སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དེང་རབས་རྩོམ་རིག་གིས་གཞན་ལ་ལད་མོ་བྱེད་ཞོར་རང་ཉིད་བོར་སོང་ཟེར།
སྤེལ་དུས། 2017-10-24   ཡོང་ཁུངས།    རྩོམ་པ་པོ།  བསྟན་འཛིན།
           ཟླ10པའི་ཚེས16ཉིན། མཚོ་སྔོན་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་དུ་བོད་ཀྱི་དེང་རབས་རྩོམ་པ་པོ་བཀྲ་བྷར་གླེང་མོལ་བྱས་པ་བཏང་ཞིང་། བོད་ཀྱི་དེང་རབས་རྩོམ་རིག་དང་འབྲེལ་བའི་གནད་དོན་ཐད་ལྟ་ཚུལ་དུ་མ་བཏོན། ཁོང་ཕ་ཡུལ་མཚོ་སྔོན་གསེར་ཆེན་རྫོང་ཡིན། འབུམ་རམས་པ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ། དགེ་རྒན་ཆེ་མོ་གཞོན་པ། བོད་ཀྱི་རྩོམ་པ་པོ་གྲགས་ཅན། ཁོང་གི་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག དཔྱད་རྩོམ་སོགས་བརྩམས་ཆོས་བརྒྱ་ལྷག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྤེལ་མྱོང་ལ། དེ་མིན《སྒྲོལ་མ་ཉེར་གཅིག》《འཚུབ་མ་ཁེར་རྐྱང》《ནས》《བོན་གྱི་ལྷ་རབས་ལ་དཔྱད་པ》《རྩོམ་པ་ལ་འཇུག་པའི་སྒོ》《གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ》སོགས་དེབ་དུ་མ་མཛད་ཡོད། ཁོང་གི་བརྩམས་སྒྲུང་འབྲིང་གྲས《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ཞེས་པར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི"ན་གཞོན་རྩོམ་རིག་བྱ་དགའ"ཐོབ་ལ། བརྩམས་སྒྲུང་འབྲིང་གྲས《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང《ནས》ལ་སོ་སོར་སྐབས་གསུམ་པ་དང་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ཁོང་གི་བརྩམས་བཏུས་དེབ《འཚུབ་མ་ཁེར་རྐྱང》ལ་སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི"རྟ་མཆོག་བྱ་དགའ"བྱ་དགའ་བཅས་ཐོབ་མྱོང་།
           མདོ་འཛིན་པ། དེ་རིང་ང་ཚོས་གླེང་སྟེགས་ལེ་ཚན་དུ་གདན་འདྲེན་ཞུས་པའི་སྐུ་མགྲོན་ནི། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བཀྲ་བྷ་ལགས་ཡིན། དེ་རིང་ང་ཚོས་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་འཕེལ་དང་གནས་བབ། དེང་རབས་རྩོམ་རིག་དར་བའི་དགེ་མཚན་སོགས་བརྗོད་གཞིར་བྱས་ཏེ་བགྲོ་གླེང་ཐུང་ཐུང་ཞིག་བྱ།
           མདོ་འཛིན་པ། རེད། རྒན་བཀྲ་བྷ་ལགས། ཐོག་མར་ཁྱེད་ཀྱིས་དེང་རབས་རྩོམ་རིག་གི་སྤྱི་ཁོག་ངོ་སྤྲོད་ཅིག་བྱས་རྗེས། དེང་རབས་རྩོམ་རིག་དར་བའི་དགེ་མཚན་སོགས་ཀྱི་སྐོར་ནས་གསུང་རོགས།
           བཀྲ་བྷ། སྤྱིར་དེང་རབས་རྩོམ་རིག་གི་དེང་རབས་ཞེས་པར་དེང་སྐབས་རིག་གཞུང་ཞིབ་འཇུག་པའི་སྡེར་དུས་ཚོད་ཀྱི་ཆ་ནས་གོ་བ་ལེན་སྟངས་མི་འདྲ་སྣ་ཚོགས་འདུག ༡༩༤༩ ལོའི་ཟླ ༡༠ པའི་ཚེས ༡ གི་རྗེས་སུ་བྱུང་བའི་རྩོམ་རིག་དེང་རབས་རྩོམ་རིག་ལ་ངོས་འཛིན་པ་རྒྱུག་ཆེ་ཤོས་ཡིན། འོན་ཀྱང་བོད་ལ་མཚོན་ན ༡༩༤༩ ལོའི་ཟླ ༡༠ པའི་ཚེས ༡ གི་རྗེས་སུ་རྩོམ་རིག་བརྩམས་ཆོས་ཆེར་བྱུང་མེད་པས། ལོ་རབས་བརྒྱད་ཅུ་བར་བོད་ཀྱི་རྩོམ་པ་པོ་ཚོས་རྩོམ་བྲིས་པ་དེ་དག་བོད་ཀྱི་དེང་རབས་རྩོམ་རིག་ལ་ངེས་འཛིན་གྱི་ཡོད།
           མདོ་འཛིན་པ། ཁྱེད་རང་གིས་བསམས་ན། དེང་རབས་རྩོམ་རིག་དར་བར་དགེ་མཚན་གང་དག་ཡོད་དམ།
           བཀྲ་བྷ། སྤྱིར་རིག་གནས་གང་དང་གང་ཞིག་ཡིན་ཀྱང་དེར་སོ་སོའི་དགེ་མཚན་རེ་ཡོད་ལ། རྩོམ་རིག་ལ་མཚོན་ནའང་སྤྱི་ལ་ཁྱབ་པའི་དགེ་མཚན་དང་དུས་སྐབས་སོར་ཁྱབ་པའི་དགེ་མཚན་སོ་སོར་ཡོད། དཔེར་ན། བོད་ཀྱི་དེང་རབས་རྩོམ་རིག་གི་དགེ་མཚན་སྐོར་བཤད་ན། གཅིག་ནས་རྩོམ་པ་པོའི་ཐད་ཁྱད་ཆོས་འདུག སྔོན་ཆད་བོད་ཀྱི་རྩོམ་པ་པོའི་སྡེར་མདོ་མཁར་བ་ལྟ་བུ་རེ་འགའ་མ་གཏོགས་ཕལ་མོ་ཆེ་ཆོས་ལུགས་པ་ཡིན། དེང་རབས་རྩོམ་རིག་དར་རྗེས་དེ་སྔོན་གྱི་ཆོས་ལུགས་པའི་རྩོམ་པ་པོ་ཡོད་པའི་ཁར། འཇིག་རྟེན་པའི་རྩོམ་པ་པོ་གསར་དུ་ཁ་སྣོན་བྱུང་བ་རེད། རྩོམ་པ་པོའི་གྲངས་ཀའི་ཆ་ནས་ཀྱང་སེར་མོའི་རྩོམ་པ་པོ་ཅུང་ཉུང་ཞིང་འཇིག་རྟེན་པའི་རྩོམ་པ་པོ་ཅུང་མང་པོ་བྱུང་བས། སྐྱ་སེར་གྱི་མི་གྲངས་ཀྱི་བསྡུར་དང་སྐྱ་སེར་རྩོམ་པ་པོའི་གྲངས་ཀ་ཅུང་དོ་མཉམ་པ་ཞིག་བྱུང་འདུག འདི་དགེ་མཚན་དང་པོ་རེད་ཅེས་བཤད་ཆོད་གི།
           གཉིས་ནས་རྩོམ་གྱི་བརྗོད་སྙིང་གི་སྐོར་རེད། རྩོམ་པ་པོའི་ཐོབ་ཐང་མ་འདྲ་ན་དེའི་འཇིག་རྟེན་ལྟ་བ་ཡང་མི་འདྲ་སྟེ། ཆོས་ལུགས་པར་ཆོས་ལུགས་དང་མཐུན་པའི་འཇིག་རྟེན་ལྟ་བ་ཡོད་ཅིང་། འཇིག་རྟེན་པར་འཇིག་རྟེན་དང་མཐུན་པའི་འཇིག་རྟེན་ལྟ་བ་ཡོད་པས། རྩོམ་རིག་གི་བརྗོད་སྙིང་གི་ཐད་ནས་རྒྱ་བསྐྱེད་བྱུང་འདུག དཔེར་ན། ཆོས་ལུགས་པའི་རྩོམ་རིག་གིས་བརྗོད་བྱ་གཙོ་བོ་འཁོར་བར་སྙིང་བོ་མེད་ཚུལ་ཡིན་ལ། འཇིག་རྟེན་པའི་རྩོམ་རིག་གིས་སྐྱ་བའི་འཇིག་རྟེན་དང་བསྟུན་ནས་འཁོར་བའི་སྙིང་བོ་བརྗོད་བྱར་བྱས་ནས་དངོས་ཡོད་སྤྱི་ཚོགས་ཀྱི་རྣམ་པ་མང་པོ་བྲིས་ཡོད་པས། སྤྱི་ཚོགས་དང་མཐུན་པའི་བརྗོད་སྙིང་འདིས་བོད་ཀྱི་རྩོམ་རིག་གི་བརྗོད་སྙིང་རྒྱ་བསྐྱེད་ཡོད།
           གསུམ་ནས་ཀློག་པ་པོ་དང་རྩོམ་རིག་གི་འབྲེལ་བའི་སྐོར་རེད། སྲོལ་རྒྱུན་རྩོམ་རིག་ཕལ་མོ་ཆེ་མཁས་ཆེན་དག་གི་གསུང་རེད། དཔེར་ན་རྗེ་ཙོང་ཁ་པའི་ཆོས་ལུགས་དང་འབྲེལ་བའི་གསུང་རྩོམ་དག་བོད་པ་ཚོའི་མཆོད་ཁང་དུ་བཞུགས་ཡོད་པ་མ་ཟད། མཁས་པ་གཞན་དག་གི་ཆོས་ལུགས་དང་འབྲེལ་བ་མེད་པའི་གསུང་རྩོམ་དག་ཀྱང་མཆོད་ཁང་དུ་བཞག་ནས། ཕྱག་དང་མཆོད་པ་བྱེད་ཀྱི་ཡོད་པས། བརྩམས་ཆོས་མཐོ་ཞིང་ཀློག་པ་པོ་དམའ་བའི་གནས་ཚུལ་ལྷག་འདུག དེང་རབས་རྩོམ་རིག་དར་རྗེས་ཀྱི་བརྩམས་ཆོས་དག་གིས་ཕོ་མོའི་བརྩེ་དུང་སོགས་འཇིག་རྟེན་པའི་འཚོ་བ་བརྗོད་བྱར་བྱས་ཡོད་ལ། རྩོམ་པ་པོ་དག་ཀྱང་རྗེས་ཙོང་ཁ་པ་ལྟ་བུའི་ཕྱག་འཚལ་མཆོད་འབུལ་བྱ་སའི་གནས་མིན་རྐྱེན། རྩོམ་རིག་དང་ཀློག་པ་པོའི་བར་ཐག་ཇེ་ཉེར་གྱུར་བས། རྩོམ་རིག་དམངས་ཡོངས་ལ་ཁྱབ་པའི་དགེ་མཚན་འདུག དེང་རབས་རྩོམ་རིག་བྱུང་རྗེས་མཆོད་ཁང་ལ་བཞུགས་སུ་རུང་བའི་བརྩམས་ཆོས་ཡོད་པ་མ་ཟད། མི་བུ་ཕལ་བ་ཚོས་རང་འདོད་དུ་བལྟར་རུང་བའི་བརྩམས་ཆོས་ཀྱང་མང་དུ་བྱུང་ཡོད། བརྩམས་ཆོས་དང་ཀློག་པ་པོའི་གོ་གནས་འདྲ་མཉམ་བྱུང་འདུག་པས། ཀློག་པ་པོས་འདྲ་མཉམ་གྱི་སེམས་ཁམས་ཀྱིས་བརྩམས་ཆོས་གང་དེའི་དགེ་སྐྱོན་སོགས་ལ་གདེང་འཇོག་བྱ་ནུས་པར་གྱུར་ཡོད།
           མདོ་འཛིན་པ། རེད། དགེ་རྒན་གྱིས་གོང་ནས་གསུང་པ་བཞིན། དེང་རབས་རྩོམ་རིག་དར་བ་ནས་བཟུང་བོད་ཀྱི་ཀློག་པ་པོ་དང་བརྩམས་ཆོས་ཀྱི་བར་ཐག་ཇེ་ཉེར་སོང་བ་དང་། བརྩམས་ཆོས་ཀྱི་བརྗོད་བྱ་མི་རིགས་ཀྱི་འཚོ་བར་ཁ་ཐག་ཇེ་ཉེར་སོང་ཚུལ་སོགས་ཀྱི་དགེ་མཚན་ཡོད་འདུག དེ་ན་ད་སྐབས་ལ་མཚོན་ན། དེང་རབས་རྩོམ་རིག་གི་གནས་བབ་ཇི་འདྲ་ཡིན་ནམ། རྒན་ལགས་ཀྱིས་དེའི་སྐོར་ནས་གཅིག་གསུང་རོགས།
           བཀྲ་བྷ། བོད་ལ་དེང་རབས་རྩོམ་རིག་དར་བ་ནས་བཟུང་། བོད་ཀྱི་རྩོམ་རིག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་བཤད་ཆོག་སྟེ། གཅིག་ནས་རྩོམ་པ་པོའི་དཔུང་སྡེ་ཆགས་པ་དང་། གཉིས་ནས་བརྩམས་ཆོས་མང་པོ་བྱུང་ཡོད་ལ། དེ་མིན་རྩོམ་རིག་དང་རྩོམ་རིག་ཞིབ་འཇུག་སྐོར་གྱི་དུས་དེབ་ཀྱང་མང་པོ་བྱུང་ཡོད་པས། དེང་རབས་རྩོམ་རིག་ལ་གྲུབ་འབྲས་ཡུར་དུ་ཟ་བ་བྱུང་ཡོད། འོན་ཀྱང་། རང་གི་རྩོམ་རིག་འཕེལ་རྒྱས་འགྲོ་བར་རང་གི་རྩོམ་རིག་གི་སྐྱོན་ཤེས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པས། ངས་དེང་རབས་རྩོམ་རིག་གི་གནས་བབ་གླེང་བའི་གོ་རིམ་ཁྲོད་ཡོན་ཏན་ཉུང་བརྗོད་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་སྐྱོན་གཙོར་བཟུང་ནས་བཤད།
           སྤྱིར་བོད་ནི་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་པས། ཀྲུང་གོའི་ནང་ལོགས་སུའང་བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་མང་ལ། ད་དུང་སློབ་སྦྱོང་དང་ཞིབ་འཇུག་བྱ་འདོད་མཁན་ཇེ་མང་དུ་འགྲོ་བཞིན་འདུག འོན་ཀྱང་བོད་ཀྱི་རྩོམ་རིག་གི་གྲུབ་ཆར་གྱུར་བའི་དེང་རབས་རྩོམ་རིག་གིས་རིག་གནས་སྤྱི་ལྟ་བུའི་གོ་གནས་ཤིག་ཟིན་མི་འདུག འདི་གནད་དོན་གཅིག་རེད། གཞན་ཡང་། བོད་དང་བོད་ཀྱི་རིག་གནས་འདི་ལ་ཕྱི་གླིང་གི་རྒྱལ་ཁབ་དང་སློབ་གྲྭ་སོ་སོར་ཞིབ་འཇུག་ཁང་བཙུགས་ནས་སློབ་སྦྱོང་དང་ཞིབ་འཇུག་ཤུགས་ཆེན་བྱེད་ཀྱིན་འདུག་མོད། ཁོ་ཚོས་སློབ་སྦྱོང་དང་ཞིབ་འཇུག་བྱ་ཡུལ་བོད་ཀྱི་ཆོས་ལུགས་དང་ལོ་རྒྱུས། དམངས་སྲོལ་སོགས་ཡིན་པ་ལས། རྩོམ་རིག་བོད་ཀྱི་རིག་གནས་གཞན་དག་ལྟར་ཕྱིར་འགྲོ་ཐུབ་ཀྱི་མི་འདུག
           བོད་ཀྱི་རིག་གནས་གཞན་དག་རྒྱལ་ཁབ་ཕྱི་ནང་ལ་དར་ཆེ་དུས་རྩོམ་རིག་དེ་བཞིན་བྱུང་མེད་པ་འདི་བསམ་བློ་གཏོང་དགོས་པའི་གནད་ཅིག་རེད་འདོད། ང་རང་གིས་བསམས་ན། གཅིག་ནས་རྩོམ་པ་པོའི་དཔུང་སྡེར་གནད་དོན་འདི་འདྲ་ཞིག་འདུག་སྟེ། བོད་ཀྱི་རྩོམ་པ་པོ་མང་པོས་གཞོན་དུས་རྩོམ་རིག་གསར་རྩོམ་བྱེད་ཅིང་དར་མའི་དུས་སུ་ཞིབ་འཇུག་དང་འགོ་ཁྲིད་ཀྱི་ལས་ལ་གཞོལ་ནས་གསར་རྩོམ་གྱི་ལས་ཀ་སྐྱུར་འགྲོ་བཞིན་འདུག་པས། བོད་ལ་ནར་སོན་པའི་རྩོམ་པ་པོ་ཉུང་བའི་གནད་དོན་བྱུང་འདུག རྩོམ་རིག་གསར་རྩོམ་ནི་ན་གཞོན་ཚོའི་ལས་ཀར་འདོད་པའི་བསམ་བློ་འདིས་རྩོམ་རིག་འཕེལ་རྒྱས་འགྲོ་བར་བཀག་རྒྱ་བཟོ་བཞིན་འདུག
           གཉིས་ནས་བོད་ཀྱི་དེང་རབས་རྩོམ་རིག་གིས་རྒྱ་རིགས་ཀྱི་དེང་རབས་རྩོམ་རིག་དགེ་རྒན་ལ་བསྟེན་ཡོད་ལ། རྒྱ་རིགས་ཀྱི་དེང་རབས་རྩོམ་རིག་གིས་ནུབ་གླིང་བ་དགེ་རྒན་ལ་བསྟེན་ཡོད་པས། བོད་ཀྱི་དེང་རབས་རྩོམ་རིག་གིས་རྒྱ་རིགས་དང་ནུབ་གླིང་ལ་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་ནས་རང་གི་རིན་ཐང་ལྟ་བ་སོགས་མང་པོ་ཞིག་བོར་འདུག ཕྱོགས་ངེས་ཅན་ཞིག་ནས་བཤད་ན། བོད་ཀྱི་དེང་རབས་རྩོམ་རིག་གིས་བོད་རིགས་བོར་ཡོད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མེད། ང་ཚོས་རྒྱ་ནག་དང་ཕྱི་གླིང་ལ་སློབ་སྦྱོང་བྱས་པ་རེད། འོན་ཀྱང་དེ་ཚོའི་ཆུ་ཚད་ལྟ་བུ་ཞིག་ཀྱང་བྱུང་མ་ཐུབ་པས། དེ་ཚོས་བོད་ཀྱི་རྩོམ་རིག་ལ་དང་དོད་ཆེར་མ་བྱས་པ་རེད་ལ། གསར་རྩོམ་ཐད་ཀྱི་གནད་དོན་འདི་ནི་གནད་དོན་ཆེ་ཤོས་ཤིག་རེད་འདོད།
           གསུམ་པ་གཞུང་ལུགས་ཀྱི་ཆ་ནས་ཕྱི་རྒྱལ་གྱི་གཞུང་ལུགས་ཇི་མ་ཇི་བཞིན་བླངས་ནས་ཨུ་ཚུགས་ཀྱིས་རང་གི་གཞུང་ལུགས་སུ་བྱས་པ་རེད། ཕྱི་གླིང་གི་གཞུང་ལུགས་ནི་ཁོ་ཚོའི་མི་རིགས་ཀྱི་རིག་གནས་དང་། སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ། དཔལ་འབྱོར་གྱི་གནས་ཚུལ་རྨང་གཞིར་བྱས་ནས་བསྒྲིགས་པ་ཞིག་ཡིན་པས། དེ་བོད་ལ་མཚོན་ན་མཚམས་མིན་བཤད་དཀའ། འདི་ཡང་གནད་དོན་ཆེན་པོ་ཞིག་རེད། ང་རང་གིས་བསམས་ན། བོད་ཀྱི་རྩོམ་རིག་འཕེལ་རྒྱས་འགྲོ་བར་གཞན་ལ་སློབ་སྦྱོང་བྱས་ནས་དེའི་ལེགས་ཆ་ལེན་པ་དང་རང་ཉིད་ཀྱི་ཁྱད་ཆོས་དང་ཟུང་དུ་འབྲེལ་ན། བོད་ཀྱི་རྩོམ་རིག་ཀྱང་གཞི་ནས་བོད་ཀྱི་རིག་གནས་དང་དཔུང་བ་མཉམ་གཤིབ་ཀྱིས་ཕྱི་ལ་འགྲོ་ཐུབ་པར་འདོད། དེ་མ་ཡིན་པར་ལད་མོ་རྐྱང་རྐྱང་བྱས་ན་ཡོང་ས་མ་རེད། དཔེར་ན། སྔ་མོའི་དུས་སུ་ཕྱི་གླིང་གི་རྩོམ་སྟེགས་སུ་སྒྱུ་འཁྲུལ་དངོས་ཡོད་རིང་ལུགས། འཆར་ཡན་རིང་ལུགས་ལྟ་བུ་རིང་ལུགས་སྣ་ཚོགས་ཤིག་བྱུང་ཡོད་པ་དག་ནི་ཁོ་ཚོའི་སྔ་མོའི་དུས་ཀྱི་རྩོམ་འབྲི་སྟངས་ཤིག་ཡིན་པས། ཁོ་ཚོས་བསྐྱུར་ཟིན་མོད། ང་ཚོས་ད་དུང་རིང་ལུགས་དེ་ཚོར་དཔེར་བརྗོད་བཞག་ནས་བསྡད་འདུག གཞན་གྱིས་དོར་ཟིན་པར་དཔེར་བརྗོད་བཞག་ན་གཞན་གྱིས་དང་ལེན་བྱ་སྲིད་པ་མ་རེད། གཞན་ཡང་། རིང་ལུགས་ཟེར་དུས་ཡ་མཚན་པ་ཞིག་ཏུ་འདོད་ནས་སྐྲག་གིན་འདུག་མོད། དོན་དངོས་སུ་རིང་ལུགས་ཞེས་པའང་སྙན་ངག་མེ་ལོང་མའི་རྒྱན་ལྟ་བུར་གོ་བ་བླངས་ཆོག རང་ཚུགས་མ་ཐུབ་པར་ཕྱི་རྒྱལ་ལ་སློབ་སྦྱོང་བྱ་རྒྱུ་མང་དྲག་པ་འདིའང་དེང་སྐབས་ཀྱི་གནད་དོན་ཆེན་པོ་ཞིག་ཏུ་འདོད་ཡོད།
           དེ་མིན། བོད་ཀྱི་རྩོམ་པ་པོ་ཚོས་བསམ་བློ་དང་སྐད་ཆ་གསར་པ་ཞིག་ལ་སྙེག་གིན་རང་གི་སྲོལ་རྒྱུན་གྱི་ལེགས་ཆ་དག་སྤངས་འདུག བོད་ཀྱི་རྩོམ་པ་པོའི་སྡེར་བོད་ཀྱི་སྲོལ་རྒྱུན་གྱི་གསུང་རྩོམ་གལ་ཆེན་དག་ལན་གྲངས་མང་པོར་མཇལ་མྱོང་མཁན་ཉུང་བ་འདྲ།
           མདོ་འཛིན་པ། གོང་དུ་རྒན་ལགས་ཀྱིས་རྩོམ་རིག་གསར་པའི་གནས་བབས་གསུངས་སོང་། རྒན་ལགས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་བསམ་བློ་གཏོང་སྟངས་དང་མཛེས་དཔྱོད་ལྟ་བ་སོགས་ཀྱི་འཕེལ་ཕྱོགས་ཅི་ལྟ་བུ་ཞིག་ཡིན་དགོས་མིན་སྐོར་གསུང་རོགས།
           བཀྲ་བྷ། གོང་ནས་བཤད་པ་བཞིན། བོད་ཀྱི་དེང་རབས་རྩོམ་རིག་གིས་གཞན་ལ་ལད་མོ་བྱེད་པའམ་གཞན་གྱི་རྗེས་འབྲངས་པའི་གོ་རིམ་ཁྲོད་བོད་རང་ཉིད་བོར་བའི་གནས་ཚུལ་ལྷག་འདུག འབྱུང་འགྱུར་ལ་མི་རིགས་དང་རྒྱལ་ཁབ་གཞན་ལ་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད། གཞན་ལ་ཅི་ཞིག་ཡོད་པ་དང་རང་ལ་ཅི་ཞིག་མཁོ་བ་གསལ་པོར་ཤེས་རྒྱུ་ཧ་ཅང་གལ་ཆེ། རྒྱ་རིགས་དང་ཕྱི་རྒྱལ་གྱི་རྩོམ་པ་པོ་རྣམས་ལ་ཅི་ཞིག་ཡོད་པ་དང་བོད་རང་ཉིད་ལ་ཅི་ཞིག་མཁོ་བ་དེ་ཤེས་ན་ད་གཟོད་སྙིགས་དོར་བཅུད་ལེན་གྱིས་གཞན་གྱི་ལེགས་ཆ་བསྡུ་ལེན་བྱ་ཐུབ།
           གཅིག དེ་ན་ང་ཚོས་མི་རིགས་ཀྱི་བསམ་བློ་གཏོང་སྟངས་དང་མི་རིགས་ཀྱི་མཛེས་དཔྱོད་ལྟ་བ། མི་རིགས་ཀྱི་དུས་ཚོད་འདུ་ཤེས་གསུམ་རྟོགས་ཐུབ་རྒྱུ་ཧ་ཅང་གལ་ཆེ། དཔེར་ན། བོད་ཀྱི་མཛེས་དཔྱོད་ལྟ་བ་རང་བྱུང་གི་མཛེས་དཔྱོད་ལྟ་བ་རེད། ཕོ་བྲང་པོ་ཏ་ལ་ལྟ་བུ་རིའི་རང་བྱུང་གི་ཆགས་དབྱིབས་ལྟར་རང་བཞིན་གྱིས་བརྩིགས་པ་ལས་གཡས་གཡོན་ཆ་འགྲིག་ཏུ་བརྩིགས་མེད། རྒྱ་རིགས་ལ་མཚོན་ན་དོ་མཉམ་པའི་མཛེས་དཔྱོད་ལྟ་བ་ཡིན་ཏེ། ཁང་པ་ཞིག་བརྩིགས་ནའང་གཡས་གཡོན་ཆ་འགྲིག་པར་བྱེད། ང་ཚོའི་མཛེས་དཔྱོད་ལྟ་བ་རང་བྱུང་གི་མཛེས་དཔྱོད་ལྟ་བ་ཡིན་བཞིན་དུ་དོ་མཉམ་པའི་མཛེས་དཔྱོད་ལྟར་བརྩིག་ཏུ་མི་རུང་། འདི་ཡང་ང་ཚོས་ལད་མོ་བྱེད་པའི་གོ་རིམ་ཁྲོད་བྱུང་བའི་ནོར་འཁྲུལ་ཞིག་རེད།
           གཉིས་ནས། དབྱངས་འགྲོས་ཀྱི་ཐད་ནས་སྐྱོན་བྱུང་བ་རེད། གླུ་དབྱངས་ལ་དབྱངས་འགྲོས་ཡོད་པ་མ་ཟད་རྩོམ་རིག་ལའང་དབྱངས་འགྲོས་ཡོད། སྙན་ངག་ལ་དབྱངས་འགྲོས་ཡོད་པ་མ་ཟད་སྒྲུང་གཏམ་ལའང་དབྱངས་འགྲོས་འདུག བོད་ལ་མཚོན་ན་བོད་རང་གི་དབྱངས་འགྲོས་དང་སོག་པོར་མཚོན་ན་སོག་པོར་མཐུན་པའི་དབྱངས་འགྲོས་ཡོད་ལ། ཡུ་གུར་རིགས་ལ་མཚོན་ན་ཡུ་གུར་རིགས་ཀྱི་དབྱངས་འགྲོས་ཡོད། ང་ཚོས་སོག་པོའི་གླུ་དབྱངས་ལ་ཉན་སྐབས་ཁོད་ཡངས་པའི་རྩྭ་ཐང་ན་འགྲོ་བའི་སྣང་བ་སྟེར་ལ། ང་ཚོའི་གླུ་དབྱངས་ལ་ཉན་ན་རི་མཐོ་ལ་གཟར་བརྒྱུད་པའི་སྣང་བ་སྟེར། ཡུ་གུར་གྱི་འདར་སྒྲ་མང་པའི་གླུ་དབྱངས་ཀྱིས་ཀྱང་བྱེ་ཐང་ན་ཤིང་རྟ་འཁོར་ལོ་བགྲོད་པ་ལྟ་བུའི་སྣང་བ་སྦྱིན་འོང་། མི་རིགས་སོ་སོར་རང་གི་དབྱངས་འགྲོས་རེ་ཡོད་པས། ང་ཚོས་རྩོམ་འབྲི་སྐབས་རང་མི་རིགས་ཀྱི་དབྱངས་འགྲོས་ལྟར་འབྲི་བ་ལས་རྒྱ་དང་ཕྱི་རྒྱལ་བའི་དབྱངས་འགྲོས་ལྟར་འབྲི་མི་རུང་སྟེ། དེའང་བོད་ཀྱི་སྐོར་བྲོ་ཕྱི་རྒྱལ་གྱི་དབྱངས་འགྲོས་ལ་སྦྱར་ནས་འཁྲབ་ཏུ་མི་རུང་བ་ལྟ་བུ་རེད། དེ་བས། བོད་ཀྱི་རྩོམ་རིག་གིས་ཕྱི་གླིང་ལ་སློབ་སྦྱོང་བྱ་དགོས་པ་ཟད། སླར་བོད་རང་གི་བཙན་པོའི་སྐབས་ཀྱི་མགུར་གླུ་དང་བོན་གྱི་ཆོ་ག་སོགས་ཁྲོད་ཀྱི་དབྱངས་འགྲོས་དག་རྒྱུད་འཛིན་བྱ་རྒྱུ་གལ་ཆེ། བོད་ཀྱི་རྩོམ་རིག་གིས་རང་གི་ཁྱད་ཆོས་བཟུང་ཞིང་གཞན་གྱི་ལེགས་ཆར་སློབ་སྦྱོང་བྱ་ཐུབ་ན། རང་གཞན་གཉིས་ཀྱི་ཁྱད་ཆོས་ལྡན་ཞིང་རིན་ཐང་ལྡན་པ་ཞིག་ཡོད་སྲིད་འདོད།
           རྩོམ་རིག་གི་བརྗོད་བྱ་དང་ཁ་གཏོད་ས་སྤྱི་ཚོགས་ཡིན་ལ། དེ་བཞིན་བོད་ཀྱི་རྩོམ་རིག་གི་བརྗོད་བྱ་དང་ཁ་གཏོད་ས་བོད་ཀྱི་སྤྱི་ཚོགས་ཡིན་པས། བོད་ཀྱི་འཚོ་བ་འབྲི་སྐབས་བོད་རང་གི་ཁྱད་ཆོས་ཡོད་པའི་རྩོམ་སྟངས་དང་ཐབས་སྤྱོད་མ་ཐུབ་ན་རྩོམ་དེའང་བོད་དང་མཐུན་པའི་རྩོམ་ཞིག་ཡོང་དཀའ།
           མདོ་འཛིན་པ། གོང་དུ་རྒན་ལགས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཀྱི་ལམ་ཁར་དོ་སྣང་དང་བླང་དོར་བྱ་དགོས་ས་གང་དག་ཡོད་མིན་སྐོར་གསུང་སོང་། དེང་སྐབས་བོད་ཀྱི་རྩོམ་པ་པོའི་སྡེར་བོད་ལ་རྩོམ་རིག་གཞུང་ལུགས་བྱུང་ཡོད་མེད་དང་། སྙན་ངག་མེ་ལོང་མ་རྩོམ་རིག་གཞུང་ལུགས་ལ་འདོད་མིན་སོགས་ཀྱི་འདོད་ཚུལ་འདྲ་མིན་སྣ་ཚོགས་འདུག བོད་ལ་རྩོམ་རིག་གཞུང་ལུགས་ཆ་ཚང་ཞིག་བྱུང་ཡོད་མེད་སྐོར་ལ་རྒན་ལགས་ཀྱི་འདོད་ཚུལ་གསུང་རོགས།
           བཀྲ་བྷ། ད་ལྟའི་མཁས་པ་སོ་སོར་བསམ་ཚུལ་འདྲ་མིན་སྣ་ཚོགས་འདུག ང་རང་ཉིད་ཀྱི་བསམ་ཚུལ་ལྟར་ན། ད་སྔ་བོད་ལ་རྩོམ་རིག་ལ་གཞུང་ལུགས་ཆ་ཚང་ཞིག་མེད་མོད། བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་གཞུང་ལུགས་ཆ་ཚང་ཞིག་ཡོད། དེང་བོད་ལ་སྒྲུང་གཏམ་དང་ལྷུག་རྩོམ། འཁྲབ་གཞུང་རྩོམ་རིག་སོགས་གསར་དུ་དར་བས་ན་སྙན་ངག་མེ་ལོང་མས་འདི་དག་གི་གཞུང་ལུགས་ཀྱི་གནད་དོན་ཐག་གཅོད་བྱ་མི་ཐུབ་པས། གཞུང་ལུགས་གསར་པ་ཞིག་གཟུག་དགོས་བྱུང་འདུག
           ད་སྐབས་སློབ་གྲྭ་སོ་སོར་བརྩམས་སྒྲུང་དང་ལྷུག་རྩོམ། འཁྲབ་གཞུང་སོགས་ཀྱི་གཞུང་ལུགས་འགྱུར་མ་ཆ་ཚང་ཞིག་བཀོད་འདུག་མོད། འདི་དག་ནི་ཕྱི་གླིང་བས་ཁོ་ཚོའི་རྩོམ་རིག་ལག་ལེན་གྱི་ཉམས་མྱོང་ཁྲོད་ཕྱོགས་བསྡོམས་བྱས་པ་དག་ནང་འདྲེན་བྱས་པ་འབའ་ཞིག་ཡིན་པ་ལས་བོད་ཀྱི་གསར་རྩོམ་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་བྱུང་བ་མིན་པས། གཞུང་ལུགས་འདི་དག་གིས་བོད་ཀྱི་རྩོམ་རིག་གི་གནད་དོན་མང་པོ་ཞིག་ཐག་ཆོད་ཀྱི་མི་འདུག ངའི་བསམ་པར་ད་ཆ་རྩོམ་འབྲི་བཞིན་པའི་རྩོམ་པ་པོ་དག་གིས་རང་གི་རྩོམ་བྲིས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་རྩོམ་པ་པོ་དག་གི་གསར་རྩོམ་རྨང་གཞིའི་སྟེང་ཕྱི་རྒྱལ་ལ་སློབ་སྦྱོང་གིས་བོད་ཀྱི་རྩོམ་རིག་གཞུང་ལུགས་ཤིག་བསྒྲིགས་ཐུབ་ན་ལེགས་པར་འདོད།
           མདོ་འཛིན་པ། ད་སྐབས། སྲོལ་རྒྱུན་གྱི་ཚིགས་བཅད་སྙན་ངག་གི་ཆ་ཡ་སྡེབ་སྟངས་སོགས་ཀྱི་རྩོམ་པ་པོའི་སེམས་ཀྱི་འགྱུར་བ་དང་བསམ་བློ་མཚོན་པ་སོགས་ལ་རྗོད་བྱེད་ཀྱི་ཆ་ནས་བཀག་རྒྱ་ཐེབས་པའི་འདོད་ཚུལ་འདུག དགེ་རྒན་ལ་འདིའི་ཐད་ལ་བསམ་ཚུལ་ག་འདྲ་འདུག
           བཀྲ་བྷ། ད་སྐབས་ཀྱི་རྩོམ་པ་པོའི་སྡེར་སྲོལ་རྒྱུན་ལ་ཕྱོགས་མཁན་དང་དེང་རབས་ལ་ཕྱོགས་མཁན་རིགས་གཉིས་འདུག་ལ། རང་གང་ལ་དགའ་ན་དེས་ཕྱོགས་གཞན་དེར་དགག་རྒྱག་བྱེད་ཀྱིན་འདུག ང་རང་གི་བསམ་པར་ཆ་ཡ་སྡེབ་སྟངས་ཀྱིས་རང་གི་སེམས་ཀྱི་འགྱུར་བ་མཚོན་ཐུབ་མིན་དེ་རྩོམ་པ་པོའི་ཆུ་ཚད་དང་འབྲེལ་བ་ཨེ་ཡོད་འདོད།
           སྔོན་བྱོན་མཁས་ཆེན་དག་གིས་ཚིག་བཅད་ལ་བསྟེན་ནས་རང་གི་སེམས་འགྱུ་སོགས་སྒྱུ་རྩལ་དང་ལྡན་པའི་སྒོ་ནས་ལྷུག་པོར་མཚོན་ཐུབ་འདུག་པས་ན། རང་གིས་ནང་སེམས་མཚོན་ཐུབ་མིན་དེ་རྩོམ་པ་པོའི་ཆུ་ཚད་དང་འབྲེལ་བ་ཨེ་ཡོད་འདོད། ཚིག་གི་རྐང་བ་བཅད་པས་རྩོམ་གཤིས་དང་སྒྱུ་རྩལ་ཉམས་འགྲོ་བ་ཞིག་གཏན་ནས་མ་རེད།
           དཔེར་ན། སྒིས་སྟེང་བློ་བཟང་དཔལ་ལྡན་དང་རྡོ་སྦིས་དགེ་བཤེས། དགེ་འདུན་ཆོས་འཕེལ་གསུམ་དུས་སྐབས་གཅིག་ལ་བྱུང་བ་ཡིན་པ་མ་ཟད། ཁོང་གསུམ་པོ་དགེ་ལུགས་པའི་ཆོས་ལུགས་མི་སྣ་ཡིན་པའང་འདྲ་མོད། ཁོང་གསུམ་གྱི་མི་གཤིས་དང་རྩོམ་གཤིས་ཁ་ཁ་སོ་སོ་རེད་འདུག རྡོ་སྦིས་དགེ་བཤེས་ཚང་གི་རྦབ་ཆུ་གཡང་ལས་འབབ་འདྲའི་སྙན་ངག་དང་། སྒིས་སྟེང་གི་སྐྱེད་མོས་ཚལ་གྱི་ལྷིང་འཇགས་དང་ཡིད་འོང་གི་རྣམ་པ་བྲིས་པའི་སྙན་ངག དགེ་འདུན་ཆོས་འཕེལ་གྱི་གནས་ལུགས་གོ་བདེར་བརྗོད་པའི་སྙན་ངག་གང་ཞིག་ཡིན་ཡང་། སོ་སོས་རྩོམ་གཤིས་དང་ལྡན་པའི་ངང་ནས་སོ་སོའི་སེམས་འགྱུ་དང་མཛེས་དཔྱོད་དག་ཁྱད་ཆོས་དང་ལྡན་པར་ལྷུག་པར་བརྗོད་འདུག མཁས་ཆེན་འདི་དག་གིས་སྲོལ་རྒྱུན་རྩོམ་ལུས་ཀྱིས་བྲིས་པར་བཀག་རྒྱ་བྱུང་མི་འདུག་པས་ན། ཁྱོད་ཀྱིས་རྩོམ་ལུས་ཀྱིས་བཀག་རྒྱ་ཐེབས་ཟེར་བ་དེ་རང་གི་ཡོན་ཚད་དང་འབྲེལ་བ་ཨེ་ཡོད་འདོད།
           སྔོན་ཆད་བན་བོན་དང་ས་དགེ་རྙིང་གསུམ་སོགས་ཀྱིས་གྲུབ་མཐའ་བརྩད་པ་བཞིན་དེང་སྐབས་རྩོམ་རིག་གི་གྲུབ་མཐའ་རྩོད་ཀྱིན་པ་འདི་གུ་ཡངས་སུ་འཇོག་པ་ལས། རང་ཉིད་མ་དགའ་བ་ཙམ་གྱིས་གཞན་པ་དགའ་ས་གང་དེར་ངན་བཤད་པའི་དགོས་པ་མི་འདུག ཁྱོད་དགའ་ས་ཡང་དག་པའི་ངེས་པ་གཏན་ནས་མེད་ལ་གཞན་དགའ་ས་མི་འགྲིག་པའི་ངེས་པའང་གཏན་ནས་མེད་པས། རྩོམ་པ་པོ་དང་ཀློག་པ་པོ་སྣ་མང་ཅན་དུ་གྱུར་ན་འགྲིག་འདོད། གཞན་ཡང་། དེང་རབས་དང་སྲོལ་རྒྱུན་ཞེས་པ་དུས་ཀྱིས་དབྱེ་དགོས་པས། དེ་རིང་གི་དེང་རབས་འདི་ལོ་བརྒྱའི་རྗེས་སུ་སྲོལ་རྒྱུན་དུ་འགྱུར་འགྲོ་བ་སྨྲ་མེད་རེད།
           མདོ་འཛིན་པ། ཁྱེད་ཚོ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིག་འཇུག་གླིང་གི་དགེ་རྒན་ཚོའི་ཆ་ནས་དེང་རབས་རྩོམ་རིག་ཐད་བསྒྲུབ་དགོས་རྒྱུའི་དོན་དང་འཆར་གཞི་ཅི་ཡོད་སྐོར་གསུང་རོགས།
           བཀྲ་བྷ། ཀྲུང་དབྱང་མི་རིགས་སློབ་ཆེན་ལ་མཚོན་ན། དངོས་གཞི་དང་ཤེས་རམས་པ། འབུམ་རམས་པ་བཅས་རིམ་པ་གསུམ་ཡོད། དངོས་གཞིའི་ཆེད་ལས་སྐད་བརྡ་རྩོམ་རིག་ཡིན་ལ། ཤེས་རམས་པར་ཡང་རྩོམ་རིག་གི་ཆེད་ལས་ཡོད། འབུམ་རམས་པར་མིག་སྔར་རྩོམ་རིག་ཁ་ཕྱོགས་ཀྱི་དགེ་རྒན་མེད་པས་རྩོམ་རིག་ཆེད་ལས་ཀྱི་སློབ་མ་མེད། ད་ལྟ་རྩོམ་རིག་སློབ་གསོའི་ཐད་ནས་བཤད་ན། ང་རང་ཉིད་སྒྲུང་གཏམ་འབྲི་མཁན་ཡིན་པས་སྒྲུང་གཏམ་གསར་རྩོམ་ཞེས་པའི་འདེམས་སྦྱོང་སློབ་ཚན་ཞིག་ཕྱེས་ཡོད། འདིའི་ནང་ནས་རྩོམ་རིག་ལ་དགའ་བའི་སློབ་མ་འགའ་རེ་རྩོམ་པ་པོར་སྐྱེད་སྲིང་བྱ་ཨེ་ཐུབ་འདོད་ཡོད། གཞན་ཡང་། འཁྲབ་གཞུང་རྩོམ་པ་པོ་འགའ་རེས་གློག་བརྙན་འཁྲབ་གཞུང་སྐོར་གྱི་འདེམས་སྦྱོང་སློབ་ཚན་ཞིག་ཀྱང་ཕྱེས་ཡོད། དེ་ཚོའི་ཁྲོད་ནས་མ་འོངས་པར་གློག་བརྙན་འཁྲབ་གཞུང་འབྲི་མཁན་རེ་འགའ་སྐྱེད་སྲིང་བྱ་ཨེ་ཐུབ་ལ་རེ་ཡོད། ངེད་སློབ་གླིང་ནས་མཐར་ཕྱིན་པའི་སློབ་མའི་ཁྲོད་སྦྲང་ཆར་སོགས་སུ་བརྩམས་སྒྲུང་འབྲི་མཁན་འགའ་རེ་ཡོད་ལ། ད་དུང་འདིའི་ཐད་ལ་ཧུར་བརྩོན་བྱེད་བཞིན་པའང་འགའ་རེ་ཡོད། འོན་ཀྱང་སློབ་མ་འགའ་རེ་རྩོམ་རིག་ལ་སྤྲོ་བ་མེད་པས་བསམ་བཞིན་སྐྱེད་སྲིང་བྱ་སར་ཡང་འགྲོ་ཡི་མི་འདུག
           ཕྱོགས་གཞན་ཞིག་ནས། ད་སྐབས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་ཞིབ་འཇུག་ཐད་ཀྱི་དཔལ་འབྱོར་གྱི་ཆ་རྐྱེན་ཅུང་ལེགས་པོ་ཡོད་པས། ང་ཚོས་ཀྱང་གོ་སྐབས་དམ་འཛིན་གྱིས། བོད་ཀྱི་དེང་རབས་རྩོམ་རིག་དང་སྲོལ་རྒྱུན་རྩོམ་རིག་སྐོར་གྱི་དེབ་ཁ་ཤས་སྤེལ་ཡོད་ལ། འབྱུང་འགྱུར་ལའང་མུ་མཐུད་ནས་གདོན་འཆར་ཡོད། གཞན་ཡང་། བོད་ཀྱི་རྩོམ་པ་པོ་དག་གི་བརྩམས་ཆོས་ཀྱི་དཔེ་ཚོགས་ད་སྔོན་སྤེལ་མྱོང་ལ། ད་དུང་མུ་མཐུད་དུ་སྤེལ་འཆར་ཡོད།
           ང་རང་སྟེང་ནས་དགའ་ཕྱོགས་བརྩམས་སྒྲུང་ཡིན་པས། བོད་ཀྱི་བསང་ཡིག་དང་གནས་བཤད་སོགས་ཕྱོགས་བསྡུས་བྱས་ནས། བོད་ཀྱི་སྲིད་པ་ཆགས་པ་ནས༡༩༥༩བར་གྱི་ལྷ་སྒྲུང་སྐོར་གྱི་བརྩམས་སྒྲུང་རིང་གྲས་ཤིག་འབྲི་བར་འབད་སྒང་ཡིན། གོང་དུ་བཤད་པ་ལྟར། སྤྱིར་རྩོམ་པ་པོ་ཞིག་གིས་རྩོམ་བྲིས་ནས་བསྡད་ན་འགྲིག་མོད། བོད་ཀྱི་གནས་ཚུལ་དམིགས་བསལ་བ་ཡིན་རྐྱེན། ངས་རང་གི་རྩོམ་འབྲིའི་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ་ཞེས་པའི་དེབ་ཅིག་སྒྲིག་གྲབས་བྱེད་སྒང་ཡིན།
           མདོ་འཛིན་པ། རེད། བརྩེ་ལྡན་གྱི་ལྟ་མཁན་གྲོགས་པོ་ལྷན་རྒྱས། གོང་དུ་དགེ་རྒན་གྱིས་གསུང་བ་བཞིན་རྩོམ་སྟངས་ཀྱི་ཆ་ནས་ཅུང་ཙམ་གུ་ཡངས་པ་དང་རང་དབང་བའི་སྒོ་ནས་འཕེལ་རྒྱས་ལ་སོང་ན་ཡག་པོ་རེད། ཡིན་ཡང་ང་ཚོས་ཕ་མེས་ཡང་མེས་ནས་རྒྱུད་ཡོང་བའི་སྲོལ་རྒྱུན་རྒྱུད་འཛིན་གྱི་རྨང་གཞིའི་སྟེང་ནས་རྩོམ་སྟངས་གསར་པ་དང་ལེན་བྱས་ན་ཡག་པོ་རེད་འདོད་གི། དུས་ཚོད་ཀྱི་དབང་གིས་དེ་རིང་གི་ལེ་ཚན་གཏོང་མཚམས་འདི་ནས་འཇོག བདེ་མོ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716