སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྤྱི་ལོ་2013ལོའི་ཀྲུང་གོའི་བོད་རིག་པ་བོད་ཡིག་དུས་དེབ་བཞི་བའི་སྟེང་བཀོད་པའི་དཔྱད་རྩོམ་གྱི་ཁ་བྱང་དང་ནང་དོན་གནད་བསྡུས།
སྤེལ་དུས། 2017-03-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཆོས་སྒྲོན།
༄༅།། བཙན་པོའི་དུས་ཀྱི་རྒྱ་བོད་ཆོས་གཞུང་སྒྲ་སྒྱུར་སྐོར་རགས་ཙམ་གླེང་བ།
དབང་སྟོབས།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་བཙན་པོའི་དུས་སུ་རྒྱ་བོད་ཡིག་རིགས་གཉིས་ལ་མཁས་པའི་ལོ་ཙཱ་བ་ཁག་ཅིག་བྱོན་ཞིང། ཆོས་གཞུང་སོགས་ཇི་སྙེད་ཅིག་བསྒྱུར་ནས་ཐང་བོད་དབར་གྱི་འབྲེལ་ལམ་དང། རྒྱ་བོད་ཤེས་རིག་སྤེལ་རེས། བོད་ཀྱི་རིག་གནས་སྒོ་ཀུན་ནས་གོང་འཕེལ་འགྲོ་བར་ཕན་དགེ་གང་ཙམ་བསྐྲུན་པའི་སྐོར་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] བཙན་པོའི་དུས། རྒྱ་བོད་སྒྲ་སྒྱུར། ལོ་ཙཱ་བ། འགྱུར་ཆོས།
 དབང་སྟོབས། འབུམ་རམས་པ། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་ལོ་རྒྱུས་ཚན་ཁག་གི་དགེ་རྒན་ཆེ་མོ་ཡིན།

༄༅།། རྨི་ལམ་གྱི་འབྱུང་ཚུལ་དང་དེ་ལ་བརྟེན་ནས་ནད་གཞིའི་བརྟག་ཐབས་གླེང་བ། 
མཁའ་འགྲོ་འབུམ།
[ནང་དོན་གནད་བསྡུས།]མེ་ཡིས་དུ་བ་ཆར་གྱིས་སྤྲིན།། ཕྱིས་འབྱུང་མཚན་མ་ཡིན་པ་ལྟར།། ཞེས་པའི་དཔེ་ལྟར་དུ་སྐབས་འདིའི་གླེང་བྱ་གཙོ་བོ་ནི་དཔལ་ལྡན་རྒྱུད་བཞི་ལས་གསུངས་པའི་རྨི་ལམ་གྱི་འབྱུང་རྐྱེན་སོགས་ལ་གཞི་བཅོལ་ཏེ་ཟུར་དུ་འཇུ་མི་ཕམ་གྱིས་མཛད་པའི་《མཁས་འཇུག་》སོགས་ཚད་ལྡན་བསྟན་བཅོས་དུ་མའི་དགོངས་པ་ལ་རང་བློ་ཅི་ནུས་ཀྱིས་དཔྱད་དེ་རྨི་ལམ་གྱི་རྒྱུ་རྐྱེན་དང་རྨི་ལམ་རྨིས་ཚུལ། དེ་བཞིན་རྨི་ལམ་གྱི་འབྲས་བུ་ལེགས་ཉེས་འབྱུང་ཚུལ། རྨི་ལམ་ལ་བརྟེན་ནས་ནད་གཞི་ངོས་འཛིན་བྱེད་ཚུལ་སྐོར་གླེང་ཡོད།
[བརྡ་ཆད་གཙོ་བོ།] རྨི་ལམ། ནད་གཞིའི་བརྟག་ཐབས། ཀུན་གཞི།
  མཁའ་འགྲོ་འབུམ། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་སྨན་ཞིབ་འཇུག་ཁང་དུ་བྱ་བ་བྱེད་མུས་སུ་མཆིས།

༄༅།། ཏུན་ཧོང་ནས་ཐོན་པའི་རྒྱ་ཡིག་གི་ཡིག་ཆ་《ཅིག་ཅར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པ་》ཞེས་པར་དཔྱད་པ།
འབྲུག་ལྷ།
[ནང་དོན་གནད་བསྡུས།] 《ཅིག་ཅར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པ་》ཞེས་པའི་ཡིག་ཆ་འདི་ནི་སྤྱི་ལོ་བརྒྱད་པའི་དུས་མཇུག་གམ་དུས་རབས་དགུ་པའི་དུས་མགོ་ཙམ་ལ། ཧྭ་ཤང་མ་ཧཱ་ཡ་ནའི་གསུང་ལྟར་ཁོང་གི་སློབ་མ་ཝང་ཤི་(王锡)ཟེར་བས་ཟིན་བྲིས་བཏབ་པ་ཞིག་ཡིན། དཔྱད་རྩོམ་འདིའི་ནང་དུ་《སྦ་བཞེད་》སོགས་བོད་ཡིག་གི་ལམ་ནས་བྲིས་པའི་ལོ་རྒྱུས་ཡིག་ཆ་ཁག་དང་རྒྱ་ཡིག་གི་ཡིག་ཆ་《རིགས་པ་ཡང་དག་པར་ངེས་པ་》ཞེས་པ་བསྡུར་ནས་བསམ་ཡས་ཆོས་རྩོད་ཟེར་བ་དངོས་སུ་བྱུང་ཡོད་མེད་དང་། བསམ་ཡས་ཆོས་རྩོད་བྱུང་བའི་ལོ་ཚིགས་སོགས་ལ་དཔྱད་དེ། ཧྭ་ཤང་གི་ཆོས་བརྒྱུད་དང་ལྟ་གྲུབ་སྐོར་རགས་ཙམ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] གནད་འགག་མིང་བརྡ། རིགས་པ་ཡང་དག་པར་ངེས་པ། བསམ་ཡས་ཆོས་རྩོད། ཧྭ་ཤང་མ་ཧཱ་ཡན། བསམ་གཏན་པའི་ཆོས་བརྒྱུད།
 འབྲུག་ལྷ། ཀྲུང་དབྱང་མི་རིགས་སློ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཡིན།

༄༅།། ནད་བཅོས་ལག་ལེན་དངོས་ལས་ཁྲག་མཐོའི་ནད་གསོ་བཅོས་བྱས་པའི་མྱོང་ཚོར་ཅུང་ཟད་གླེང་བ།
བཤད་སྒྲུབ་རྒྱ་མཚོ།
[ནང་དོན་གནད་བསྡུས།] ཁྲག་མཐོའི་ནད་འདི་ནི་དུས་ཀྱི་དབང་གིས་ན་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། ནད་ཀྱི་མཚན་ཉིད་ཀྱང་རྙོག་འཛིང་ཇེ་ཆེ་དང་། ན་མཁན་གྱི་ལོ་ཚད་ཀྱང་དེ་བཞིན་དུ་ཇེ་ཆུང་དུ་འགྲོ་མུས་མཆིས་ལ། དེའི་རྒྱུ་རྐྱེན་གཙོ་བོ་ཁྲག་དང་རླུང་གཉིས་ཀྱི་བྱེད་ལས་འཁྲུགས་པའམ་རྒྱུ་བ་མ་མཉམ་པའི་རྐྱེན་གྱིས་གསོ་བྱའི་སྙིང་ཀླད་ལ་ཡང་མངོན་གསལ་གྱི་གནོད་སྐྱོན་ཐེབས་པ་དེའོ།། དེར་བརྟེན་རྩོམ་ཐུང་འདིས་བོད་ཀྱི་གསོ་བཅོས་ལས་ཁྲག་མཐོའི་ནད་དམ་ཁྲག་རླུང་ནད་གསོ་བཅོས་བྱས་པའི་ལག་ལེན་མྱོང་ཚོར་དང་། རང་ཉིད་ཀྱིས་ལོ་དུ་མའི་ནང་གསོ་བཅོས་དངོས་སུ་བསྟར་བའི་མྱོང་བ་ལས་ནད་དེའི་གྱུར་ཚུལ་དང་། རྒྱུ་རྐྱེན། གསོ་ཐབས་བཅས་ཀྱི་ལྟ་བ་དང་བཅོས་ཚུལ་བཅས་ལ་རང་གི་རིག་པས་བསྒྲུབ་གང་ཐུབ་བགྱིས་པ་ལགས།
[བརྡ་ཆད་གཙོ་བོ།] ནད་བཅོས་ལག་ལེན་དངོས།  ཁྲག་མཐོའི་ནད། གསོ་བཅོས།
 བཤད་སྒྲུབ་རྒྱ་མཚོ། ད་ལྟ་པེ་ཅིན་བོད་ལུགས་སྨན་ཁང་དུ་ཕྱག་ལས་གནང་བཞིན་ཡོད།ꪦ

༄༅།། མདོ་སྨད་མདའ་ཚང་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེའི་ནང་དོན་དང་ཁྱད་ཆོས།
རྡོ་རྗེ་ཚེ་རིང་།
[ནང་དོན་གནད་བསྡུས།] མདོ་སྨད་མདའ་ཚང་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་ཚོགས་ཀྱི་སྤྱི་ཁོག་ངོ་སྤྲོད་བྱས་པ་བརྒྱུད་ནས་དེའི་ཐུན་མིན་ཁྱད་ཆོས་དང་བརྗོད་སྙིང་སྐོར་ཚིག་ཉུང་དོན་བསྡུས་སྒོས་བསྟན་ཡོད།
[བརྡ་ཆད་གཙོ་བོ།] མདོ་སྨད་མདའ་ཚང་། བོན་གྱི་གནའ་དཔེ། ནང་དོན། ཁྱད་ཆོས།
 རྡོ་རྗེ་ཚེ་རིང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་གི་2011ལོའི་རབ་འབྱམས་པའི་སློབ་མ་ཡིན།

༄༅།། བོད་ལྗོངས་ཀོང་པོ་ཡུལ་གྱི་དགོན་པར་ཕོ་མོའི་མཚན་བརྙན་བཤམས་དོན་ལ་དཔྱད་པ། 
ཆབ་འགག་རྟ་མགྲིན།
[ནང་དོན་གནད་བསྡུས།] རང་གི་མཐོང་ཐོས་དངོས་ལ་བརྟེན་ནས་བོད་ལྗོངས་ཀོང་པོ་ཡུལ་གྱི་དགོན་པ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྒྱབ་ལོགས་བརྩིགས་ངོས་སུ་སྐྱེས་པའི་མཚན་བརྙན་བཤམས་པའི་སྣང་ཚུལ་ངོ་སྤྲོད་བྱས་ཐོག རྒྱ་བོད་ཀྱི་ཚད་ལྡན་མཁས་པའི་ས་དཔྱད་དང་ལོ་རྒྱུས་བསྟན་བཅོས་སྔ་ཤོས་ཟུང་དུ་སྦྲེལ་ནས། དགོན་སྡེ་དེ་དག་དུ་སྐྱེས་པའི་མཚན་བརྙན་བཤམས་པའི་དགོས་པ་ནི། སྲིན་མོའི་འདོམས་སམ་མོ་མཚན་བཟེད་པ་ལྟ་བུའི་ས་དཔྱད་ངན་པའི་གནོད་པ་སྟེ། བཙུན་པ་རབ་བྱུང་བའི་ཚུལ་ཁྲིམས་ཉམས་པ་དང་གྲོང་པ་ཕོ་མོ་རྣམས་གཡེམ་པར་གྱུར་པ་ཟློག་པའི་གཉེན་པོར་བཤམས་པ་དང་། སྐྱེས་པའི་མཚན་བརྙན་བཤམས་ནས་ས་དཔྱད་ངན་པའི་གནོད་པ་ཟློག་པར་བྱེད་པའི་ཐབས་སམ་འདུ་ཤེས་ཀྱང་བོད་མི་རིགས་ཀྱི་གཉེན་པོ་བསྟེན་པའི་བསམ་བློ་དང་། ཆོས་ལུགས་ཀྱི་འདུ་ཤེས། གང་ལ་གང་འདུལ་དེ་ལ་དེ་སྟོན་གྱི་ཐབས་ཤེས་སོགས་ལས་ཐོན་པའི་ལྟ་བ་བཏོན་ཡོད།
[བརྡ་ཆད་གཙོ་བོ།] ཀོང་པོའི་དགོན་སྡེ། ཕོ་མོའི་མཚན་བརྙན།
 ཆབ་འགག་རྟ་མགྲིན། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་སློབ་ཁྲིད་ཀྱི་ཕྱག་ལས་གནང་བཞིན་མཆིས།

༄༅།། བོད་ལུགས་གསོ་རིག་གི་དབྱེ་བ་ལུས་ཀྱི་རྣམ་གཞག་དང་ནད་ཐོག་རིན་ཐང་སྐོར་གླེང་བ།
གཅོད་པ་རྒྱལ།
[ནང་དོན་གནད་བསྡུས།] བོད་ལུགས་གསོ་རིག་གི་ལུས་ཀྱི་ངོས་འཛིན་དང་དབྱེ་བ་མཛད་པ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་སྟེ། ལུས་ཞེས་པ་ནད་དང་ལུས་ཟུངས་དྲི་མ་གསུམ་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ལུས་འདིར་ཆགས་པ་དང་གནས་པ། འཇིག་པའི་བྱ་བ་ཕལ་རགས་མ་ལུས་པ་རག་ལུས་པས་ལུས་ཞེས་པ་དང་། དེ་ལ་རྟེན་དང་ན་ཚོད། རང་བཞིན། རྣམ་པ་བཅས་ཀྱི་སྒོ་ནས་དབྱེ་བ་མཛད་པ་བཅས་སྤྱི་དང་བྱེ་བྲག་གང་ངོས་ནས་གསོ་བཅོས་ཐད་རིགས་ལམ་གྱི་གནད་མི་འདྲ་བ་རེ་སྟོན་ནུས་པས་ཁྱད་ཆོས་འདི་ལ་གཞིགས་ནས་ལུས་ཀྱི་དབྱེ་བའི་རྣམ་གཞག་འཇོག་ཚུལ་དང་དེ་དག་གི་ནད་ཐོག་རིན་ཐང་རྣམས་སྔོག་འདོན་གྱི་ཚུལ་དུ་དཔྱད་པ་ཅུང་ཟད་བྱས་པའོ།།
[བརྡ་ཆད་གཙོ་བོ།] ལུས། དབྱེ་བ། ནད་ཐོག རིན་ཐང་།
གཅོད་པ་རྒྱལ།  མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་མཆིས།

༄༅།། ཏུན་ཧོང་ཡིག་རྙིང་p.t.1287ལས་མགུར་གྱི་ཐ་སྙད་འགའ་ལ་དཔྱད་པ།
ཁྱུང་པོ་བསོད་ནམས་སྟོབས་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་སྲོང་བཙན་སྒམ་པོ་དང་མགར་སྟོང་བཙན་ཡུལ་བཟུང་གཉིས་ཀྱིས་བཞེངས་པའི་མགུར་ལས་གནའ་བོའི་ས་མིང་དང་དངོས་མིང་འགའ་དང་། མགུར་དང་འབྲེལ་བའི་མནའ་ཡི་རིག་གནས་བཅས་ལ་དམ་པ་སྔོན་མའི་དཔྱད་འབྲས་ཀྱི་རྨང་གཞིའི་ཐོག བཞེད་ཚུལ་མི་འདྲ་ཁག་གཅིག་ཕན་ཚུན་དཔྱད་བསྡུར་བརྒྱུད་རང་གི་བསམ་ཚུལ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] མགུར། མདོ། རྩང་། མནའ། གློ་བ། གད་ཀྱི་གསེར་པོ་ཆེ།
ཁྱུང་པོ་བསོད་ནམས་སྟོབས་རྒྱལ། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་2011ལོའི་འབུམ་རམས་སློབ་མ་ཡིན།

༄༅།། དར་མས་བསྟན་བསྣུབས་ལས་འཕྲོས་པའི་དོགས་གནད་ཆེན་པོ་བཅུ།
མཐའ་བ་བཀྲ་ཤིས་དོན་འགྲུབ།
[ནང་དོན་གནད་བསྡུས།] བསྟན་པ་ཕྱི་དར་ནས་བྱུང་བའི་ལོ་རྒྱུས་བརྩམས་ཆོས་རྣམས་སུ་བཙན་པོ་དར་མས་བསྟན་པ་བསྣུབས་པར་ངག་མཐུན་མོད། འོན་ཀྱང་ཏུན་ཧོང་ཡིག་ཚགས་P.T.840དང་P.T.134སོགས་གནའ་བོའི་ཡིག་རྙིང་གསར་རྙེད་ཁག་ལ་ཁུངས་བཅོལ་བ་དང་། སྔོན་བྱོན་ལོ་ཙཱ་བས་བསྒྱུར་བའི་བཀའ་བསྟན་རི་བོའི་གཏོས་དང་མཉམ་པའི་དངོས་ཡོད་གནས་ཚུལ་སོགས་ལ་བསམ་བློ་ཞིབ་ཏུ་བཏང་ན། བཙན་པོ་དར་མ་འུ་དུམ་བཙན་གྱི་བཀས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་དོགས་པ་མི་ཟ་ཐབས་མེད་བྱུང་བས། བཙན་པོ་ཉིད་ཀྱིས་ལྷ་ཁང་བཞེངས་ཤིང་བསྟན་བཅོས་བརྩམས་པ་དང་། འོད་སྲུང་གིས་མཆོད་བསྟོད་སྨོན་ལམ་ཕུལ་བ་སོགས་དོགས་གནད་ཆེན་པོ་བཅུ་ཕྱོགས་གཅིག་ཏུ་དྲིལ་ནས་ཀུན་གྱི་སྤྱན་ལམ་དུ་བཀོད་ཡོད།
[བརྡ་ཆད་གཙོ་བོ།] དར་མ་འུ་དུམ་བཙན་པོ། བསྟན་པ་བསྣུབས་པ། དོགས་དཔྱོད།
མཐའ་བ་བཀྲ་ཤིས་དོན་འགྲུབ།  འབུམ་རམས་ཕྱི་ཚར་བ། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཕྱི་རྒྱལ་མི་རིགས་ཡིག་ཚགས་ཁང་དུ་བོད་ཀྱི་ལོ་རྒྱུས་དང་གནའ་རབས་ཡིག་ཚགས་ལ་ཞིབ་འཇུག་བྱེད་བཞིན་མཆིས།ꪦ

༄༅།། མཐོ་ལྡིང་དགོན་པར་བཞུགས་པའི་རྒྱལ་རབས་ཟླ་རིགས་མ་ངོས་སྦྱོར་མདོར་བསྡུས།
ཁྱུང་བདག
[ནང་དོན་གནད་བསྡུས།] གསར་དུ་རྙེད་པའི་ཡིག་རྙིང་འདིའི་ནང་འགྲོ་བ་མིའི་བྱུང་རབས་དང་། འཛམ་གླིང་ཁྱོན་གྱི་མི་རྗེ་སྙན་གྲགས་ཅན་བྱོན་རབས། དེ་ནས་ཡར་ལུང་བཙན་པོའི་རྒྱལ་རབས་ཀྱི་འབྱུང་འཕེལ་དང་དེ་བཞིན་འཐོར་ཞིག་ཏུ་སོང་ཚུལ། དེ་ནས་སྐྱིད་ལྡེ་ཉི་མ་མགོན་ནས་གུ་གེ་ཆོས་རྒྱལ་རྩེ་ལྡེ་བཙན་བར་གྱི་ལོ་རྒྱུས་སོགས་འཁོད་ཡོད། དེའི་དབུས་སུ་ཡར་ལུང་བཙན་པོའི་སྐོར་རྒྱལ་རབས་དེབ་ཐེར་གཞན་དུ་ཞིབ་རྒྱས་མ་འཁོད་པའི་ལོ་རྒྱུས་ཁག་ཅིག་དང་། མངའ་རིས་ཆོས་རྒྱལ་རིམ་བྱོན་དང་དེ་དུས་ཀྱི་ཞང་ཞུང་ངམ། སྟོད་མངའ་རིས་སྐོར་སྔར་མ་གྲགས་པའི་ལོ་རྒྱུས་ཞིབ་ཆ་ཁག་ཅིག་གསུངས་པ་དེ་དག་ལ་ལོ་རྒྱུས་ཀྱི་རིན་ཐང་ཆེས་ཆེར་ལྡན་པས་མཆན་འགྲེལ་ཉུང་བསྡུས་རེ་བཀོད་ཐོག་བརྡ་དཀྲོལ་ཞིབ་རྒྱས་སུ་མཛད་འདུག
[བརྡ་ཆད་གཙོ་བོ།] བརྡ་ཆད་གཙོ་གྲས། རྒྱལ་རབས་ཟླ་རིགས་མ། མཆན་འགྲེལ། མངའ་རིས་ཆོས་རྒྱལ།
ཁྱུང་བདག ད་ལྟ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཕྱག་ལས་གནང་བཞིན་འདུག

༄༅།། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཆབ་སྲིད་བསམ་བློའི་སྐོར་ལ་དཔྱད་པ།
དབང་དྲག་རྡོ་རྗེ།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་》དང་མངའ་རིས་རྒྱལ་རབས་སྐོར་གྱི་དཔྱད་ཡིག་གསར་བ་འགའ་གཞིར་བཟུང་ནས་དངོས་ཐོག་བདེན་འཚོལ་གྱིས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཆབ་སྲིད་བསམ་བློའི་སྐོར་ལ་དབྱེ་ཞིབ་ཕྲན་ཙམ་བྱས་པ་བརྒྱུད། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཆབ་སྲིད་བསམ་བློ་ལས་བྱུང་བའི་ཉམས་མྱོང་བསླབ་བྱ་དེ་ལ་དེང་སྐབས་ང་ཚོས་བསྐྱར་དུ་བསམ་ཞིབ་གཏོང་དགོས་པའི་སྐོར་བསྟན་ཡོད།
[བརྡ་ཆད་གཙོ་བོ།] ལྷ་བླ་མ་ཡེ་ཤེས་འོད། ཆབ་སྲིད་བསམ་བློ། བསླབ་བྱ།
དབང་དྲག་རྡོ་རྗེ། ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་སུའོ་ནང་ཕྱག་ལས་གནང་བཞིན་མཆིས།

༄༅།། གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲིའི་སྐོར་ལ་དཔྱད་པ།
གཅོད་པ་དོན་གྲུབ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་གཙོ་བོ་གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲི་གནང་བ་ལེགས་འགྲུབ་བྱུང་ཡོད་པའི་དྲང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དུ་གྱུར་བའི་མི་སྣ་དང་བླ་གནས། ལྷ་བ་མོ་བ། སྤྲུལ་བསྒྱུར་གྱི་མི་སྣ་བཅས་དང་། ད་དུང་གླིང་སྒྲུང་ནང་དུ་བཞེངས་སྐྲུན་གནང་བའི་མོ་སྨན་དང་ངོ་གཉིས་མའི་གཟུགས་བརྙན་སོགས་ལ་དབྱེ་ཞིབ་བྱས་ཡོད།
[བརྡ་ཆད་གཙོ་བོ།] གླིང་སྒྲུང་། མི་སྣ་ཞིབ་འབྲི། ཞིབ་འཇུག
གཅོད་པ་དོན་གྲུབ། ད་ལྟ་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཚོགས་པའི་དབུ་གཙོ་འམ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རབ་འབྱམས་སློབ་མའི་སློབ་སྟོན་དགེ་རྒན་ཡིན།

2013ལོའི་《ཀྲུང་གོའི་བོད་རིག་པ་》ཡི་དཀར་ཆག་ཕྱོགས་བསྒྲིགས། 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716