སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྤྱི་ལོ་2013ལོའི་ཀྲུང་གོའི་བོད་རིག་པ་བོད་ཡིག་དུས་དེབ་དང་པོའི་སྟེང་བཀོད་པའི་དཔྱད་རྩོམ་གྱི་ཁ་བྱང་དང་ནང་དོན་གནད་བསྡུས།
སྤེལ་དུས། 2017-03-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཆོས་སྒྲོན།
མདོ་སྨད་འབྲོག་ཁུལ་གྱི་གཟུ་དང་འབྲེལ་བའི་རིག་གནས་སྐོར་ལ་ཆེ་ལོང་ཙམ་དཔྱད་པ།
——དགོན་གོང་མ་དཔེ་གཙོ་བོར་དྲངས་ཡོད།   ཚེ་རིང་དོན་གྲུབ།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་མདོ་སྨད་འབྲོག་ཁུལ་གྱི་གཟུ་བའི་གཟུ་བཤད་སྟངས་དང་དེ་འབྲེལ་ཤེར་ལ་འཇོག་སྟངས། སྟོང་འཇལ་སྲོལ། གཟུ་ཚ་སྟེར་ཚུལ་སོགས་ཞིབ་ཏུ་བརྗོད་ཡོད།
          [བརྡ་ཆད་གཙོ་བོ།] མདོ་སྨད། གཟུ་བ། གྱོད་བདག སྟོང་། ཤེར། གདམས་པོ། གཟུ་ཚ། མནའ།
          ཚེ་རིང་དོན་གྲུབ། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་རིག་པའི་སློབ་གླིང་གི་2010ལོའི་རབ་འབྱམས་པའི་སློབ་མ་ཡིན།


མདོ་མཛངས་བླུན་གྱི་དཔྱད་པ་ཀེ་ཏ་ཀ་ཡི་ནོར་བུ།
སངས་རྒྱས།
          [ནང་དོན་གནད་བསྡུས། ] དཔྱད་རྩོམ་འདིའི་ནང་རྒྱལ་བའི་བཀའ་འགྱུར་ནང་གི་《མཛངས་བླུན་ཞེས་བྱ་བའི་མདོ་》ཞེས་པ་འདི་ཉིད་བོད་ཀྱི་ལོ་ཙཱ་བ་སུས་ཐོག་མར་བོད་ཡིག་ཏུ་བསྒྱུར་བ་དང་། དུས་རབས་ནམ་ཞིག་ཏུ་གཞི་གང་ལ་བརྟེན་ནས་ཚུལ་ཇི་ལྟར་བསྒྱུར་བར་ལོ་རྒྱུས་སྟེང་གི་བཞེད་ཚུལ་ཁག་ཅིག་ཕན་ཚུན་དཔྱད་བསྡུར་བརྒྱུད་རང་ཉིད་ཀྱི་ལྟ་ཚུལ་བཏོན་ཡོད།
          [བརྡ་ཆད་གཙོ་བོ།] མཛངས་བླུན། ཁྲི་ལྡེ་སྲོང་བཙན། འགོས་ཆོས་གྲུབ།
          སངས་རྒྱས། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་དང་ཞིབ་འཇུག་སློབ་མའི་ཁྲིད་སྟོན་དགེ་རྒན་ཡིན།

བཙན་པོའི་རྒྱལ་རབས་སྐབས་ཀྱི་ས་ཞིང་དབང་བའི་ལམ་ལུགས་ལ་དཔྱད་པ།
པད་གཞུང་ཟླ་བ་ཆུང་བདག
          [ནང་དོན་གནད་བསྡུས།] དཔྱད་གཞི་འདིར་གཙོ་བོ་ས་ཞིང་གི་བྱུང་འཕེལ་དང་། ཞིང་བགོའི་ཚད་གཞི། ས་ཞིང་གི་དབྱེ་བ། ཞིང་ཁྲལ་གཏན་འབེབས་དང་རྩིས་ལེན་བྱེད་ཚུལ། ཞིང་དཔོན་གྱི་འགན་དབང་། ཞིང་ཁྲལ་གྱི་བསྡུ་ཁུངས། ཞིང་ཁྲལ་གྱི་ཚད་གཞི། ཞིང་ཁྲལ་འཇལ་བྱེད་ཀྱི་ཡོ་ཆས་དང་ཤོང་ཚད། ས་ཞིང་སྐོར་གྱི་གྱོད་དོན་གཏུག་བཤེར་བགྱིས་ཚུལ་བཅས་ནང་གསེས་དོན་ཆུང་དགུར་དབྱེ་སྟེ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ས་ཞིང་དབང་བའི་ལམ་ལུགས་ལ་དཔྱད་པ་བཏང་ཡོད། 
          [བརྡ་ཆད་གཙོ་བོ།] བཙན་པོའི་རྒྱལ་རབས། ས་ཞིང་དབང་བའི་ལམ་ལུགས། 
          པད་གཞུང་ཟླ་བ་ཆུང་བདག ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཚན་པར་ཕྱག་ལས་གནང་མུས་སུ་མཆིས།
 

བོད་བརྒྱུད་ནང་བསྟན་ལོ་རྒྱུས་སྟེང་གི་མ་ཅིག་ལབ་སྒྲོན་གྱི་དམིགས་བསལ་གནས་བབས་སྐོར་གླེང་བ།
ཚེ་བརྟན་བཀྲ་ཤིས། དོན་ལྷག
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དུས་རབས་11ནས་12བར་གྱི་བོད་བརྒྱུད་ནང་བསྟན་གྱི་གྲགས་ཅན་མི་སྣ་མ་ཅིག་ལབ་སྒྲོན་གྱི་མི་ཚེའི་ཤུལ་ལམ་ཞིབ་ཏུ་བརྗོད་དེ། ལོ་རྒྱུས་དཔྱད་གཞིའི་ཡིག་ཆར་བརྟེན་ནས་བོད་བརྒྱུད་ནང་བསྟན་གྲུབ་རིམ་ཀྱི་ལོ་རྒྱུས་ཁྲོད་བོད་ཀྱི་བཙུན་མའི་གྲལ་རིམ་གྱིས་བཞག་པའི་དམིགས་བསལ་གྱི་ལེགས་སྐྱེས་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་དང་དབྱེ་ཞིབ། ལྷག་དོན་མ་ཅིག་ལབ་སྒྲོན་གྱིས་སྲོལ་ཕྱེ་བའི་གཅོད་ཡུལ་གྱི་རིང་ལུགས་གང་དེའི་ལྟ་སྒོམ་ལ་ཞིབ་འགྲེལ་གྱིས། གཅོད་ལུགས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལོ་རྒྱུས་ཐོག་བཞག་པའི་དམིགས་བསལ་གནས་བབས་ལ་གདེང་འཇོག་བྱས་ཡོད།
          [བརྡ་ཆད་གཙོ་བོ།] བོད་བརྒྱུད་ནང་བསྟན། བུད་མེད། གཅོད་ལུགས། གནས་བབས།
          ཚེ་བརྟན་བཀྲ་ཤིས། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་དང་དགེ་རྒན་ཆེ་མོ་ཡིན།
          དོན་ལྷག ད་ལྟ་བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་ཡིན།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཟིན་དེབ་ཏུ་བཀོད་པའི་རྒྱ་དཔེ་དཀར་ཆག་རྩོམ་འཕྲོའི་ནང་དོན་དང་སྒྲིག་སྟངས་སྐོར་གླེང་བ།
ཏིང་འཛིན་བཀྲ་ཤིས།
          [ནང་དོན་གནད་བསྡུས།] དགེ་འདུན་ཆོས་འཕེལ་གྱི་ཤུལ་བཞག་ཕྱག་རྫས་ནང་དུ་ཕྱག་བྲིས་ཟིན་དེབ་དྲུག་བཞུགས་པ་ལས། རྒྱ་དཔེའི་དཀར་ཆག་ལ་ཤོག་ལྷེ་བཅུ་སུམ་དང་ཁྱོན་བསྡོམས་རྒྱ་དཔེ་བདུན་ཅུ་དོན་བརྒྱད་ཀྱི་དཀར་ཆག་བཀོད་ཡོད། དཀར་ཆག་གི་སྒྲིག་སྟངས་ནི་དེང་རབས་དཀར་ཆག་གི་སྒྲིག་སྟངས་ལྟར་བསྒྲིགས་ཡོད། རྒྱ་དཔེ་དཀར་ཆག་འདི་ལས་ང་ཚོས་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་ཡས་མས་སུ་བོད་དུ་བཞུགས་པའི་ཏ་ལའི་ལོ་མའི་ལེགས་སྦྱར་རྒྱ་དཔེ་རྣམས་ཀྱི་གནས་ཚུལ་ཟུར་ཙམ་ཤེས་ཐུབ་པ་དང་། མཁས་དབང་དེས་བོད་དུ་བཞུགས་པའི་ཏ་ལའི་ལོ་མའི་ལེགས་སྦྱར་རྒྱ་དཔེ་ལ་རྟོག་ཞིབ་དང་ཐུགས་ཁུར་དོ་སྣང་གནང་ཡོད་པ་སོགས་བསྟན་ཡོད།
          [བརྡ་ཆད་གཙོ་བོ།] དགེ་འདུན་ཆོས་འཕེལ། ཟིན་དེབ། རྒྱ་དཔེ་དཀར་ཆག
          ཏིང་འཛིན་བཀྲ་ཤིས། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

ཁྲ་འབྲུག་དགོན་པའི་ཅོང་ཡིག་དང་ཞོལ་རྡོ་རིང་ཡི་གེ་ཕབ་བཤུས་ནོར་བཅོས་སུ་འབྲེལ་བའི་དཔྱད་པ་ཕྲན་བུ།
ཁ་སྒང་བཀྲ་ཤིས་ཚེ་རིང་།
          [ནང་དོན་གནད་བསྡུས།] ད་ལྟའི་ཅོང་ཡིག་རྡོ་རིང་ཡི་གེ་འཁོད་པའི་ནང་དུ་ཁྲ་འབྲུག་དགོན་པའི་ཅོང་ཡིག་གི་གོ་རིམ་སྒྲིག་སྟངས་ནོར་བ་དང་ཞོལ་རྡོ་རིང་གི་ཡི་གེ་ཕབ་བཤུས་ཁྲོད་འྭ་ཡིག་དང་ཝ་ཡིག་ནོར་བའི་གནད་དོན་གཉིས་པོ་རྩ་བར་བཟུང་སྟེ། ཅོང་ཡིག་དེའི་གོ་རིམ་ཇི་ལྟར་ནོར་བའི་ཚུལ་དང་། འྭ་ཡིག་དང་ཝ་ཡིག་གཉིས་ནི་བོད་ཀྱི་ཡི་གེ་བྱུང་འཕེལ་ཁྲོད་ཀྱི་སྔ་རྗེས་ཀྱི་གོ་རིམ་ལ་འབྲེལ་བའི་རྣམ་པ་ཡིན་པ་དང་། མངའ་རིས་སྤུ་ཧྲེང་གི་རྡོ་རིང་གི་ཡི་གེ་ཕབ་བཤུས་དང་ལོ་ཚིགས་བཅས་ཀྱི་ཐད་དུ་རང་གི་ལྟ་ཚུལ་བརྗོད་ཡོད།
          [བརྡ་ཆད་གཙོ་བོ།] ཅོང་ཡིག ཞོལ་རྡོ་རིང་། འྭ་ཡིག་དང་ཝ་ཡིག  སྤུ་ཧྲེང་གི་རྡོ་རིང་།
          ཁ་སྒང་བཀྲ་ཤིས་ཚེ་རིང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་ཆེ་མོ་ཡིན།

སྒིས་སྟེང་བློ་བཟང་དཔལ་ལྡན་ཡབ་སྲས་ཀྱི་རྩོད་ཡིག་གི་སྐོར་གླེང་བ།
ཀུན་བཟང་རྡོ་རྗེ།
          [ནང་དོན་གནད་བསྡུས།] ཡིག་ཆ་དང་རི་གྲོང་གི་རྟོག་དཔྱོད་གཉིས་ཆ་ནས་སྒིས་སྟེང་བློ་བཟང་དཔལ་ལྡན་ཡབ་སྲས་དང་འབྲེལ་བའི་རྩོད་ཡིག་སྔ་ཕྱི་རྣམས་བྱུང་བའི་ཐོག་མའི་རྒྱུ་རྐྱེན་དང་། བར་གྱི་གོ་རིམ་བཅས་ཞིབ་བརྗོད་བྱས་ཏེ། རྩོད་ཡིག་སྔ་ཕྱིར་བྱོན་པའི་རྣམ་གྲངས་མང་བ་དང་། སྐད་གྲགས་ཆེ་བ། དུས་ཡུན་རིང་བ་བཅས་ཀྱིས་བོད་ཀྱི་རིག་གནས་དང་རྩོད་ཡིག་ལོ་རྒྱུས་ཐོག་སྔར་མེད་ཀྱི་བྱས་རྗེས་ཆེ་ཚུལ་བརྗོད་ཡོད།
          [བརྡ་ཆད་གཙོ་བོ།] སྒིས་སྟེང་བློ་བཟང་དཔལ་ལྡན། རྩོད་ཡིག
          ཀུན་བཟང་རྡོ་རྗེ། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་2011ལོའི་རབ་འབྱམས་པའི་སློབ་མ་ཡིན།

མདོ་ཁམས་ཀྱི་དགོན་པ་ཁ་ཤས་དགེ་ལུགས་པར་ཇི་ལྟར་འགྱུར་ཚུལ་སྐོར་གླེང་བ།
ལྷ་བྱམས་རྒྱལ།
          [ནང་དོན་གནད་བསྡུས།] གྲུབ་མཐའ་གཞན་གྱི་དགོན་པ་དག་དགེ་ལུགས་པར་འགྱུར་བའམ་བསྒྱུར་བ་ནི་དགེ་ལུགས་པ་བོད་ཡུལ་དུ་འཕེལ་རྒྱས་འབྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། དེ་ཡང་དགེ་ལུགས་པའི་གྲུབ་མཐའ་མདོ་ཁམས་སྨད་དུ་དར་བའི་གོ་རིམ་ཁྲོད་དུ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་སོགས་ཡུལ་གྲུ་དེ་གར་སྔར་ཡོད་ཀྱི་གྲུབ་མཐའ་མང་པོ་ཞིག་རིམ་གྱིས་དགེ་ལུགས་པར་འགྱུར་ཡོད་པ་རེད། དཔྱད་རྩོམ་དུ་གྲུབ་མཐའ་དེ་དག་ཇི་ལྟར་དགེ་ལུགས་པར་འགྱུར་ཚུལ་དང་དེར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅི་འདྲ་ཡོད་མེད། དུས་རིམ་གང་དག་བརྒྱུད་ཡོད་པ། དེ་མིན་གྲུབ་མཐའ་འགྱུར་བ་དེ་ཡིས་དགེ་ལུགས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཅི་འདྲ་ཡོད་མེད་སོགས་ཀྱི་སྐོར་ལ་ཐོག་མར་དཔྱད་གླེང་བྱས་ཡོད།
          [བརྡ་ཆད་གཙོ་བོ།] གྲུབ་མཐའ་འགྱུར་བ། དགེ་ལུགས་པ། དགོན་པ།
          ལྷ་བྱམས་རྒྱལ། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

ཡང་འཇུག་གི་ཚུལ་ལ་ཐོག་མར་དཔྱད་པ།
སྙན་བཟང་པ་ཀུན་བཟང་རྒྱལ།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་གནའ་བོའི་ཡིག་རྙིང་ལས་དཔེ་དྲངས་ཏེ་ཡང་འཇུག་ད་ས་གཉིས་མིང་དང་བྱ་ཚིག་ལ་ཇི་ལྟར་འཇུག་པ་དང་། འཇུག་ཚུལ་གྱི་ཁྱད་ཆོས་དང་བྱེ་བྲག་གི་དབྱེ་བ་སོགས་ལ་དཔྱད་བརྗོད་བྱས་ཡོད་པར་མ་ཟད། རྗེས་འཇུག་འ་ཡིག་ལ་ཡང་འཇུག་ས་ཡིག་སྦྱོར་རུང་བའི་རྣམ་གཞག་ཡིག་རྙིང་ལས་དཔེར་དྲངས་ཏེ་དཔྱད་ཞིབ་བྱས་ཡོད།
          [བརྡ་ཆད་གཙོ་བོ།] སུམ་འགྲེལ་གྱི་གཞུང་། ཡང་འཇུག མིང་དང་བྱ་ཚིག འཇུག་ཚུལ།
          སྙན་བཟང་པ་ཀུན་བཟང་རྒྱལ། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་གཞོན་པ་ཡིན།

བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་གནོད་སྦྱིན་ཙིའུ་དམར་པོའི་སྐོར་གླེང་བ།
གྲ་བཞི་མིག་དམར་ཚེ་རིང་།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་གནོད་སྦྱིན་ཙིའུ་དམར་པོའི་འབྱུང་ཁུངས་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་དུ་གྱུར་ཚུལ། མིང་གི་རྣམ་གྲངས་དང་འཁོར་གྱི་སྐོར། སྐུའི་ཁྱད་ཆོས། བསམ་ཡས་གཙུག་ལག་ཁང་དབར་གྱི་འབྲེལ་བ། པེ་ཧར་རྒྱལ་པོ་དབར་གྱི་འབྲེལ་བ། གནས་ཡུལ་གཞན་འགའ་ཞིག་བཅས་ཀྱི་སྐོར་གླེང་བར་བྱས་ཡོད།
          [བརྡ་ཆད་གཙོ་བོ།] གནོད་སྦྱིན་ཙིའུ་དམར་པོ། བསམ་ཡས་གཙུག་ལག་ཁང་། པེ་ཧར་རྒྱལ་པོ། འབྲེལ་བ། གནས་ཡུལ།
          གྲ་བཞི་མིག་དམར་ཚེ་རིང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་2012ལོའི་རབ་འབྱམས་པའི་སློབ་མ་ཡིན།

རྟགས་འཇུག་ནི་བརྡ་སྤྲོད་རིག་པའི་རྟེན་གཞི་ཡིན་པའི་སྐོར་གླེང་བ།
དཔའ་རིས་སངས་རྒྱས།
          [ནང་དོན་གནད་བསྡུས།] དེང་བོད་ཡིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཕལ་མོ་ཆེས་བརྡ་སྤྲོད་སློབ་པར་སུམ་རྟགས་དག་གསུམ་གྱི་རྟེན་གཞིར་གྱུར་བའི་རྟགས་འཇུག་མི་འཁྲིད་པ། ཡང་ན་ཆེས་རགས་པ་ཙམ་དུ་ཟད་པ་ཧ་ཅང་ཕངས་པར་མཐོང་ནས། འདིར་རྟགས་འཇུག་ཤེས་པ་གལ་ཆེ་རབ། ཕོ་མོ་མ་ནིང་གི་འབྲེལ་བ་ལས་འཇུག་པ་བཞི་དང་། སྤྱི་ཚོགས་ཀྱི་འབྲེལ་བ་ལས་མིང་གི་འཕེལ་སྲོལ་དང་། ཐོན་སྐྱེད་ཀྱི་འབྲེལ་བ་ལས་བདག་གཞན་གྱི་སྦྱོར་ཚུལ་ཏེ། རིགས་ལམ་གསུམ་གྱི་སྒོ་ནས་གསལ་བར་བསྟན་ཡོད།
          [བརྡ་ཆད་གཙོ་བོ།] ཚིག་ཕྲད། ཟུངས་གསུམ། བདག་གཞན། དུས་ཀྱི་རྣམ་གཞག བྱ་བ་རིགས་གསུམ།
          དཔའ་རིས་སངས་རྒྱས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་ཆེ་མོ་ཡིན།

སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་པའི་གཞུང་དང་ཏ་ཟིག་གསོ་རིག་གི་ལྟ་བ་འགའི་དཔྱད་བསྡུར།
རིན་ཆེན་རྒྱལ།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་བོད་བཙན་པའི་སྐབས་བྱུང་བར་གྲགས་པའི་གསོ་བ་རིག་པའི་གཞུང་རྙིང་གྲགས་ཅན་སོ་མ་རཱ་ཛའམ་སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་པའི་གཞུང་དང་ཏ་ཟིག་གསོ་རིག་གི་ལྟ་བ་འགར་གནའ་དེང་གསོ་རིག་གི་ཡིག་ཆ་ཁུངས་བཙན་དག་ལ་གཞི་བཅོལ་ནས་དཔྱད་བསྡུར་བྱས་ཐོག གཞུང་འདིའི་ནང་དུ་རིགས་པའི་གཞུང་ལུགས་དང་། སྨན་མིང་དང་སྨན་སྦྱོར། རྨ་རིགས་ཆག་བཅིང་བཅས་གནད་དོན་ཁག་ལ་དམིགས་སུ་བཙུགས་ནས་གནའ་རབས་ཏ་ཟིག་གསོ་རིག་གི་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་ཚུལ་ལུང་རིགས་ཚད་མ་གསུམ་གྱིས་དཔྱད་འཇུག་བྱས་ཡོད་པ་དང་། ཆབས་ཅིག་བོད་ཀྱི་གསོ་རིག་གིས་ཏ་ཟིག་གསོ་རིག་ལའང་ཤན་ཤུགས་ཅི་རིགས་བྱུང་ཡོད་ཚུལ་བཅས་ལ་རང་ཚུགས་ཀྱི་ལྟ་བ་བརྗོད་ཡོད།
          [བརྡ་ཆད་གཙོ་བོ།] ཟླ་རྒྱལ། ཏ་ཟིག་གསོ་རིག
          རིན་ཆེན་རྒྱལ། ད་ལྟ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གསོ་རིག་ཚན་པའི་ནད་ཐོག་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་གཞོན་པ་ཡིན།

བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཁག་ཏུ་འཁོད་པའི་ཆིང་གིས་སི་རྒྱལ་པོ་ནས་ཐོ་ཀོན་ཐེ་མུར་རྒྱལ་པོ་བར་གྱི་སོག་རྒྱལ་རིམ་བྱོན་དག་གི་མཚན་གྱི་བསྒྱུར་ལུགས་ལ་དཔྱད་པ།
སྐལ་བཟང་དར་རྒྱས།
          [ནང་དོན་གནད་བསྡུས།] བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཁག་ཏུ་འཁོད་པའི་སོག་རྒྱལ་རིམ་བྱོན་དག་གི་མཚན་གྱི་བསྒྱུར་སྟངས་ཀྱི་ཆ་ནས་འདྲ་མིན་སྣ་ཚོགས་སུ་བཀོད་ནས་གཅིག་གྱུར་མིན་པའི་གནད་དོན་མི་ཉུང་བ་ཞིག་མངོན་པས།  དོན་བྱ་གང་དེར་དམིགས་ནས་འདིར་ཆིང་གིས་སི་ནས་ཐོ་ཀོན་ཐེ་མུར་རྒྱལ་པོ་བར་གྱི་སོག་རྒྱལ་རིམ་བྱོན་གྱི་མཚན་གྱི་བསྒྱུར་ལུགས་འདྲ་མིན་བྱུང་བ་དག་གོ་བསྡུར་གྱིས་གཅིག་གྱུར་ཏུ་བཏང་ཡོད།
          [བརྡ་ཆད་གཙོ་བོ།] སོག་རྒྱལ། མཚན་གྱི་བསྒྱུར་ལུགས། གཅིག་གྱུར་གཏོང་བ།
          སྐལ་བཟང་དར་རྒྱས། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེ་མོ་གཞོན་པ་ཡིན།

《སྐད་ཡིག་བསླབ་ཚན་ཚད་གཞི་》གསར་པའི་དགོངས་དོན་ལག་ལེན་དུ་བསྟར་བའི་མྱོང་ཚོར་ཕྲན་བུ།
རིག་འཚོ་སྐྱིད།
          [ནང་དོན་གནད་བསྡུས།] རྩོམ་པ་པོས་《སྐད་ཡིག་བསླབ་ཚན་ཚད་གཞི་》གསར་པའི་དགོངས་དོན་ལ་གོ་བ་ལོན་པའི་བློ་སྐྱེད་གཞིར་བཟུང་སྟེ། སྐད་ཡིག་སློབ་གསོའི་ལས་འགན་ཕྲག་དུ་སྣོམ་བའི་དུས་སྐབས་གསར་པའི་དགེ་རྒན་ཞིག་ལ་མཚོན་ན། ཇི་ལྟར་སྲོལ་རྒྱུན་གྱི་སློབ་གསོའི་འདུ་ཤེས་བསྒྱུར་ཏེ་དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པའི་སློབ་ཁྲིད་བྱེད་སྟངས་གསར་པ་ཞིག་གསར་དུ་གཏོད་རྒྱུའི་ཐད་ལ་རང་གི་ཉམས་ལེན་ནས་ཐོན་པའི་ལྟ་ཚུལ་འགའ་བརྗོད་ཡོད།
          [བརྡ་ཆད་གཙོ་བོ།] བསླབ་ཚན་ཚད་གཞི། སློབ་གཞི། སློབ་ཁྲིད་བྱེད་སྟངས། དོགས་འདྲི།
          རིག་འཚོ་སྐྱིད། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་རིགས་སློབ་ཆུང་གི་དགེ་རྒན་ཡིན།

          སྐབས་གསུམ་པའི་“ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་”སྤྲོད་ལུགས་ཀྱི་བརྡ་ཡིག
          2012ལོའི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་དཔྱད་གླེང་ཚོགས་འདུའི་སྤྱི་བཤད།   ལྷ་བྱམས་རྒྱལ།
          ལྷ་བྱམས་རྒྱལ། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
          2012ལོའི་རྒྱལ་ཡོངས་བོད་ཡིག་དུས་དེབ་ཏུ་སྤེལ་བའི་བོད་ꪤརིག་པའི་སྐོར་གྱི་དཔྱད་རྩོམ་དང་རྒྱུ་ཆའི་དཀར་ཆག་ཕྱོགས་བསྒྲིགས།(སྟོད་ཆ།)(སྒྲོལ་མས་སྡུད་སྒྲིག་བྱས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716