏུས་སོགས་ཁྱོན་བསྡོམས་དེབ་ཉེར་ལྔ་ཡོད་པ་དང་།  དེ་རྣམས་ནི་རྩོམ་པ་པོ་འདི་བས་ལོ་མང་པོའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ན་ཡང་།   ད་ལྟ་དེབ་འདི་དག་པར་དུ་འདེབས་པའི་མཐུན་རྐྱེན་མ་འབྱོར་བར་ལུས་ཡོད་དོ།  །
གཉིས། ཁོང་གི་སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབངས་ཞེས་བྱ་བའི་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་ནང་དོན་མདོར་བསྟན་པ།
     རེབ་གོང་རྡོ་རྗེ་མཁར་གྱི་སྙན་ངག་ཕྱོགས་བསྒྲིགས་《སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས་》ཞེས་པ་དེ་ནི་སྤྱི་ལོ་༢༠༠༨ལོའི་ཟླ་༡༡པའི་ནང་དུ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་ནས་རྒྱལ་ཡོངས་སུ་བཀྲམས་པ་རེད།   སྙན་ངག་ཕྱོགས་བསྒྲིགས་འདིའི་ནང་དུ་སྙན་ངག་བརྒྱ་དང་ལྔ་བཅུ་བསྡུས་ཡོད་ཅིང་།  སྙན་ངག་འདི་དག་ནི་རྩོམ་པ་པོའི་ལོ་ངོ་སུམ་ཅུའི་རིང་གི་བརྩེ་དུང་དང་བསམ་གཞིགས་ཤ་སྟག་གི་རྒྱུད་ལས་བྱུང་བ་དང་།  སྙན་ངག་གི་རྩོམ་ལུས་ཀྱང་གཅིག་མིན་སྣ་ཚོགས་པ་ཞིག་ཡིན་ཏེ།  བོད་ཀྱི་སྲོལ་རྒྱུན་སྙན་ངག་ཡོད་ལ།  དུས་རབས་གསར་པར་དར་བའི་རང་མོས་སྙན་ངག་ཀྱང་ཡོད་ཅིང་།  ཚིག་སྦྱོར་ཤིན་ཏུ་མཛེས་པས་ཡིད་འཕྲོག་པ་དང་།  རྩོམ་ཁོག་བསྒྲིགས་པ་ནི་ཧ་ཅང་ངོ་མཚར་བ་ཞིག་ཡིན།   བརྗོད་བྱའི་དོན་གྱི་ཆ་ནས་བཤད་ན་ཤིན་ཏུ་ཕུན་སུམ་ཚོགས་པ་ཞིག་ཡིན་ཏེ།  མེས་རྒྱལ་དང་བོད་གངས་ཅན་གྱི་རི་ཆུ་དང་ཕ་ཡུལ་བཅས་ལ་དགའ་བ་དང་བརྩེ་ཞེན་ཚད་མེད་བཅངས་པ་དང་།  བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་བསམ་གཞིགས་བྱས་པའི་མྱོང་གྲུབ་ཀྱི་ཚོར་བ།  རང་བྱུང་ཁམས་དང་ཚེ་སྲོག་ལ་རྒྱ་ཆེར་བསྔགས་པའི་བསྟོད་པ་དང་།  རྟོགས་བློ།  དགའ་འབོད།   སྙན་ངག་པའི་སེམས་ཀྱི་འགྱུར་བ་གསལ་བོར་བསྟན་པའི་བསམ་ཚུལ་དང་ལྷུག་པར་བརྗོད་པའི་བརྩེ་དུང་།  ཉེ་འཁོར་གྱི་གཉེན་ཉེ་སྤུན་ཟླ་དང་དགའ་མ་སོགས་ལ་བཅངས་པའི་མི་ཕྱེད་པའི་མཛའ་བརྩེ་དང་འཕྲེང་སེམས་བཅས་ཀྱི་དོན་ཡོད་པའི་ཁར།  མ་རབས་ངན་སྤྱོད་ཀྱི་ལུགས་ལ་ཟུར་ཟ་དང་མཚང་འབྱིན་ཡང་བྱས་ཡོད།  གཞན་ཡང་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ལུས་སུ་བརྩམས་པའི་གབ་ཚིག་ཁག་བཅུ་གཅིག་སྟེ་ཤོ་ལོ་ཀ་བཞི་བཅུ་ཡང་བསྡུས་ནས་བཀོད་ཡོད།   སྙན་ངག་ཕྱོགས་བསྒྲིགས་འདིར་སྒྱུ་རྩལ་གྱི་ཁྱད་ཆོས་དང་བསམ་བློའི་རང་བཞིན་ཁྱད་དུ་འཕགས་པ་ཞིག་ལྡན་པས།  སྙན་ངག་མཐའ་ཡས་པ་རྩོམ་པའི་བློ་གྲོས་ཀྱི་ནོར་དང་ལྡན་པའི་སྙན་ངག་པ་འདི་བའི་རྩོམ་རིག་གི་གྲུབ་འབྲས་ཇི་ལྟ་བུ་ཞིག་ཡིན་ཚུལ་མངོན་པར་མཚོན་ཡོད་དོ།  །
                                 གསུམ།  མཇུག་བསྡུ་བའི་སྐོར།
  ས་ལའི་སྨན་ལྗོངས་འདིར་སྐད་གྲགས་ཀྱིས་ཡོངས་སུ་ཁྱབ་པའི་བོད་ཀྱི་རྩོམ་པ་པོ་རེབ་གོང་རྡོ་རྗེ་མཁར་ནི་ང་ཚོའི་བོད་མི་ཀུན་ལ་ཆ་རྒྱུས་ཟབ་མོ་ཡོད་པ་ཞིག་ཡིན་ཞིང་། ཁོང་གིས་མི་ལོ་ལྔ་བཅུའི་རིང་ལ་བོད་ཀྱི་རིག་པའི་གནས་མཐའ་དག་ལ་ཕྱོགས་རིས་མེད་པར་ཞིབ་འཇུག་གནང་བ་དང་། ནང་སྒོས་སུ་བོད་ཀྱི་རྩོམ་རིག་གི་ས་ཞིང་གཤིན་པོར་བརྩམས་སྒྲུང་དང་།  ལྷུག་རྩོམ།  སྙན་རྩོམ། འབོལ་རྩོམ། དཔྱད་རྩོམ། འགྱུར་ཡིག་སོགས་རྩོམ་ལུས་སྣ་ཚོགས་པའི་སྙན་རྩོམ་མང་པོའི་ས་བོན་བཏབ་ནས་བོད་ཀྱི་གཙུག་ལག་རྩོམ་གྱི་བང་མཛོད་དུ་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཕུལ་ཡོད། ངེད་ཅག་བོད་ཀྱི་གཞོན་རབས་པ་རྣམས་ཀྱིས་བོད་ཁ་བ་ཅན་གྱི་རིག་གནས་བསྐལ་བ་མ་སྟོང་གི་བར་དུ་མི་ཉམས་པའི་ཆེད་དུ་སྲོལ་རྒྱུན་རིག་གནས་བཏང་སྙོམས་སུ་བཞག་སྟེ་རྒྱ་ནག་དང་ཕྱི་རྒྱལ་གྱི་རིག་གནས་ཡ་མཚན་ཉིད་དུ་མཐོང་སྟེ་གཅེས་སུ་འཛིན་པའི་གུ་དོག་རིང་ལུགས་ཀྱི་སྤྱོད་ལམ་འདོར་བ་དང་།  བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་གཞིར་བཞག་བྱས་ཐོག རྒྱ་དང་ཕྱི་རྒྱལ་གྱི་རིག་གནས་རྩོམ་རིག་གི་ལེགས་ཆ་ཐམས་ཅད་བླངས་ཏེ་བོད་ཀྱི་རྩོམ་རིག་རིག་གནས་དར་ཞིང་རྒྱས་པར་བྱེད་པའི་གྲོགས་སུ་སྦྲན་རྒྱུ་ནི་དུས་རབས་ཀྱི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཡིན།  གཞན་ཡང་ངེད་ཅག་གཞོན་རབས་པ་རྣམས་Qཡི་བསམ་སྦྱོར་དུ་འཇུག་པ་ལས་ལྡོག་ནས་བོད་ཀྱི་ཕ་མེས་ཡང་མེས་ལ་རྗེས་སུ་ཡི་རང་དང་།  སྔོན་བྱོན་མཁས་གྲུབ་རྣམས་ལ་རྗེས་སུ་ཡི་རང་།  སྲོལ་རྒྱུན་རིག་གནས་ལ་རྗེས་སུ་ཡི་རང་བཅས་བྱེད་པའི་ཡ་རབས་ཁྲེལ་ཡོད་ཀྱི་ལམ་དུ་འཇུག་པར་བརྩོན་དགོས་ཏེ།  འཛམ་གླིང་རྒྱལ་ཁབ་ཁག་གི་མི་རིགས་གང་དང་གང་ཞིག་ཡིན་ན་ཡང་དེ་འདྲ་ཞིག་ཡིན་པ་གང་ཞིག དེ་ནི་འཛམ་གླིང་གི་མི་རིགས་ཡོད་དོ་ཅོག་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལུགས་སྲོལ་ཞིག་ཡིན་པའི་ཕྱིར་རོ།   །གཞན་ཡང་དེང་སང་གི་གཞོན་རབས་པ་ལ་ལ་ཞིག་ནི་བོད་རང་གི་མི་གྲགས་ཅན་རྣམས་ལ་སྐྱོན་འདོགས་བྱེད་པའི་ཐབས་ཀྱིས་རང་ཉིད་ལ་ཪྙེད་བཀུར་སྙན་གྲགས་འཚོལ་བར་དགའ་བ་ཞིག་ཡིན་ན་ཡང་། དེའི་ཕུགས་ལ་ཞིབ་ཏུ་དཔྱད་ན་མི་དེའི་རིགས་ནི་ཁྲེལ་མེད་འཕར་སྤྱང་གི་རིགས་སུ་གྱུར་པ་ཞིག་ཡིན་པ་ཤེས་ཐུབ་པས།  དེང་སང་མི་ཁྲེལ་འཛེམ་མེད་པ་དེའི་རིགས་ལ་ཀུན་གྱིས་དམོད་པའི་ཁ་ལུད་འཕེན་བཞིན་འདུག་པ་མངོན་སུམ་དུ་མཐོང་ཐུབ།  གནའ་མི་བོད་ཀྱི་ཁ་དཔེ་ལ།  ཤིང་གིས་ཤིང་ལ་བཀུར་ན་ལྷ་ཁང་དང་གསེར་ཁང་།   ། མི་ཡིས་མི་ལ་བཀུར་ན་བླ་མ་དང་དཔོན་པོ།  ། ཞེས་གྲགས་པ་ལྟར།  ངེད་ཅག་གཞོན་རབས་པ་རྣམས་ཀྱིས་གོང་རྒན་པ་ལ་གུས་བཀུར་དང་།  བར་ན་ཟླ་ལ་མཐུན་སྒྲིལ།  འོག་བྱིས་པ་ལ་གཅེས་སྐྱོང་བཅས་བྱས་ཏེ་བོད་ཀྱི་རིག་གནས་གཙུག་ལག་ཕུན་ཚོགས་དར་རྒྱས་སུ་གཏོང་བའི་སླད་དུ་རེབ་གོང་རྡོ་རྗེ་མཁར་ལྟར་དཔྱོད་པ་དང་།  རྩོམ་པ་དང་།  འཆད་པ་བཅས་བརྩོན་པ་ཆུ་བོའི་རྒྱུན་བཞིན་ཆད་པ་མེད་པར་བྱེད་དགོས་པར་སེམས་སོ།  །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716