སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྤྱི་ལོ་2013ལོའི་ཀྲུང་གོའི་བོད་རིག་པ་བོད་ཡིག་དུས་དེབ་གསུམ་པའི་སྟེང་བཀོད་པའི་དཔྱད་རྩོམ་གྱི་ཁ་བྱང་དང་ནང་དོན་གནད་བསྡུས།
སྤེལ་དུས། 2017-03-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཆོས་སྒྲོན།
༄༅།། གྲུམ་བུའི་ནད་བརྟག་དང་གསོ་བཅོས་སྐོར་རགས་ཙམ་གླེང་བ། 
གཡུང་དྲུང་སྐྱིད། སྐལ་བཟང་ཚེ་རིང་།
[ནང་དོན་གནད་བསྡུས།] སྤྱིར་གྲུམ་བུའི་ནད་འདི་བྱུང་ཚད་མང་ལ་གསོ་བཅོས་བྱས་ཀྱང་ཕན་ནུས་ཆེན་པོ་ཐོན་དཀའ་བའི་ནད་རིགས་ཅུང་གདུག་པོ་ཞིག་ཡིན། ནད་འདི་ཐོག་མར་རྐང་ལག་གི་རུས་ཚིགས་ནང་ལ་ཞུགས་ནས་ལུས་ཀྱི་འགུལ་སྐྱོད་དཀའ་བར་གཏོང་ལ་དུས་ཚིགས་ཀྱི་འགྱུར་ལྡོག་དང་གནམ་གཤིས་ཀྱི་དྲོད་གྲང་མི་འདྲ་བ་དང་བསྟུན་ནས་ལུས་ལ་ན་ཟུག་དྲག་པོ་གཏོང་བ་དང་།  སྒོས་སུ་རླུང་དང་བསྡོང་ནས་སྙིང་ནད་སོགས་ནད་རིགས་མང་པོ་ཞིག་སློང་སྲིད་པ་ཞིག་ཡིན་པས།  གཤམ་ནས་བདག་གིས་ལོ་མང་པོའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དང་སྦྲགས་ཏེ་རྒྱུན་མཐོང་བོད་ལུགས་གསོ་རིག་གིས་སྨན་དང་ལུམས་གཉིས་སྦྲགས་ཏེ་ནད་འདིའི་རིགས་ཀྱི་གསོ་བཅོས་སྐོར་ཅུང་ཙམ་གླེང་བར་བྱ།
[བརྡ་ཆད་གཙོ་བོ།] གྲུམ་བུའི་ནད། རུས་ཚིགས། སྨན་ལུམས།
གཡུང་དྲུང་སྐྱིད། ད་ལྟ་པེ་ཅིན་བོད་ལུགས་སྨན་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
སྐལ་བཟང་ཚེ་རིང་། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།

༄༅།། མཚོ་བོད་མཐོ་སྒང་ནི་མིའི་རིགས་བྱུང་ཁུངས་ཀྱི་ཡ་གྱལ་ཞིག་ཡིན་པའི་སྐོར་རགས་ཙམ་གླེང་བ།
ནོར་བུ་ཚེ་རིང་།
[ནང་དོན་གནད་བསྡུས།] རྩོམ་འདིར་མིའི་རིགས་བྱུང་ཁུངས་ཐད་ཀྱི་བཤད་ཚུལ་མི་མཐུན་པ་སྣ་ཚོགས་མཚམས་སྦྱོར་དང་བཅས་ཚན་རིག་པའི་དཔྱད་འབྲས་སྤྱད་ནས་མཚོ་བོད་མཐོ་སྒང་ནི་མིའི་རིགས་ཀྱི་བྱུང་ཁུངས་ཀྱི་ཡ་གྱལ་ཡིན་ཚུལ་གླེང་ཡོད།
[བརྡ་ཆད་གཙོ་བོ།] མཚོ་བོད་མཐོ་སྒང་།  མིའི་རིགས།  བྱུང་ཁུངས།
ནོར་བུ་ཚེ་རིང་། ད་ལྟ་《བོད་ཀྱི་སློབ་གསོ་》རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་བཞིན་མཆིས།

༄༅།། གནའ་བོའི་གཞུང་རྙིང་《བསམ་གཏན་མིག་སྒྲོན་》གྱི་གསར་དཔྱད། 
ཁྱུང་ཕྲུག་བློ་བཟང་དར་རྒྱས།
[ནང་དོན་གནད་བསྡུས།] བོད་ཀྱི་ཆེས་ཐོག་མའི་རིག་གཞུང་བགྲོ་གླེང་ཆེན་མོ་སྟེ་བསམ་ཡས་ཆོས་རྩོད་ཅེས་པའི་ལོ་རྒྱུས་དང་བརྗོད་དོན་གྱིས་གནའ་ནས་ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་བོད་རིག་པའི་རིག་གཞུང་ཞིབ་འཇུག་གླེང་སྟེགས་སུ་ཤན་ཤུགས་ཟབ་མོ་ཐེབས་ཤིང་བརྒལ་བརྟག་གི་རྩེ་དགའ་ཆད་མེད་དུ་བྱུང་། དེ་ལྟ་ནའང་སྔ་འགྱུར་བཀའ་མའི་ཁྲོད་ཀྱི་དཔེ་རྙིང་《བསམ་གཏན་མིག་སྒྲོན་》ཞེས་པ་འདི་ལས་རྩོད་གླེང་དེའི་བརྗོད་དོན་གྱི་ལྟ་སྒོམ་རྒྱས་བཤད་ངོས་རྫོགས་པ་ཆེན་པོའི་རིང་ལུགས་གསལ་བར་བསྟན་པ་དང་མཚུངས་སུ་སྐབས་དེའི་འབྲེལ་ཡོད་ཀྱི་ལོ་རྒྱུས་ཁག་ཅིག་ཀྱང་ས་ཕྱར་ཏེ་རྡོ་ལྷང་ལ་བུད་པའི་དཔེ་བཞིན་ཡོངས་གྲགས་ལས་འདས་པ་མངོན་གསལ་དུ་བྱུང་། དེར་བརྟེན་ཁོ་བོས་འདིར་མི་རིགས་དང་ས་ཁོངས། རིག་གནས་དང་གྲུབ་མཐའི་ཕྱོགས་ཞེན་རིང་དུ་བཏང་ནས་དེའི་སྐོར་གསལ་སྟོན་གྱིས་ཞིབ་འཇུག་དཔྱད་འཇོག་གང་ལྕོགས་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] བསམ་གཏན་མིག་སྒྲོན། གནུབས་སངས་རྒྱས་ཡེ་ཤེས། མ་ཧཱ་ཡ་ན། ཡེ་ཤེས་དབང་པོ།
 ཁྱུང་ཕྲུག་བློ་བཟང་དར་རྒྱས།(ཚེ་དབང་རྡོ་རྗེ།) འབུམ་རམས་པ། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན།

༄༅།། མདོ་སྨད་ཀྱི་དགོན་ཆེན་སྐུ་འབུམ་བྱམས་པ་གླིང་གི་སྨན་པ་གྲྭ་ཚང་གི་སྐོར་ལ་གསར་དུ་དཔྱད་པ། 
གྲོ་ཚང་དོན་གྲུབ། ཀུན་དགའ།
[ནང་དོན་གནད་བསྡུས།] སྨན་པ་གྲྭ་ཚང་ཞེས་པ་ནི་དུས་རབས་བཅུ་བདུན་པར་དགེ་ལུགས་པའི་དགོན་པར་བྱུང་ཞིང་། བོད་ལུགས་གསོ་རིག་འབའ་ཞིག་ལ་ཞིབ་འཇུག་བྱེད་པའི་སྡེ་ཞིག་སྟེ། དེ་ཡང་ཆེས་སྤྱི་སྲོལ་དུ་ཆགས་པའི་བླ་མའི་ཁྲིད་རྒྱུན་ཙམ་དང་ཕ་ནས་བུ་ལ་བརྒྱུད་པ་ཙམ་དང་བསྡུར་ན། སྨན་པ་གྲྭ་ཚང་བྱུང་བས་བོད་ལུགས་གསོ་རིག་ཐད་སྲོལ་ལུགས་སྔར་བས་གྲ་དག་པ་ཞིག་བསྩལ། སྐུ་འབུམ་བྱམས་པ་གླིང་ནི་ཨ་མདོ་ཕྱོགས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་ཆེ་གྲས་ཤིག་ཡིན་ཞིང་། འདི་གའི་སྨན་པ་གྲྭ་ཚང་ཚུགས་པ་ལས་བོད་ལུགས་གསོ་རིག་དེ་ཨ་མདོ་ལུང་པ་དང་སོག་པོ་ཡུལ་ཕྱོགས་བཅས་སུ་དར་ཞིང་འཕེལ་བར་ནུས་པ་གལ་ཆེན་ཐོན་ནོ།།
[བརྡ་ཆད་གཙོ་བོ།] བོད་ལུགས་གསོ་རིག སྐུ་འབུམ། སྨན་པ་གྲྭ་ཚང་།
གྲོ་ཚང་དོན་གྲུབ། འབུམ་རམས་པ། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
ཀུན་དགའ། འབུམ་རམས་པ། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཡིན།

༄༅།། མདོ་སྨད་གྲོ་ཚང་ཡུལ་གྱི་བོད་མི་ལ་རགས་ཙམ་དཔྱད་པ།
ལྷ་དཔལ།
[ནང་དོན་གནད་བསྡུས།] འདིར་མདོ་སྨད་གྲོ་ཚང་བོད་མིའི་མཆེད་ཁུངས་དང་མིང་གི་ཐོག་ཚུལ། ཡུལ་སྲོལ་གོམས་གཤིས་བཅས་ལ་ཞིབ་འཇུག་བྱས་ཏེ། ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་གྲོ་ཚང་བོད་མིའི་སྐད་ཡིག་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བཟོས་པའི་ཉམས་ཉེན་དང་། དེ་ཅི་ལྟར་མྱུར་སྐྱོབ་བྱེད་དགོས་པའི་སྐོར་ཡུལ་དངོས་ཀྱི་མཐོང་ཐོས་མྱོང་གསུམ་ལ་སྦྱར་ཏེ་ཀློག་པ་པོ་རྣམ་པའི་སྤྱན་སྔར་དྲངས་ཡོད།
[བརྡ་ཆད་གཙོ་བོ།] གྲོ་ཚང་། ཙོང་ཁ་སྡེ་ཁམས་བཅོ་བརྒྱད། བླ་མ་གླང་དཀར་པ།
 ལྷ་དཔལ། ད་ལྟ་མཚོ་སྔོན་རྒྱག་སྒྲོག་བརྙན་འཕྲིན་ཁང་གླེང་སྟེགས་ལེ་ཚན་གྱི་རྩོམ་སྒྲིག་པ་ཡིན།

༄༅།། ཆིང་རྒྱལ་རབས་ཀྱི་གོང་མའི་དབུ་བླ་ཆེ་གྲས་ལཱ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་དང་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་འབྲེལ་བ་ལ་ཐོག་མར་དཔྱད་པ།
སྟག་རིག་རྟ་མགྲིན་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ངག་རྒྱུན་གྱི་བཤད་ཚུལ་དག་ལ་གཡའ་སེལ་བྱས་ཏེ། ཁྲི་ཀའི་ཡུལ་དུ་ཨ་མྱེས་ཡུལ་ལྷ་ཐོག་མར་འཁྲིད་ཡོང་མཁན་དེ་གསེར་ཁྲི་སྐུ་ཕྲེང་གཉིས་པ་མ་ཡིན་པ་དང་། ཁོང་གིས་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་མཆོད་དོན་ནི་ལྷ་དེ་ཉིད་བླ་མ་ཁོ་རང་གི་སྐྱེས་ལྷར་གྱུར་པའི་རྒྱུ་མཚན་གྱིས་ཡིན་པ་ཐག་གིས་བཅད་ཡོད། གཞན་ཡང་ཁོང་གིས་བརྩམས་པའི་བསང་ཡིག་ནི་ལྷ་དེར་ཕྱིས་སུ་བསང་མཆོད་དང་བསྐང་བཤགས་མང་པོ་ཞིག་བྱུང་ཡོད་པ་ཐམས་ཅད་ཀྱི་རྨང་གཞིར་གྱུར་ཏེ། ད་ལྟ་སེར་སྐྱ་ཕོ་མོ་མང་པོ་ཞིག་གི་རྒྱུན་འདོན་གྱི་བསང་ཚིག་ཏུ་སོང་ཡོད་པའི་ཚུལ་སོགས་ཞིབ་ཕྲ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] གོང་མའི་དབུ་བླ། ཁྲི་ཀའི་ཨ་མྱེས་ཡུལ་ལྷ།  འབྲེལ་བ།
སྟག་རིག་རྟ་མགྲིན་རྒྱལ། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་གླིང་གི་དགེ་རྒན་ཡིན།

༄༅།། བོད་ཀྱི་དུར་ལས་དང་འབྲེལ་ཏེ་ཁོར་ཡུག་སྲུང་སྐྱོང་གི་སྐོར་མདོ་ཙམ་གླེང་བ།
ཕག་མོ་དོན་གྲུབ།
[ནང་དོན་གནད་བསྡུས།] དེང་སྐབས་རྒྱལ་ནང་གི་ཡུལ་གྲུ་ཀུན་ཏུ་ས་བརྐོ་རྡོ་སློག་དང་། བཟོ་ལས་ཐོན་སྐྱེད། དུར་ལས་སོགས་བགྱིས་ཏེ་ཕྱོགས་མང་པོའི་ཆ་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་དང་མཁའ་དབུགས་འབག་བཙོག་བྱེད་པ་ཚབས་ཆེན་ཡིན་པས། འདིར་དེང་རབས་སྐྱེ་ཁམས་རིག་པའི་ལྟ་བ་སྤྱད་ནས་བོད་ཀྱི་དུར་ལས་ཀྱིས་ཁོར་ཡུག་ལ་ཕན་གནོད་ཇི་ལྟ་བུ་ཡོད་ཚུལ་དང་དེ་སེལ་པའི་ཐབས་ལམ་སྐོར་མདོ་ཙམ་གླེང་ཡོད།
[བརྡ་ཆད་གཙོ་བོ།] དུར་ལས།  ཁོར་ཡུག་སྲུང་སྐྱོང་།  རྟེན་འཚོ་མ་ལག  སྐྱེ་ཁམས་ཆོས་ཉིད།
ཕག་མོ་དོན་གྲུབ། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་སྐྱེ་དངོས་རིག་པའི་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།

༄༅།། གླིང་སྒྲུང་ལས་མེ་བཟའི་སྐོར་བཤད་པ།
རྟ་མགྲིན་རྒྱལ། ཡེ་ཤེས་སྒྲོལ་མ།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《བདུད་འདུལ་》དང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་སྒྲུང་དཔེ་གཉིས་པོ་གཞིར་བཟུང་ནས་གླིང་སྒྲུང་བདུད་འདུལ་ནང་གི་མེ་བཟའ་ཞེས་པ་དེ་མི་ཅི་ལྟ་བུ་ཞིག་ཡིན་པའི་སྐོར་གསལ་བཤད་བྱས་ཡོད།
[བརྡ་ཆད་གཙོ་བོ།] གླིང་སྒྲུང་། བདུད་འདུལ། མེ་བཟའ།
རྟ་མགྲིན་རྒྱལ།  ད་ལྟ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བོད་རིག་པ་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
ཡེ་ཤེས་སྒྲོལ་མ།  ད་ལྟ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བོད་རིག་པ་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

༄༅།། མཚོ་སྔོན་གཏེར་ལམ་རྫོང་གི་“ཚ་འདམ་ཤེའུ་བང་སོ་ཨང་བཅུ་པའི་”ཤིང་ཁྲམ་བཅུ་གཅིག་ལ་དཔྱད་པ།
ནག་རུ་བཀྲ་ཤིས་སྐྱབས།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཚ་འདམ་གཞོངས་ཏེ་ད་ལྟའི་སྲིད་འཛིན་ས་ཁུལ་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལམ་རྫོང་གི་ཐུ་བྷོད་བང་སོའི་ཚོགས་ལས་1985ལོར་སྔོག་པའི་“ཤེའུ་བང་སོ་བཅུ་པ་”ལས་ཐོན་པའི་ཤིང་གི་ཁྲམ་བྱང་བཅུ་གཅིག་དང་། དེ་དག་ལས་བསྟན་པའི་ཟ་འོག་དར་གོས་སྐོར་གྱི་བརྡ་རྙིང་དག་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] ཤིང་ཁྲམ། ཤིང་ཁྲམ་བཅུ་གཅིག གྱོན་གོས་ཆ་ལུགས། དུར་སྲོལ།
ནག་རུ་བཀྲ་ཤིས་སྐྱབས། ད་ལྟ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད།

༄༅།། དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་བདམས་བསྒྲིགས་ཀྱི་མ་ཡིག་ཕབ་བཤུས་སྐབས་ཀྱི་ནོར་ཆའི་སྐོར་གླེང་བ།
ལྕགས་མོ་མཚོ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་2006ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་མཚོ་སྨད་རྫོང་གི་མཆོད་རྟེན་ཞིག་ནས་རྙེད་པའི་བོན་གྱི་ཡིག་རྙིང་དེ་དག་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རྒན་པ་སངས་དབང་འདུས་དང་ནོར་བུ་ཚེ་རིང་གཉིས་ཀྱིས་བདམས་བསྒྲིགས་བྱས་པའི་《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》ཞེས་པའི་དཔེ་ཆ་དེ་གཞིར་བཟུང་སྟེ། རང་ཉིད་ཀྱིས་ཤེས་རམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་འབྲི་སྐབས་སུ་ཞིབ་འཇུག་བྱས་ནས་ཡིག་རྙིང་འདི་དག་གི་མ་དཔེ་དང་ཞིབ་བསྡུར་བྱས་ནས་བདམས་བསྒྲིགས་སུ་དབུ་ཅན་དུ་ཕབ་པའི་ནོར་འཁྲུལ་དང་དོགས་པའི་རིགས་ཐག་གཅོད་བྱས་ཡོད་ཅིང་། ནོར་འཛོལ་བྱུང་བའི་ཡི་གེ་རྣམས་ཡང་དང་ཡང་གིས་ཞིབ་བསྡུར་བྱས་པ་བརྒྱུད་ཡིག་རྙིང་གི་མ་ཡིག་དང་ཕབ་ཡིག་ཅེས་རེ་རེ་བཞིན་རེའུ་མིག་ཏུ་གསལ་བོར་བཀོད་ཡོད།
[བརྡ་ཆད་གཙོ་བོ།] གཙོ་གནད་ཚིག ཡིག་རྙིང་། མ་ཡིག ཕབ་ཡིག ནོར་འཁྲུལ།
  ལྕགས་མོ་མཚོ། ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ཕྱག་ལས་གནང་བཞིན་ཡོད་ཅིང་། 2013ལོའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་རིག་གནས་ཆེད་ལས་ཀྱི་འབུམ་རམས་པའི་སློབ་མ་ཡིན། 

༄༅།། ཆབ་མདོའི་སྐྱེས་མའི་རྒྱན་གོས་རིག་གནས་སྐོར་ལ་རགས་ཙམ་དཔྱད་པ།
ཚེ་རིང་ཆོས་མཚོ།
[ནང་དོན་གནད་བསྡུས།] རྩོམ་འདིར་སྤྱིར་བོད་མིའི་རྒྱན་གོས་རིག་གནས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་། བྱེ་བྲག་དུ་ཆབ་མདོའི་བུད་མེད་ཀྱི་རྒྱན་ཆ་དང་གྱོན་གོས། གདོང་ཚོས་བྱུགས་སྟངས་སོགས་ཀྱི་ཁྱད་ཆོས་བཅས་རེ་རེ་བཞིན་གླེང་ནས། རྒྱན་ཆའི་རིག་གནས་ཀྱི་མཚོན་དོན་ཏེ། རིན་པོ་ཆེའི་མཚོན་དོན། དེའི་གྲངས་ཀའི་མཚོན་དོན། ཁ་དོག་གི་མཚོན་དོན་བཅས་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] རྒྱན་གོས་ལོ་རྒྱུས། སྐྱེས་མའི་རྒྱན་གོས། རྒྱན་གོས་ཀྱི་འཕེལ་འགྱུར། རྒྱན་གོས་རིག་གནས།
ཚེ་རིང་ཆོས་མཚོ། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་2011ལོའི་ཆོས་ལུགས་རིག་གནས་ཞིབ་འཇུག་སློབ་མ་ཡིན།

༄༅།། དུས་རབས་ཉི་ཤུའི་ནང་བོད་དུ་ཆོས་ཞུར་ཕེབས་པའི་རྒྱའི་བཙུན་པ་འགའི་མཛད་རྗེས་ལ་དཔྱད་པ།
དཔལ་རྡོར་སྐྱབས།
[ནང་དོན་གནད་བསྡུས།] བོད་རྒྱ་མི་རིགས་གཉིས་བར་གྱི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་དེ་བཙན་པོའི་དུས་སྐབས་ནས་ད་ལྟའི་བར་ཟམ་མ་ཆད་པར་རྒྱུན་བསྐྱངས་ཡོད་པ་དང་། ལྷག་པར་དུ་ཉེ་རབས་ལོ་རྒྱུས་ནས་བཟུང་བོད་རྒྱ་མི་རིགས་ཀྱི་རིག་གནས་སྤེལ་རེས་དེ་མཐོ་རླབས་སྔ་ན་མ་བྱུང་བ་ཞིག་ཏུ་སླེབས། དཔྱད་རྩོམ་འདིའི་ནང་ཉེ་རབས་ཀྱི་མཐོ་རླབས་དེ་བྱུང་བའི་རྒྱུ་རྐྱེན་དང་། མཐོ་རླབས་དེའི་འབྱུང་རྐྱེན་ནམ་འགོ་འཛུགས་མཁན་རྒྱའི་བཙུན་པ་འགའི་མི་ཚེ་བརྒྱུད་རིམ་བརྗོད་པ་བརྒྱུད། ཁོང་ཚོས་དུས་རབས་ཉི་ཤུའི་ནང་བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་བཞག་པའི་མཛད་རྗེས་ཀྱི་སྐོར་དང་། དེ་ལས་བྱུང་བའི་བློ་བསྐྱེད་ཀྱི་སྐོར་རགས་ཙམ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] བོད་རྒྱ། ཆོས་ཞུ། རྒྱ་བཙུན། རིག་གནས་སྤེལ་རེས།
དཔལ་རྡོར་སྐྱབས། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི་2011ལོའི་རབ་འབྱམས་པའི་སློབ་མ་ཡིན།

༄༅།། སྐབས་དང་པོའི་རྒྱལ་ཡོངས་བོད་རིག་པ་ཞིབ་འཇུག་ལས་རིག་གཞུང་དུས་དེབ་ཀྱི་གྲོས་མོལ་ཚོགས་འདུའི་སྤྱི་བཤད། འདི་གའི་དུས་དེབ་ཀྱི་གསར་འགོད་པ།

༄༅།། ངའི་ཞིབ་འཇུག་གི་ཉམས་མྱོང་།——བོད་རིག་པའི་ཞིབ་འཇུག་པ་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ལ་བཅར་འདྲི་ཞུས་པ།
ཚེ་དབང་རྡོ་རྗེ།
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནི་ཉི་ཧོང་ཏ་ཀུའུ་སློབ་གྲྭ་ཆེན་མོའི་(大谷大学)སློབ་དཔོན་ཆེ་མོ་བའམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུ་ཞིབ་འཇུག་པ་ཆེ་མོ་ཡིན།
ཚེ་དབང་རྡོ་རྗེ། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716