སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ནོར་རྫི་བྱིས་པ།
སྤེལ་དུས། 2017-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྟག་འབུམ་རྒྱལ།
          ང་རང་ལ་ཚ་བ་རྒྱས་པའི་ཉིན་དེར་། ཨ་ཕས་དཔྲལ་གཉེར་བསྡུས་ཏེ་བསམ་བློ་ཡུན་རིང་བཏང་མཐར་ཧ་ཅང་དུང་བའི་མིག་གཉིས་གས་ངའི་གདོང་ལ་ཞིབ་ལྟ་བྱེད་བཞིན་དེ་རིང་ཁྱོད་ཀྱིས་ཡུལ་ནས་ངལ་གསོས་ཤིག་ནོར་རྫིར་འགྲོ་མི་དགོས་ཟེར། ང་རང་དེང་ཐོག་ཅུང་ཟད་ཡིད་མི་ཆེས་པར་གྱུར་ཏེ་ཨ་ཕའི་གདོང་ལ་བལྟས་ཏེ་སྡོད་དགོས་བྱུང་། དོན་དངོས་ནས་བཤད་ན་ཨ་ཕའི་མིག་མདངས་དེར་ང་ལ་ཧ་ཅང་རྒྱུས་མངའ་ཟབ་མོ་ཡོད་དེ། མིག་མདངས་དེར་རང་ཉིད་ཀྱི་བུ་གཅིག་པུ་བདེ་བླག་ངང་མྱུར་དུ་འཚར་ལོངས་འབྱུང་བ་དང་མི་འདོད་པའི་བར་ཆད་ཅི་ཡང་མི་འབྱུང་པའི་ རེ་བ་དང་སྨོན་ལམ་གྱིས་ཁེངས་ཡོད་པ་རེད། ངས་ཨ་ཕའི་མིག་མདངས་དེ་མཐོང་ཐེངས་རེར་སེམས་གཏིང་ནས་སྐད་ཆས་མཚོན་ཐབས་མེད་པའི་བརྩེ་དུང་ཤུགས་དྲག་པོ་ཞིག་མཚོ་ལྟར་འཕྱུར་ཡོང་ལ་དེ་དང་ལྷན་དུ་རང་ཉིད་ཀྱང་བྱིས་པ་ལས་ཆེན་ཞིག་ཡིན་པའི་འདུ་ཤེས་ཤིག་ཀྱང་ལུས་ཀྱི་རྩ་ལམ་ཀུན་ཏུ་ཁྱབ་ཅིང་འོང་། ང་རང་སེམས་འགུལ་ཐེབས་པའི་ངང་ང་ལ་ཚ་བ་ཙམ་སྐྱེས་པ་ལ་སྐྱོན་ཅི་ཡོད། ང་རང་མ་སོང་ན་ནོར་རྫི་མེད་པས་ག་ལ་རུང་ཟེར་སྙམ་ཡང་མགྲིན་པ་བརྣངས་པར་གྱུར་ངག་ལས་མ་འཁྲོལ། སྐབས་དེར་ཨ་ཕས་ངའི་ཕྲག་པར་ཐལ་མོས་རྡེབ་རྡེབ་འགའ་བྱས་ཏེ་དེ་ལྟར་ཐག་གཅོད་བྱས་ཟིན་པའི་བརྡ་བཏང་བ་དང་། ངའི་སེམས་ལྷོད་དུ་དབབ་པར་བྱ་བའི་ཆེད་དུ་ཡང་བསྐྱར་འཛུམ་ཙམ་བྱས་ཏེ་དེ་རིང་གཅིག་པུར་རྣམ་རྒྱལ་ལ་ནོར་བཅོལ་ ཆོག་པ་རེད་ཁྱོད་རང་སེམས་བདེ་མོས་ཡུལ་དུ་སྡོད་ཅིགཟེར་བ་དང་། དེ་ནས་མ་ཡར་ལ་ལྟ་ཙམ་བྱས་རྗེས་ཡར་ལངས་ཏེ་ལུག་རྫིར་ཆས་སོང་།
          དོན་ངོ་མར་ངས་རང་ཉིད་ཀྱི་ཨ་མ་ངོ་མ་དེ་ཅི་འདྲ་ཞིག་ཡིན་པ་མི་ཤེས།ངས་ཤེས་དུས་ང་ལ་ཨ་མ་མི་འདུག་ལ་ཨ་ཕས་མ་ཡར་ཞིག་གསར་དུ་ཁྲིད་ཡོང་ནས་ཁྱོད་ཀྱི་ཨ་མ་འདི་རེད་ཅེས་པ་དེ་རེད། དེ་དང་ལྷན་དུ་གསར་དུ་ཡོང་བའི་མ་ཡར་གྱི་མིག་ཟུང་ལས་ཀྱང་སྙིང་ཉེ་བ་ལྟ་བུའི་འཛུམ་ཞིག་འཕྲོས་ཏེ་ང་ལ་བལྟས་འོང་མོད་ངས་ཨ་མ་ཞེས་འབོད་ག་ལ་སྲིད། དེ་དུས་ད་དུང་ངས་སེམས་གཏིང་ནས་ཨ་ཕར་སྡིགས་མོ་བྱས་ཤིང་སྐྱེས་པ་ཚོར་ཅིས་ཀྱང་བུད་མེད་ཅིག་དགོས་དོན་ཅི་ཡིན་ནམ་སྙམ་སྟེ་བསམ་བློ་ཐེངས་མང་བཏང་ཡང་ཧ་ཅི་ཡང་མི་གོ་བར་འདུག། ནམ་རྒྱུན་ངས་ཟ་མ་ཟ་བའི་སྐབས་དག་ཏུ་མ་ཡར་གྱིས་ཧ་ཅང་ལྷད་མེད་པའི་མིག་འོད་ཀྱིས་ང་ཁོ་ནར་ཅེར་འདུག་ལ་དེས་ངས་ཁོ་མོར་ཨ་མ་ཞེས་འབོད་པར་རེ་སྒུག་བྱེད་ཀྱིན་ཡོད་པ་དང་མཚུངས་བས་ངས་མ་མཐོང་བ་ལྟར་བྱས་ནས་བསྡད་པ་ཡིན། ཡིན་ན་ཡང་ནམ་རྒྱུན་ངའི་གྲོགས་པོ་ཚོས་རང་རང་གི་ཨ་མའི་སྐོར་གྱི་སྐད་ཆ་བཤད་པའི་དུས་དག་ཏུ་ངས་ཀྱང་རང་དབང་མེད་པར་མ་ཡར་ལ་ཨ་མ་ཞེས་ འབོད་སྙིང་གཏིང་ནས་སྐྱེས་འོང། ད་དུང་གྲོགས་པོ་ཚང་མས་ང་ལ་བསྙད་རྐོ་བ་ཡིན་པར་འདོད་པའི་བསམ་ཚུལ་ཡང་སྐྱེས་མྱོང་། གྲོགས་པོ་ཚང་མ་ཟེར་ཡང་མང་པོ་མེད་པར་རྣམ་རྒྱལ་དང་མགོན་སྐྱབས།ལྷ་མོ་གསུམ་ག་ཡིན། ང་ཚོ་ཚང་མ་ནི་ནམ་རྒྱུན་ནོར་རྫིར་འགྲོ་བའི་གྲོགས་པོ་ཡིན་ཡང་ང་རང་དང་ཆེས་མཛའ་བའི་གྲོགས་པོ་ནི་རྣམ་རྒྱལ་ཡིན། ང་རང་ཁོ་ཚོའི་ཁྲོད་ཀྱི་ལོ་ན་ཆེས་ཆུང་བ་ཡིན་ན་ཡང་ངས་ཀྱང་ཁོ་ཚོའི་མི་ཡི་བཟང་ངན་ཅི་ལ་མི་ཤེས།ལྷ་མོ་ནི་དེ་འདྲ་ལེགས་པོ་ཞིག་མ་རེད། དེ་ནི་ཁོ་མོ་བུད་མེད་ཀྱི་རིགས་ཡིན་པ་ཁོ་ནས་མིན་མོད་དེ་ཡང་རྒྱུ་རྐྱེན་ཞིག་ཡིན་པ་རེད། ང་རང་ཉིད་ཀྱི་ལྟ་ཚུལ་ལྟར་ན་བུད་མེད་ཀྱི་རིགས་ལ་ཡིད་སྨོན་སྐྱེས་དོན་མི་འདུག་སྟེ། ལྷག་པར་དུ་སྐྱེས་ཕོ་རབ་ཅིག་ལ་མཚོན་ན་དེ་འདྲ་ཡིན་པ་རེད། ཡིན་ན་ཡང་ངའི་མ་ཡར་ལ་དམིགས་བསལ་ཡོད་པ་སྨོས་མ་དགོས་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ཁོ་མོ་ནི་ང་ཚོའི་གྲལ་ལས་བུད་པའམ་ང་ཚོ་དང་བསྡུར་ན་འཕགས་མ་ཞིག་རེད་ཅེས་བཤད་ཆོག ཁོ་མོ་ནི་ངེད་ཚང་གི་ཟ་མ་གཡོ་བསྐོལ་བགྱིད་མཁན་ལགས་ན་ཡང་དུས་ཆེན་གྱི་སྐབས་སུ་སྲོག་བཅད་པའི་ཟས་མི་ཟ་བར་མ་ཟད་ཐ་ན་དེའི་སྐོར་གྱི་ ཁ་བརྡ་མི་བྱེད་ལ། ད་དུང་འོ་ཇ་དང་ཞོ་ཡི་རིགས་ཏེ་ཕྱུགས་ཕྲུག་གཞན་གྱི་སྐལ་འཕྲོག་པའི་ཟས་ཀྱང་མི་ཟ། འདི་ལྟ་བུའི་དཀའ་ཐུབ་ཀྱི་བཟོད་པ་ནི་ངས་ནམ་ཡང་རྒྱུས་ལོན་བྱེད་དཀའ་བ་ཞིག་རེད། ང་རང་གི་ལྟ་ཚུལ་ལྟར་ན་ཁོ་མོ་ནི་མི་ཕལ་བ་ཞིག་མ་རེད་ལ་ཇི་ལྟར་བྱས་ཀྱང་འཕགས་མ་ཞིག་དང་གཉིས་སུ་མ་མཆིས། ཐེངས་ཤིག་ལ། རྣམ་རྒྱལ་གྱིས་ང་རང་ལ་བཤད་རྒྱུར། སྔོན་ཆད་ཀྱི་མི་རྣམས་ནི་དེ་འདྲ་ཡིན་པ་རེད་ཟེར།
          ཐ་ན་རྩམ་པའང་མི་ཟ་བ་རེད་དམ། ངས་ཀུ་རེའི་ངང་ཁོ་ལ་དེ་ལྟར་དྲིས།
          མི་བཟའ་བ་རེད། རྣམ་རྒྱལ་གྱིས་ཧ་ཅང་གདེང་ཚོད་ཡོད་པ་ལྟར་དེ་ལྟར་ཟེར།
          ཁོ་ཚོས་ཆུའང་མི་འཐུང་བར་རེད་དམ། ངའི་སེམས་ལ་ཁོས་ང་ལ་ཀུ་རེ་རྩེ་གྱིན་འདུག་སྙམ།
          ཁོས་དྲང་ཐད་དུ་ལན་མི་འདེབས་པར། ཆུའི་ཁྲོད་དུ་ཚེ་སྲོག་ཆུང་ངུ་མང་བ་རེད། དེ་དག་ང་ཚོའི་མིག་གིས་མཐོང་མི་ནུས་བ་རེད་ཟེར།
          དེ་བས་ང་རང་ཅུང་ཡིད་མི་ཆེས་བར་གྱུར། ང་ཚོའི་མིག་གིས་མཐོང་མི་ནུས་པ་དེ་ཁྱོད་ཀྱིས་ཇི་ལྟར་མཐོང་ངམ་སྙམ། འོན་ཀྱང་ངས་ཁོ་རང་ལ་ཡིད་འཐད་མིན་པའི་གནས་ལུགས་ཅི་ཡང་མ་བཤད། ཧ་ཅང་ནན་ཏན་ངང་འོ་ན་འཕགས་མ་ཡོད་དམ་མེད་པ་རེད་ཅེས་དྲིས།
          ཁོས་ཧ་ཅང་བཀའ་བཀྱོན་འབེབས་པའི་མིག་མདངས་ཀྱིས་ཁ་འཁྲུལ། མེད་ག་ལ་སྲིད། ཁྱོད་ཀྱིས་ཉེས་བ་བསགས་སོང་ཟེར་ནས་ང་དང་ཁ་བརྡ་བྱེད་མི་འདོད་པའི་རྣམ་འགྱུར་བསྟན་བྱུང་། ཁོའི་རྣམ་འགྱུར་ལ་བལྟས་ན་ཕལ་ཆེར་ང་རང་ཡིད་མི་ཆེས་བའི་ཐེ་ཚོམ་དེ་ཡང་ཉེས་བ་ཞིག་ཡིན་པའི་ཚོར་སྣང་བྱིན་ཡོང་། ངས་མུ་མཐུད་དུ་ཁོའི་གདོང་ལ་ཅེར་ནས་བསྡད།
          གང་ལྟར་ཡང་ངས་ཁོ་མོའི་དཀའ་ཐུབ་ཀྱི་བཟོད་པ་འདི་ནི་སོ་སྐྱེས་ཕལ་བ་ལས་འདས་པ་སྟེ་འཕགས་མ་ཞིག་ཡིན་པའི་ངེས་ཤེས་རྙེད་བྱུང་།
          ཁོ་མོ་ནི་ངེད་ཚང་གི་བཟའ་བཏུང་གི་གཡོ་སྐོལ་མཁན་ཡིན་པར་མ་ཟད་མི་ཕྱུགས་ཡོད་ཚད་ཀྱི་བདག་པོའང་ཡིན་ཏེ། ངའི་ཨ་ཕ་ནི་སྡེ་བ་འདིའི་ནང་གི་སྐྱེས་ཕོ་རབ་ཅིག་ཡིན་ཞིང་སྡེ་བའི་ནང་གི་མི་ཚང་མ་ཁོ་རང་ལ་སྐྲག་གིན་ཡོད་པས་ཁོ་ནི་ངའི་སེམས་ཁོང་གི་མིག་དཔེ་ཡིན་ལ།དུས་རྒྱུན་དོན་དག་གལ་ཆེན་ཡོད་ན་མ་གཏོགས་ངས་ཨ་ཕར་ཁེར་ཐུག་ཏུ་ལབ་གླེང་བྱེད་མི་ཕོད། ཡིན་ན་ཡང་ངའི་མ་ངའི་མ་ཡར་ གྱིས་དོན་གང་དང་ཅིའི་ཐད་ནས་ཀྱང་ཁོ་ལ་ཚོད་འཛིན་བྱེད་ནུས་པས་ངས་དངོས་གནས་ཁོ་མོས་བྱེད་ཐབས་ཅི་ཞིག་སྤྱད་པ་ཡིན་པ་མི་རྟོགས། ཁོ་མོ་ནི་དེ་ལྟ་བུའི་རྒྱུ་འབྲས་ཀྱི་དབྱེ་བ་འབྱེད་ཅིང་རང་འདུལ་གྱི་ནུས་པ་ལྡན་པ་ཞིག་ཡིན་པ་དང་། དུས་རྒྱུན་དུ་འཇིག་རྟེན་གྱི་བྱ་བར་དོ་སྣང་མི་བྱེད་པ་ལྟར་མི་སུ་དང་གང་ལའང་དེ་བྱོས་ཤིག་དང་དེ་མ་བྱ་ཞེས་ཐེ་གཏོགས་གནང་བར་མི་བྱེད་ལ་ང་ལ་ཡང་དེ་ལས་མ་འདས། ཡིན་ན་ཡང་ཁོ་མོས་ཨ་ཕ་ལ་རེ་བ་ཅི་ཞིག་བཏོན་པ་ཡིན་ཚེ་ཨ་ཕས་ངེས་པར་དུ་སྒྲུབ་ངེས་ཡིན་ཞིང་། གལ་སྲིད་ཁོ་རང་གིས་སྐུ་དངོས་སུ་བསྒྲུབ་མ་ཐུབ་ཀྱང་མི་གཞན་ལ་ཆེད་མངགས་ཀྱིས་བསྒྲུབ་ཏུ་གཞུག་ངེས་ཡིན། དེར་མ་ཟད་ཨ་ཕས་དོན་དེ་བསྒྲུབ་མི་འདོད་པའི་སྐབས་ཀྱང་མ་ཡར་གྱིས་ཁོ་ལ་བལྟས་ཏེ་འཛུམ་མདངས་ཅུང་ཙམ་བསྟན་ཚེ་ཁོ་རང་ཡིད་འཐད་མིན་ཡང་ཡིད་འཐད་པར་འགྱུར་ངེས་རེད།
          ངའི་མ་ཡར་ནི་བུད་མེད་གཞན་དང་མི་འདྲ་བར་རང་ཉིད་ཀྱི་རྒྱུན་སྲོལ་ལས་མི་འདའ་བ་རེད་མོད། ལྷ་མོ་དེ་ལས་ལྡོག་སྟེ་བུད་མེད་ཚང་མ་དང་གཅིག་མཚུངས་རེད་པས་ང་རང་ཁོ་མོར་ཡིད་སྨོན་མ་སྐྱེས་པ་ཡིན། ཚང་མས་ལྷ་མོ་ནི་ཧ་ཅང་མཛེས་མ་ཞིག་རེད་ཟེར། དེ་ནི་ང་རང་དང་འབྲེལ་བ་ཅི་ཞིག་ཡོད་དམ། ཚང་མས་ལྷ་མོ་ནི་ལོ་བཅོ་བརྒྱད་ཡིན་པ་རེད་ཟེར། དེ་ཡང་ང་དང་འབྲེལ་བ་མེད་དེ་ཁོ་མོ་ལོ་ན་བརྒྱད་ཅུ་ཡིན་ཡང་ང་རང་ཡིད་སྨོན་སྐྱེས་མི་སྲིད། ང་ལ་ལྷ་མོའི་སྐོར་གྱི་ཁ་བརྡ་བྱེད་པར་ཆེས་དགའ་བ་རྣམ་རྒྱལ་ཡིན་པ་རེད་ཅིང་། ཁོ་རང་ལྷ་མོའི་ཕྱོགས་ཀྱི་ཁ་བརྡ་བྱེད་པར་དེ་འདྲ་དགའ་དོན་ཅི་ཡིན་པ་མི་ཤེས་མོད། ཐ་ན་ཁོ་མོའི་མིང་བརྗོད་པ་ཙམ་གྱིས་ཀྱང་ཁོ་རང་ལ་དགའ་བ་དཔག་མེད་ཅིག་རྒྱས་ཀྱིན་པ་ལྟ་བུའི་སྣང་བ་བྱིན་འོང་། དེ་ལས་ཀྱང་ཡ་མཚར་བ་ཞིག་ནི་ཐེངས་ཤིག་ང་ཚོ་ནོར་རྫིར་འགྲོ་དུས་ཁོ་དང་ལྷ་མོ་གཉིས་ནགས་གསེབ་ཏུ་འཛུལ་ཏེ་ཕན་ཚུན་ལ་འོ་བྱེད་ཀྱིན་འདུག་ལ་ཁོང་གཉིས་ཀྱིས་ང་རང་ཕ་རོལ་ཏུ་ཡོད་པ་འང་གཏན་ནས་མཐོང་གིན་མི་ འདུག སྐབས་དེར་ང་རང་ཡང་དེ་གར་སྡོད་མ་བཟོད་པར་རྐང་འཇབ་ལག་འཇབ་ངང་བྲོས་ཏེ་རང་ཉིད་ཀྱིས་ཀྱང་ཁོང་གཉིས་མཐོང་མི་ཐུབ་པའི་གནས་ཤིག་ཏུ་ཕྱིན་ནས་ཡིབ་བསྡད་པ་ཡིན། མཇུག་མཐར་ཁོ་གཉིས་ཀྱིས་ང་རང་བཙལ་ནས་རྙེད་དུས་ལྷ་མོས་ནི་རིན་པོ་ཆེ་རྩ་ཆེན་ཞིག་རྙེད་ཟིན་པ་ལྟར་ལུས་སེམས་ཡོངས་རྫོགས་གནོན་མི་ཐུབ་པའི་སྤྲོ་སྣང་གིས་ ཁེངས་ཏེ་དགོད་ཀྱིན་འདུག
          རྣམ་རྒྱལ་གྱིས་ང་རང་ཁེར་འགྲོ་བྱས་ནས་བོར་བར་དོགས་པས་ཅུང་འཁང་ར་བྱེད་པའི་ཉམས་ཀྱིས་ཁྱོད་རང་ངེད་གཉིས་དང་མི་འགྲོགས་དོན་ཅི་ཡིན་ཟེར། ངས་ལན་དུ་ངས་ནགས་ཚལ་དུ་འདྲེ་མཐོང་བྱུང་ཞེས་ལན་བཏབ།
          གང་ན་འདུག
          རྣམ་རྒྱལ་གྱི་རྣམ་རིག་ཇེ་གྲིམ་དུ་གྱུར་ཞིང་མིག་རིག་རིག་གིས་མཐའ་འཁོར་དུ་ལྟ་བར་བྱེད། ཁོའི་དོགས་ཟོན་བྱེད་པའི་མིག་མདངས་ལ་བལྟས་ན་ཉེ་འཁོར་དུ་དངོས་གནས་ཧ་ཅང་འཇིགས་སུ་རུང་བའི་གདོན་འདྲེ་ཞིག་གིས་ང་ཚོའི་ཉམས་་ཚོད་ལ་བརྟག་གིན་ལོས་ཡོད་སྙམ་ཡོང་། ངས་ཁོ་རང་གི་བཟོ་ལྟར་བལྟས་ནས་བགད་པ་ཡིན། དགོད་བཞིན་དུ་ངས་མཐོང་བ་ནི་འདྲེ་གཅིག་མ་རེད། འདྲེ་གཉིས་རེད་ཅེས་བཤད།
          རྣམ་རྒྱལ་གྱིས་གཞི་ནས་ངས་ཁོང་གཉིས་ལ་ཀུ་རེ་རྩེ་ཡིན་ཡོད་པ་ཚོར་ཏེ། འཕྲལ་མར་དེ་ལན་སྤྲོད་པའི་མ་རབས་ཀྱི་མིག་མདངས་ཤིག་མངོན་བཞིན་འཛུམ་ཞིག་ལངས་ཏེ་ངའི་གདོང་ལ་ཞིབ་ལྟ་བྱེད་ཀྱིན་དུ། འདྲེ་དེ་གཉིས་ནི་ཁྱོད་ཀྱི་མིག་ཟུང་མ་རེད་དམ་ཟེར།
          ཆེས་ཡ་མཚར་ཞིག་ལ། ལྷ་མོ་ནི་དེ་ལས་ལྡོག་སྟེ་ང་ལ་ཧ་ཅང་མཛའ་བའི་རྣམ་འགྱུར་སྟོན་གྱིན་འདུག ཁྱོད་ཀྱིས་ཤེས་རྒྱུ་ཞིག་ནི་མཛའ་བ་དང་དགའ་བའི་ནང་དོན་གཅིག་པ་མ་རེད། ཁོ་མོས་ར་མ་རེའུ་ལྕོག་གི་ཕྲེང་བ་ཞིག་བསླས་ཏེ་ངའི་སྐེ་ལ་བསྐོན་ནས་ཁྱོད་ནི་ར་མ་རེའུ་ལྕོག་ཅིག་དང་ཧ་ཅང་འདྲ་ཟེར། ཁོ་མོས་སྐད་ཆ་དེ་ལྟར་བཤད་པའི་ནང་དོན་ཅི་ཡིན་པ་ངས་གསལ་བོར་མི་རྟོགས་ལ། དེའི་ཐད་ལ་བསམ་བློའང་གཏོང་མི་འདོད། ང་རང་ཅི་ཞིག་ལ་འདྲ་ནའང་འདྲ། ཐ་ན་གྲོག་མ་ཞིག་དང་འདྲ་བའམ་ཕོ་རོག་ཅིག་དང་འདྲ་ཡང་རུང་། དེ་དག་ཁོ་མོ་དང་འབྲེལ་བ་ཅི་ཞིག་ཡོད་དམ། ར་མ་རེའུ་ལྕོག་གི་མེ་ཏོག་གསེབ་ཏུ་འབུ་བན་དེ་མང་པོ་འདུ་ལོང་བྱེད་ཀྱིན་པ་ངས་དངོས་སུ་མཐོང་མྱོང་བ་ཡིད་དུ་དྲན་པས་གློ་བུར་བའི་དངངས་འདར་ཞིག་བརྒྱབ་སྟེ་མེ་ཏོག་གི་ཕྲེང་བ་དེ་སྐེ་ནས་ཕུད་ཅིང་སར་གཡུགས་པ་ཡིན། ལྷ་མོས་དོན་དག་ཅི་ཞིག་བྱུང་སོང་བ་མ་ཤེས་པར་ཐེ་ཚོམ་གྱི་མིག་མདངས་ཀྱིས་ང་ལ་བལྟས་ནས་སྡོད་། ངས་ཁོང་ཁྲོ་དང་བཅས་ཁོ་མོར་ར་མ་རེའུ་ལྕོག་གི་སྟེང་དུ་འབུ་ཡོད་པ་ཁྱོད་ཀྱིས་མཐོང་མ་མྱོང་ངམ་ཞེས་སྤྱོས་བཞིན་ཕར་བརྒྱུགས་པ་ཡིན་། ཉིན་དེར་ངས་ཁོང་གཉིས་ལ་ཁ་ཡ་མ་བྱས་པར་མགོན་སྐྱབས་འགྲོགས་ནས་ཡུལ་དུ་ཕྱིན་པ་ཡིན།
          ངས་མ་ཡར་ནི་མི་ཕྱུགས་ཐམས་ཅད་ཀྱི་བདག་པོ་ཡིན་ཞེས་པའང་གང་བྱུང་དུ་བཤད་པ་མིན། ཕལ་ཆེར་ལྷ་མོ་ངའི་མ་འོངས་བའི་ཆུང་མར་གཉེན་སློང་བྱས་པ་དེ་ཡང་ཁོ་མོའི་བཀོད་པ་ཡིན་ངེས་རེད། དེ་མིན་ན་ངས་ལྷ་མོ་ཆུང་མར་མི་དགོས་ཞེས་བཤད་པའི་དུས་སུ་ཨ་ཕས་དེ་ལྟར་ཡི་མ་རངས་པའི་རྣམ་འགྱུར་སྟོན་མི་སྲིད་སྙམ། འོན་ཀྱང་སྐབས་དེར་མ་ཡར་ནི་ཨ་ཕ་ལྟར་ཡིད་མི་དགའ་བའི་མདངས་བསྟན་མ་བྱུང་། དེ་ལས་ལྡོག་སྟེ་ཁོ་མོའི་འཕགས་མ་ལྟ་བུའི་འཛུམ་མདངས་དེ་སྟོན་བཞིན་ང་ལ་ཚོད་བགམ་པའི་ཚུལ་གྱིས། ལྷ་མོ་དེ་འདྲ་ཡག་པོ་ཡོད་པས་ཁྱོད་ལ་ཆུང་མར་མི་དགོས་དོན་ཅི་ཡིན་ཟེར་ནས་ཨ་ཕའི་གདོང་ལ་ལྟ་བར་བྱེད། ཁོ་མོའི་བཟོ་ལྟ་དེས་ཨ་ ཕའི་རྣམ་འགྱུར་ལའང་འགྱུར་ལྡོག་འབྱུང་དུ་བཅུག་སྟེ་ཅུང་ལྷོད་བག་ཅན་དུ་གྱུར་ སོང་།
          དེ་བས་ངའི་སྤོབས་པའང་ཇེ་ཆེར་རྒྱས་སོང་། ངས་ཁྲོ་ཚུལ་སྟོན་བཞིན་འོ་ན་ངས་ཁོ་མོ་ཡར་ཕུག་ཏུ་བཤམས་ནས་ཕྱག་འཚལ་དགོས་པ་རེད་དམ་ཞེས་བཤད།
          ངའི་སྐད་ཆ་དེ་ཐོས་པས་ཨ་ཕ་དང་མ་ཡར་གཉིས་བཟོད་བསྲན་བྱེད་མ་ཐུབ་པར་བགད་དེ་བརྒྱལ་ལ་ཁད་བྱས་སོང་། བགད་དྲགས་ཏེ་མ་ཡར་གྱིས་ཕུ་ཐུང་གིས་མིག་ཆུ་འབྱིད་བཞིན་འདུག ངས་ངོ་མ་ལྷ་མོའི་སྟེང་དུ་ཕྱག་འཚལ་འོས་པའི་ཆ་ཅི་ ཞིག་ཡོད་པ་མཐོང་མ་བྱུང་། མིག་གཉིས་དང་རྣ་བ་གཉིས། ཁ་གཅིག་དང་སྣ་གཅིག་བཅས་ལས་གཞན་ཅི་ཡང་མི་འདུག གལ་ཏེ་ཁོ་མོའི་དཔྲལ་བའི་སྟེང་ན་མིག་ལྷག་མ་ཞིག་ཡོད་པ་ཡིན་ན་དེ་ནི་ཡག་པའི་ཡོན་་ཏན་ཞིག་ཏུ་འགྱུར་མི་སྲིད་པའི་ཁར་དེ་ལས་ལྡོག་སྟེ་《མི་རོ་རྩེ་སྒྲུང་》ཁྲོད་ཀྱི་མི་ཤ་ཟ་ཞིང་མི་ཁྲག་འཐུང་བའི་བདུད་མོ་དང་འདྲ་བ་མ་ཡིན་ནམ། དེ་ནི་ཅི་འདྲའི་འཇིགས་སུ་རུང་བ་ལ་ཨང་། ཡིན་ན་ཡང་《མི་རོ་རྩེ་ སྒྲུང་》ཁྲོད་ཀྱི་མི་ཡི་ལུས་ལ་བ་གླང་གི་མགོ་བོ་ལྡན་པའི་མ་སང་ཡ་རུ་ཁ་ཁྲ་ལ་ང་རང་ཧ་ཅང་དགའ་བ་ཡིན། རྒྱུ་མཚན་ནི་མ་སངས་ཡ་རུ་ཁ་ཁྲ་ནི་སྐྱེས་ཕོ་རབ་ཅིག་ཡིན་པས་རེད།
          རྣམ་རྒྱལ་གྱིས་ལྷ་མོ་གླེང་བར་དགའ་བ་ལས་གཞན་ད་དུང་ནམ་རྒྱུན་ང་ལ《མི་རོ་རྩེ་སྒྲུང་》གི་གཏམ་རྒྱུད་འཆད་རྒྱུར་ཡང་ཧ་ཅང་དགའ་། ཁོས་བཤད་པའི་གཏམ་རྒྱུད་ཀྱི་ཁྲོད་ནས་ངས་གཞི་ནས་མ་སངས་ཡ་རུ་ཁ་ཁྲ་ངོ་ཤེས་པ་ཡིན། ཁོ་ནི་དཔའ་རྩལ་ལུས་ལ་འཛོམས་ཤིང་གྲོགས་པོའི་ལ་རྒྱ་བརྩི་བའི་སྐྱེས་ཕོ་རབ་ཅིག་ཡིན་ན་ཡང་གྲོགས་པོ་ཁྲེལ་མེད་ཚོས་ གཡོ་ཐབས་སྤྱད་ནས་དོང་ནང་དུ་འགྲོ་རུ་བཅུག་རྗེས་ཕྱིར་མ་བླངས་པ་རེད། དེར་ཁྱོད་རང་ཁོང་ཁྲོ་མི་ལངས་སམ། དངོས་གནས་ང་རང་མ་སངས་ཡ་རུ་ཁ་ཁྲ་ལ་གསལ་ཆ་ཆེ་བས་ས་ཆ་གང་ཞིག་ཏུ་ཁོ་ལ་འཕྲད་ཀྱང་ངོས་ཟིན་ཐུབ་ངེས་ཡིན། ལན་རེར་ང་རང་ནོར་རྫིར་ཕྱིན་ཏེ་ནགས་ཚལ་སྟུག་པོའི་ཁྲོད་དུ་ གཅིག་པུར་འགྲོ་དུས་མདུན་དུ་བདུད་མོ་ཨེ་ཡོད་དམ་སྙམ་ནས་སྐྲག་འོང་མོད། དེ་མ་ཐག་ཏུ་མ་སངས་ཡ་རུ་ཁ་ཁྲ་ལ་གློ་བུར་འཕྲད་ཡོང་ངེས་པའི་ཡིད་ཆེས་ཤིག་ཀྱང་སྐྱེས་འོང་། ཡིད་ཆེས་དེ་ཁོ་ནས་ང་རང་གཅིག་པུ་ནགས་གསེབ་ཏུ་འགྲོ་ཕོད་པའི་སྤོབས་པ་བསྐྱེད་ཡོང་བར་མ་ཟད་ངད་བདུད་མོར་འཕྲད་ཨེ་ཡོང་བའི་སྐྲག་སྣང་དེ་ཡང་རྩ་བ་ནས་མཐར་སྐྲོད་བཏང་འགྲོ་བ་རེད། ལན་རེར་ངའི་སེམས་ལ་མི་བཟང་བོ་ནི་ཅིས་ཀྱང་མི་ངན་པ་དག་ལས་རྒྱལ་ངེས་པའི་འདུ་ཤེས་ཤིག་སྐྱེས་འོང་མོད་དེའི་རྒྱུ་མཚན་གཏན་ཚིགས་ཀྱིས་སྒྲུབ་པའི་ནུས་པ་དེ་འདྲ་ཞིག་ག་ལ་ཡོད། གང་ལྟར་མི་བཟང་པོ་དག་གིས་གྲོགས་པོ་ལ་ཁྲེལ་མེད་བྱེད་མི་སྲིད་པ་བཞིན་དུ་རྣམ་རྒྱལ་གྱིས་ཀྱང་ང་ལ་ཁྲེལ་མེད་བྱེད་མི་ སྲིད་ལ་ངས་ཀྱང་རྣམ་རྒྱལ་ལ་ཁྲེལ་མེད་བྱེད་མི་སྲིད། ད་དུང་མགོན་སྐྱབས་དང་ལྷ་མོ་གཉིས་ཀས་ཀྱང་ང་ལ་ཁྲེལ་མེད་ཀྱི་ལས་ཅི་ཡང་བྱེད་མི་སྲིད། འདི་ནི་དོན་དངོས་ཡིན།
          མ་ཡར་གྱིས་སྔར་བཞིན་འཕགས་མའི་འཛུམ་མདངས་དེ་སྟོན་བཞིན་དུ། རེད་ལགས། མཛེས་པ་ནི་ཚང་མས་མྱོང་དགོས་པ་རེད་པས་མི་གཅིག་གིས་བདག་འཛིན་བྱེད་འདོད་པ་ནི་སྒེར་སེམས་ཆེ་ཐལ་བ་རེད། གལ་ཏེ་མི་ཚང་མས་མཛེས་པ་དག་བདམ་བསལ་བྱས་པ་ཡིན་ན་མི་མཛེས་བ་དག་ཅི་ཞིག་བྱེད་དགོས་ཟེར་ནས་ང་ལ་རྒྱབ་སྐྱོར་བྱས་སོང།
          སྐབས་འདིར་ངའི་སེམས་སུ་སླར་ཡང་ཁོ་མོ་འཕགས་མ་ཞིག་ཡིན་པའི་ཚོར་སྣང་སྐྱེས་བྱུང་།ཡིན་ན་ཡང་རང་ཉིད་ཀྱི་ལྟ་ཚུལ་དེ་དེ་དང་བསྟུན་ནས་འགྱུར་མི་སྲིད།
          ཨ་ཕ་དགོད་ཙམ་བྱས་ཏེ། མཛེས་པ་ལ་བསྙེགས་པ་ནི་མི་ཡི་རང་གཤིས་ཡིན་པ་རེད་ཟེར་ནས་མ་ཡར་ལ་མ་རབས་ཀྱི་མིག་མདའ་ཞིག་འཕངས་སོང་། ངོ་མ་བཤད་ན་ངའི་མ་ཡར་ནི་ཧ་ཅང་མཛེས་མ་ཞིག་ཡིན་ལ་དེའི་རྐྱེན་གྱིས་ཨ་ཕ་ཡང་ཁོ་མོར་ཧ་ ཅང་དགའ་གྱིན་ཡོད་པ་དང་ཁོ་མོ་དང་འབྲལ་མི་ཕོད་པ་མ་རེད་དམ།
          ངས་ཚིག་ཐག་ཆོད་པའི་ངང་། ངས་བལྟས་ན་ལྷ་མོའི་སྟེང་དུ་མཛེས་པ་ཅི་ཡང་མི་འདུག་ཅེས་བཤད།
          ནོར་དེད་ནས་ཕྱིར་ལོག་ཡོང་བའི་ལམ་བར་དུ་ངས་མགོན་སྐྱབས་ལ་དོན་ངོ་མར་བདུད་མོ་ཟེར་བ་ཞིག་ཡོད་པ་ཨེ་རེད་ཅེས་དྲིས་པ་ན། ཁོས་ཐེ་ཚོམ་དང་བཅས་ངས་ཀྱང་མི་ཤེས། ཕལ་ཆེར་ཡོད་རྒྱུ་མ་རེད་ཟེར།
          ང་རང་ཡིད་མི་ཆེས་པར་གྱུར། ཁོའི་རྣམ་འགྱུར་ལ་བལྟས་ཏེ་ཕལ་ཆེར་ཟེར་དོན་ཅི་ཡིན་ཞེས་གཏིང་འདྲི་བྱས།ཁོས་ཅུང་ཙམ་ལ་འདང་ཞིག་བརྒྱབ་ནས་། སྔོན་ཆད་ཡོད་ཀྱང་སྲིད་མོད་ད་ལྟ་ཡོད་པ་ཐོས་མ་མྱོང་། ཕལ་ཆེར་མེད་པ་འདྲ། ཟེར་ནས་མགོ་རྨོངས་པ་ལྟར་བྱེད།
          ང་རང་ཅུང་ཡིད་ཕངས་པར་གྱུར། གལ་ཏེ་ཡོད་པ་ཡིན་ན་ང་རང་ནར་སོན་ཚེ་མ་སངས་ཡ་རུ་ཁ་ཁྲ་ལྟར་བདུད་མོ་ཐག་པས་བཀྱིགས་ཆོག་པ་རེད། ངས་མགོ་བོར་ལག་པས་འཕྲུག་པ་ཙམ་གྱིས་འཐུས་པར་བྱས་ཏེ་མུ་མཐུད་དུ་དེའི་ཐད་བསམ་བློ་ གཏོང་མི་འདོད་པར་གྱུར།དེ་འཕྲལ་ངའི་སེམས་ལ་ཡང་བསྐྱར་མ་ཡར་དྲན་བྱུང་བས་ཁོ་ལ། འོ་ན་འཕགས་མ་ཡོད་པ་རེད་དམ་ཞེས་དྲིས།
          ཁོ་དགོད་ཙམ་བྱས་ཏེ། ཕལ་ཆེར་ཡོད་རྒྱུ་རེད། ཚང་མས་མི་བཟང་བོ་དག་འཕགས་མ་དང་འདྲ་ཟེར་གྱིན་པ་མ་རེད་དམ་ཟེར།དོན་དེར་ང་རང་ཡང་ཡིད་འཐད་བྱུང་སོང་། འཕགས་མ་ནི་མ་གཞི་ནས་ཡོད་འོས་པ་ཞིག་ཡིན་པ་རེད། དེ་བས་ངས་མུ་མཐུད་དུ་འདང་ཞིག་བརྒྱབ་ནས། འོ་ན་བདུད་མོ་ཟེར་བ་ནི་མི་ངན་པ་ལ་ཟེར་བ་ཨེ་ཡིན་ནམ་ཞེས་དྲིས་པ་ན་ཁོས་ཀྱང་ཕལ་ཆེར་ཡིན་པ་འདྲ་ཟེར།དེ་ཡང་ངེད་ གཉིས་ཀྱི་ལྟ་ཚུལ་གཅིག་མཚུངས་ཡིན་པ་ལྟར་བྱས་ཏེ་ངས་མགོ་བོ་ལྡེམ་ལྡེམ་བྱེད་དགོས་བྱུང། འོན་ཀྱང་ངའི་ཀུན་རྟོག་ངོས་ཀྱི་བདུད་མོ་ནི་ང་ལ་གསལ་ཆ་ཆེ་བའི་མི་ཞིག་དང་ གཏན་ནས་མི་འདྲ་བར་ལུས་བྱད་ཡ་མ་གཟུགས་ཡིན་ལ་ཆོ་འཕྲུལ་སྣ་ཚོགས་འཛོམས་པའི་གཏུམ་སྤྱོད་ཅན་ཞིག་ཡིན་པ་རེད།
          མཇུག་མཐར་ངའི་སེམས་ལ་ལྷ་མོ་དྲན་བྱུང་། ངས་མགོན་སྐྱབས་ལ་ལྷ་མོ་ མཛེས་པར་འདུག་གམ་ཞེས་དྲིས་པ་ཡིན། མགོན་སྐྱབས་ཀྱི་རྣམ་འགྱུར་དེ་མ་ཐག་ཏུ་འགྱུར་ཏེ་ཅུང་ཡིད་སུན་གྱིན་པ་ལྟ་བུའི་བཟོ་ལྟ་ཞིག་བསྟན་བྱུང་། བཟོ་ལྟ་དེ་ནི་ལུས་ངག་གཉིས་ཀྱི་སྟེང་ནས་ཕྱིར་བསྟན་པ་རེད་དེ། ངོ་མདངས་ཧ་ཅང་བཙོག་པོར་འགྱུར་བཞིན་ཅི་མི་སྙམ་པའི་ཉམས་བསྟན་དང་དེར་མཐུད་ནས་བསྟིང་ཚིག་ནན་མོས་བཤད་རྒྱུར་། དེ་ང་ལ་འདྲི་དོན་ཅི་ཡོད་དམ། ཁྱོད་ཀྱིས་མཛེས་པར་སྙམ་ན་མཛེས་པ་རེད། ཁྱོད་ཀྱིས་བཙོག་པར་སེམས་ན་བཙོག་པ་རེད།དེ་དག་ང་དང་འབྲེལ་བ་ཅི་ཡང་མེད་ཟེར།
          དེ་བས་ངས་ཀྱང་ལྷ་མོ་དང་ངེད་གཉིས་ཀྱི་དོན་དག་དེ་མི་གཞན་དང་འབྲེལ་བ་ཅི་ཡང་མེད་ཤེས་སོང། ཡིན་ན་ཡང་ནན་ཏན་དུ་བཤད་དགོས་པ་ཞིག་ནི་རྣམ་རྒྱལ་དེའི་ནང་དུ་མི་ཐེ། ཕལ་ཆེར་རྣམ་རྒྱལ་ནི་ལྷ་མོ་ལ་དགའ་བཞིན་ཡོད་པ་དང་འདྲ་ལ་ཁོས་ནི་ལྷ་མོའི་མཛེས་པ་དེ་གང་ཞིག་ཏུ་ཡོད་པ་རྟོགས་སོང་བ་དང་འདྲ། གང་ལྟར་ཁོང་གཉིས་ལྷན་དུ་ཡོད་དུས་ངའི་རྣ་བར་གཟན་པའི་དགོད་སྒྲ་དེ་རྒྱུན་མི་ཆད་པར་ཐོས་འོང་མོད་ངས་མི་དགའ་བའི་རྣམ་འགྱུར་ཅི་ཡང་བསྟན་མ་མྱོང་། དངོས་གནས་མ་མྱོང་བ་ཡིན།
          དབྱར་ཁའི་ཉིན་ཞིག་ལ། རྣམ་རྒྱལ་དང་མགོན་སྐྱབས། ལྷ་མོ་ངེད་བཞི་བོས་ནོར་ཁྱུ་དེད་དེ་རི་མགོ་ལ་སོང་ཞིང་། རི་མགོ་ནས་ནོར་ཁྱུ་རང་སར་བཀྲམ་རྗེས་མི་གཉིས་རེ་ཚན་པ་རེ་བྱས་ཏེ་ནོར་ཁ་ལེན་རེས་ཀྱི་རྩེད་མོ་རྩེས་པ་ཡིན། རྣམ་རྒྱལ་ནི་ང་ཚོའི་ཁྲོད་ཀྱི་ལོ་ན་ཆེ་བ་ཡིན་པས་རྩེད་མོ་ཅི་ཞིག་རྩེ་རྒྱུ་བཀོད་སྒྲིག་བྱེད་མཁན་དང་མི་སྣ་བགོ་འགྲེམ་བྱེད་མཁན་ཡང་ཁོ་རང་ཡིན་པས། ཁོས་ཆེད་དམིགས་ཀྱིས་ལྷ་མོ་དང་ངེད་གཉིས་ཚན་པ་གཅིག་ཏུ་བགོས་པ་སྟེ་མགོན་སྐྱབས་ནི་ཁོའི་ཁར་བླངས་པ་དང་ལྷ་མོ་ནི་ངའི་ཁར་བརྒྱབ་པ་རེད། དེའི་རྒྱུ་མཚན་ནི་སྐབས་དེར་ཁོང་གཉིས་ཀྱིས་ཀྱང་གཞི་ནས་ལྷ་མོ་ནི་ངའི་མ་འོངས་པའི་ཆུང་མ་ཡིན་པ་ཤེས་ཚོར་བྱུང་བས་རེད་ལ། དེའི་རྐྱེན་གྱིས་ཆེད་དམིགས་ཀྱིས་ངེད་གཉིས་ཁ་གཅིག་ཏུ་བགོས་ཏེ་དེ་ཁྱོ་ཤུག་ལྟར་སྡོད་དུ་བཅུག་པའང་རེད།
          རྩེད་མོ་རྩེ་བའི་དུས་སུ་རྣམ་རྒྱལ་གྱིས་ཀླད་པ་འགུལ་བྱུང་བར་འདུག དེ་ནི་ངས་རྗེས་ནས་ཤེས་པ་ཡིན། ཁོང་གཉིས་ཀྱིས་དྲི་བ་བཏོན་པ་ཐམས་ཅད་ལ་ལྷ་མོ་དང་ངེད་གཉིས་ཀྱིས་འདང་མ་བརྒྱབ་པར་དེ་མ་ཐག་ཏུ་ལན་འདེབས་ཐུབ་པ་བྱུང་ཚེ་ཁོང་གཉིས་ཀྱིས་ཉིན་གང་བོར་ངའི་བཀའ་བཀོད་ཅི་གནང་ལ་ཉན་ངེས་པར་མ་ཟད་ད་དུང་ནོར་ཁ་ལེན་དུའང་འགྲོ་ངེས་ཡིན་པ་དང་། གལ་ཏེ་ལན་གདབ་མ་ཐུབ་ཚེ་དེ་ལས་ལྡོག་སྟེ་ཁོང་གཉིས་ཀྱིས་ལས་ཅི་བཅོལ་བྱས་ཀྱང་ཁར་ཉན་དགོས་ཟེར། ལྷ་མོས་ངས་ཅི་ཟེར་བལྟས་འདུག་པས་ངས་ཀྱང་ཐེ་ཚོམ་མེད་པར་ཁས་ལེན་བྱས་པ་ཡིན། རྣམ་རྒྱལ་གྱིས་ཁྱོད་ཀྱི་མ་ནེ་ནང་ན་ཅི་ཞིག་ཡོད་ཟེར།
          ངས། གསེར་གྱི་རྡོ་རིལ་ཡོད།
          ཁོས། གསེར་གྱི་རྡོ་རིལ་ག་རེ།
          ངས། སྒམ་ནང་ལ་བཅུག་ཟིན།
          ཁོས། སྒམ་ག་རེ།
          ངས། རྩྭ་འོག་ལ་མནན་ཡོད།
          ཁོས། རྩྭ་ག་རེ།
          ངས། མཛོ་མོས་ཟོས་ཐལ།
          ཁོས། མཛོ་མོ་ག་རེ།
          ངས། ལ་རུ་འགོས་ཐལ།
          ཁོས། ལ་ག་རེ།
          ངས། ཁ་བས་གཡོགས་སོང་།
          ཁོས། ཁ་བ་ག་རེ།
          ངས། ཉི་མས་ཞུས་ཐལ།
          ཁོས། ཉི་མ་ག་རེ།
          ངས། ཚང་ལ་ནུབ་སོང་།
          ཁོས། ཚང་ག་རེ།
          ངས། བྱེའུས་གཏོར་སོང་།
          ཁོས། བྱེའུ་ག་རེ།
          ངས་ཅི་ཞིག་བཤད་དགོས་པའང་མ་ཤེས།
          ངས་མགོ་བོ་དགྱེ་སྟེ་གནམ་ལ་ལྟ་ཙམ་བྱས་ཀྱང་ཅི་ཡང་མཐོང་མ་བྱུང་ལ་མཐའ་འཁོར་ཀུན་ཏུ་བལྟས་ཀྱང་ངོས་གདགས་ཆོག་པའི་དངོས་པོ་ཅི་ཡང་སྟོན་རྒྱུ་མི་འདུག་པས་མགོ་བོར་ལག་པས་རེག་རེག་བྱེད་ཀྱིན་སྡོད་དགོས་བྱུང། རྗེས་ནས་ངས་འདང་བརྒྱབ་པ་ན་ང་རང་དངོས་གནས་བླུན་པོ་ཡིན་འདུག གལ་ཏེ་སྐབས་དེར་ངས་བྱེའུ་དེ་ཁྱོད་ཀྱིས་བསད་སོང་ཞེས་བཤད་ཡོད་ཚེ་ཁོ་ཕམ་ཡོད་པ་ཐག་ཆོད་ཡིན་ལ། ང་རང་ཉིན་གཅིག་ལ་དཔོན་པོར་སྡོད་པའི་གོ་སྐབས་ཐོབ་ཡོད་ངེས་པར་མ་ཟད་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ལའང་བཀའ་བཀོད་ཇི་འདོད་ལྟར་གནང་ཆོག་པ་རེད།
          མགོན་སྐྱབས་ཀྱིས་མ་རབས་ཀྱི་སྤྲོ་སྣང་དང་བཅས་ནོར་ཁྱུ་བཞུར་ཐལ ། གཡོག་པོ་གཉིས་ཀ་མྱུར་དུ་རྒྱུགས་ཤིག་ཅེས་བཀའ་བསྒོས་བྱུང་ ། ངས་ཨེ་བདེན་ནམ་སྙམ་སྟེ་ལྟ་ཙམ་བྱས་པ་ན། ནོར་ཁྱུས་ཀྱང་ང་རང་ཕམ་ཟིན་པ་ཤེས་རྟོགས་བྱུང་སྟེ་ཆེད་དམིགས་ཀྱིས་བསྙད་བརྐོ་བ་ལྟར་མར་ཕྱོགས་ཀྱི་ལུང་བ་མདའ་རུ་ཆུ་བཞུར་བ་ལྟར་འགྲོ་ཡིན་འདུག་པས་ང་རང་མགོན་སྐྱབས་དང་ནོར་ཁྱུའི་སྟེང་ལ་ཞེ་གཏིང་ནས་ཚིག་པ་ཞིག་ཟ་བཞིན་ལྷ་མོའི་རྗེས་འབྲངས་ནས་འགྲོ་དགོས་བྱུང་། དོན་ངོ་མ་བཤད་ན་ང་རང་ནོར་རྫིར་འགྲོ་བར་ཚིག་པ་ཟོས་པ་མིན་ཏེ ། ཡིན་རྒྱུ་ནི་རྣམ་རྒྱལ་སྐྱབས་ཀྱིས་རིག་པ་ཚད་པ་དེ་དང་མགོན་སྐྱབས་ཀྱིས་གཡོག་པོ་ཞེས་བཀའ་ཕབ་པའི་ཚིག་དེར་སྙིང་མ་དགའ་བ་རེད ། ཡིན་ཡང་ཚིག་ཁ་ནས་ཤོར་བར་འཛིན་ཐབས་ཅི་ཡོད ། ཚིག་ཐོག་ནས་མི་འདུག་པའི་མི་དེ་རིགས་ནི་ཕོ་རྒོད་ཀྱི་ལ་རྒྱ་མེད་པའི་མི་ཐ་ཤལ་རིགས་རེད། ང་རང་ནིསྐྱེས་ཕོ་རབ་ཅིག་ཡིན་པས་ཚིག་ཐོག་ནས་སྡོད་དགོས་པ་རེད །
          ལྷ་མོ་དང་ངེད་གཉིས་ཀྱིས་ནོར་ཁྱུའི་ཁ་ཕྱིར་བླངས་ནས་དལ་ངང་ནོར་ཁྱུ་ ལུང་བའི་ནང་དུ་བསྐོར་རྗེས་ཡང་བསྐྱར་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ཀྱི་གམ་དུ་འགྲོ་མི་འདོད་པར་གྱུར ། རྒྱུ་མཚན་ནི་ངས་མུ་མཐུད་དུ་ཁོང་གཉིས་ཀྱི་བཀའ་དང་གཡོག་པོ་ཞེས་པའི་སྐད་ཆ་དེར་ཉན་མི་འདོད་པས་ཡིན ། ང་རང་ལྷ་མོའི་གམ་དུའང་སྡོད་མི་འདོད་པས་ཕ་རོལ་ཞིག་ཏུ་གཅིག་པུར་བསྡད་པ་ཡིན་ལ ། ལྷ་མོས་ནི་གཡས་རོལ་གྱི་རི་ངོས་སུ་མེ་ཏོག་གམ་ཅི་ཞིག་འཐུ་བཞིན་འདུག རེ་ཞིག་ནས་འབྲུག་སྒྲ་ཞིག་གྲགས་པ་དང་ཆར་བ་ཤག་ཤག་ཏུ་བབས་བྱུང་བས་ངོ་མ་སྣང་བ་སྐྱིད་ཅིང་ཚོར་བ་སིམ་པའི་རི་ཁུལ་གྱི་ཁྱད་དུ་འཕགས་པའི་བསིལ་ལྗོངས་དེ་ཉམས་སུ་མྱངས་ཏེ་ལུས་ཀྱི་རས་ལྭ་ཡོངས་རྫོགས་བརླན་པར་བྱས་སོང་། ཕར་བལྟས་པ་ན་ལྷ་མོས་ཀྱང་ཆར་བའི་ཁྲོད་དུ་ཧ་ཅང་སྐྱིད་པའི་ངང་མུ་མཐུད་དུ་ཅི་ཞིག་འཐུ་བཞིན་འདུག་ལ་དེ་ནི་འཕུར་བར་འདོད་པའི་ཕྱེ་མ་ལེབ་ཅིག་ལྷབ་ལྷབ་ཏུ་ལྡིང་བ་དང་གཉིས་སུ་མ་མཆིས།
          སྤྱང་ཀི་འདུག་སྤྱང་ཀི་འདུག་
          གློ་བུར་དུ་ཕ་རོལ་ནས་ལྷ་མོས་ངུ་སྐད་སྒྲོག་བཞིན་ཚུར་བྲོས་ཡོང་གིན་འདུག ངས་ཕར་བལྟས་བའི་དུས་སུ་ལྷ་མོའི་གོང་རོལ་གྱི་རི་གདོང་དུ་གཟུགས་དབྱིབས་ཁྱི་དང་ཕལ་ཆེར་འདྲ་བའི་སྲོག་ཆགས་ཤིག་གིས་རྣ་བ་གཉིས་ཀེར་ཏེ་ཚུར་བལྟས་ འདུག དེ་ནི་ཕལ་ཆེར་སྤྱང་ཀི་ཡིན་ངེས་རེད ། རྒན་པ་རྣམས་ཀྱིས་བཤད་པ་ལྟར་ན ། སྤྱང་ཀིས་ཁོ་རང་ནི་བུད་མེད་རི་ཙམ་ཡོད་ཀྱང་མི་སྐྲག་ལ་སྐྱེས་པ་མཐེ་བོང་ཙམ་ཡོད་ཀྱང་སྐྲག་པར་འདུག་ཟེར་བ་རེད ། ངས་དེ་འཕྲལ་ཕར་ཙམ་བརྒྱུགས་ཏེ་ཀི་འགའ་བཏབ་པ་ན་དངོས་གནས་རྒན་པ་ཚོས་བཤད་པ་ལྟར་སྤྱང་ཀི་དེ་དལ་བུར་སྒྱིད་ལུག་དང་མི་འཐད་པའི་ཉམས་ཀྱིས་ཕྱིར་བུད་སོང་། དེ་ཡང་སྤྱང་ཀིས་ནི་མིས་མཐོང་སར་སྐྲག་གིན་མེད་པའི་ཚུལ་གྱིས་དལ་བུའི་སྟབས་ཀྱིས་གཡོལ་བར་བྱས་རྗེས་མིས་མི་མཐོང་སར་སླེབས་འཕྲལ་བྱ་འཕུར་བ་ལྟར་འབྲོ་བ་རེད་ཟེར།  ལྷ་མོ་ནི་སྔར་བཞིན་ཆར་བའི་སེང་རས་ཁྲོད་ནས་ངའི་ཕྱོགས་སུ་བརྒྱུགས་ཡོང་གིན་འདུག  ཏག་ཏག་ཚུར་བརྒྱུགས་འོང་བའི་སྐད་ཅིག་མ་དེའི་ནང་དུ་ངས་གཞི་ནས་ཁོ་མོའི་མཛེས་པ་དེ་མཐོང་བྱུང་། དེ་ནི་ང་དང་རྣམ་རྒྱལ་དང་མགོན་སྐྱབས་བཅས་ང་ཚོ་སུ་ལའང་ད་ལྟ་མེད་ལ་རྗེས་ནས་ཀྱང་ཡོད་མི་སྲིད་པའི་མཛེས་པ་ཞིག་སྟེ།རས་ལྭ་ཐར་རྐྱང་སྲབ་པོ་ཡོངས་རྫོགས་ཆར་གྱིས་བརླན་ཏེ་ཁོ་མོའི་ཤ་སྟེང་དུ་འབྱར་བས་ལུས་ཀྱི་འབུར་ཀོང་རེ་རེ་ཕྱིར་མངོན་འདུག་ལ། དེ་ལས་ཀྱང་བྲང་ཁའི་སྟོད་གོས་ཀྱི་འོག་ཏུ་ཚོར་མེད་དུ་རྒྱས་ཤིང་བློ་ངོར་མི་ཤོང་བའི་རྡོག་པོ་ཆུང་ཆུང་དེ་གཉིས་ནི་ཕྱིར་མཆོངས་འདོད་པ་ལྟར་ངའི་ཕྱོགས་སུ་འཕྱོ་བཞིན་འདུག་པས་ཧ་ལས་པར་གྱུར་ཏེ་ཅེར་ནས་སྡོད་པ་ལས་འགུལ་རྒྱུ་མ་བྱུང་། ངའི་མིག་ལམ་དུ་ཁོ་མོ་ངའི་ཕྱོགས་སུ་བརྒྱུགས་ཡོང་བ་དེ་ནི་ཅི་འདྲའི་ཐག་ཉེ་ཞིང་ཡང་ཅི་འདྲའི་ཐོན་དུ་མེད་པ་ཞིག་རེད་ཨང་། མཇུག་མཐར་ཁོ་མོ་ངའི་འཁྲིས་སུ་སླེབས་པ་དང་མཉམ་དུ་རྐང་བར་འདྲེད་རྡབ་ཤོར་ཏེ་དལ་བུར་ཐང་དུ་འགྱེལ་བྱུང་བས་ང་རང་ཡང་གཉིད་ལས་སད་པ་ལྟར་གྱུར་ནས་ མྱུར་མོར་ཕར་བརྒྱུགས་ཏེ་ཁོ་མོ་བསྐྱོར་བ་ཡིན། ཁོ་མོའི་ལུས་ཡོངས་རྫོགས་ཆར་བས་བརླན་ཆིལ་ཆིལ་དུ་གྱུར་འདུག་པར་མ་ཟད་སྐྲག་ཐག་ཆོད་པའི་ངོ་གདོང་སྐྱ་བོར་གྱུར་ནས་ལག་པ་གཉིས་ངའི་དཔུང་བར་འཐམས་ཀྱིན་ཕ་གི་ན་སྤྱང་ཀི་འདུག་ཟེར་བཞིན་བྲེད་པའི་མིག་འོད་ཀྱིས་རྗེས་ཕྱོགས་སུ་ལྟ་བར་བྱེད། མ་གཞི་བུད་མེད་ཀྱི་རིགས་ནི་སྐྲག་ཅིང་དངངས་པའི་སྐབས་སུ་ཅི་ འདྲའི་ཉམ་ཆུང་ཞིང་ཅི་འདྲའི་སྙིང་དུ་སྡུག་པ་ལ་ཨང་།
          ངས་ཁོ་མོའི་སེམས་མར་ལ་འབབ་པར་བྱེད་ཆེད། ཁྱོད་སྐྲག་མི་དགོས། ངས་ཀི་བཏབ་པས་སྤྱང་ཀི་བྲོས་སོང་ཞེས་བཤད་ནའང་ཁོ་མོས་ད་དུང་གོ་གྱིན་མེད་པ་ལྟར་ང་རང་གློད་ཀྱི་མི་འདུག་པས། ངས་སླར་ཡང་ཁོ་མོའི་རྡོག་པོ་ཆུང་ཆུང་དེ་གཉིས་ཡོད་སར་ལྐོག་ལྟ་ཞིག་བྱེད་དགོས་བྱུང་།
          ང་སྐྲག་གི ལྷ་མོའི་སྙིང་གི་འཕར་ལྡིང་རེ་རེ་ཡང་ངའི་རྣ་ལམ་དུ་ཐོས་འོང་ལ། ཁོ་མོའི་ཁ་ཡི་རླངས་པ་དག་ཀྱང་ངའི་ངོ་གདོང་ཀུན་ཏུ་རྒྱུ་བར་བྱེད་པས། ཕལ་ཆེར་དེ་དག་གིས་ཀྱང་ང་སྐྲག་གི་ཞེས་འོ་དོད་འབོད་པ་དང་གཉིས་སུ་མ་མཆིས།
          ཁྱོད་སྐྲག་མི་དགོས། ང་རང་ཡོད། ངས་དེ་ལྟར་བཤད་དུས་གཞི་ནས་རང་ཉིད་སྐྱེས་ཕོ་རབ་ཅིག་ཡིན་པའི་ངེས་ཤེས་རྙེད་ཅིང་། རང་ཉིད་ངེས་པར་དུ་ལྷ་མོར་མཁོ་ཞིང་རང་ཉིད་ནི་ལྷ་མོའི་མགོན་སྐྱབས་གཅིག་པུ་ཡིན་པའི་ཚོར་སྣང་སྐྱེས་བྱུང་ བར་མ་ཟད། མ་ཡར་གྱིས་བཤད་པའི་སྐད་ཆ་དག་ཀྱང་ཡིད་ངོར་འཁོར་བྱུང་།
          ནམ་རྒྱུན་མ་ཡར་གྱིས་ང་ལ་ལྟ་བའི་མིག་མདངས་ཀྱི་ཁྲོད་ནས་ཀྱང་ངས་ཁོ་མོས་སྐད་ཆ་ཅི་ཞིག་བཤད་འདོད་པའི་ནང་དོན་རྟོགས་ཐུབ། ཁོ་མོས་ངག་ཧ་ཅང་འཇམ་པོས་ཁྱོད་ཀྱིས་ང་ལ་ཨ་མ་ཞེས་བོས་ན་ཅི་མ་རུང་ཞེས་བཤད་པ་རེད། ངའི་ཨ་ཕ་དང་ཨ་མ་གཉིས་ལ་བྱིས་པ་ང་གཅིག་པུ་མ་གཏོགས་མེད་ལ་ཨ་ཕ་དང་མ་ཡར་གཉིས་ལའང་བྱིས་པ་ང་གཅིག་པུ་མ་གཏོགས་མེད་པ་རེད། དེ་བས་བྱིས་པ་མེད་པའི་མ་ཡར་གྱིས་ངས་ཁོ་མོར་ཨ་མ་ཞེས་འབོད་པར་དེ་འདྲའི་རེ་བ་བྱེད་པ་རེད་ལ། ནམ་རྒྱུན་དགོང་མོ་ཨ་ཕ་དང་མ་ཡར་དང་ངེད་གསུམ་པོ་ལྷན་དུ་སྡོད་དུས་ཀྱང་མི་རེ་རེའི་བར་ཐག་གྱང་རེས་བཅད་ཡོད་པ་ལྟ་བུའི་སྣང་བ་དེ་ཤར་ཡོང་བ་རེད།
          ང་ཚོ་སུ་ལའང་ཁ་བརྡ་མེད་པའི་སྐབས་སུ། ཨ་ཕས་མ་ཡར་གྱི་གདོང་ལ་ལྟ་ཙམ་གྱིས་ངའི་ཕྱོགས་སུ་ཁ་འཁོར་ཏེ། ད་ནི་ཁྱོད་རང་ནར་སོན་འདུག དོན་དག་གང་དང་ཅི་ལ་ཡང་རང་ཉིད་ཀྱིས་བལྟ་དགོས་ཟེར།
          ངས་དེ་མ་ཐག་ཏུ་ཨ་ཕའི་སྐད་ཆ་དེའི་ཧ་གོ་བྱུང་། ཁོས་བཤད་པ་ནི་གལ་ཏེ་ངའི་བློར་ལྷ་མོ་མི་འབབ་ན་བུ་མོ་གཞན་ཞིག་མནའ་མར་བླངས་ནའང་ཆོག་པ་རེད་ཅེས་པའི་དོན་རེད།
          མ་ཡར་གྱིས་སྔར་བཞིན་ཁོ་མོའི་འཕགས་མ་ལྟ་བུའི་འཛུམ་དེ་ཕྱུངས་ནས་སྡོད་པ་ལས་ཅི་ཡང་མི་ཟེར། མ་ཡར་གྱིས་སྐད་ཆ་མི་བཤད་པ་དེ་ཡང་སྐད་ཆ་ཞིག་ཡིན་ཏེ། སྐད་ཆ་དེའི་ནང་དོན་ནི་ངས་བལྟས་ན་ལྷ་མོ་བཟང་བར་འདུག་མོད་ཁྱོད་རང་ཉིད་ཀྱིས་ལྟོས་ཞེས་པའི་དོན་རེད། ངོ་མ་ད་ལྟ་ངས་བལྟས་ནའང་ལྷ་མོ་བཟང་བ་ལྟ་བུའི་སྣང་བ་ཞིག་སྐྱེས་བྱུང་། ཡིན་ན་ཡང་ངས་ཁོ་ཚོར་ད་ནི་ལྷ་མོ་བཟང་འདུག་ ཅེས་ཇི་ལྟར་བཤད་དམ།
          ངས་ཧ་ཅི་ཡང་མ་གོ་བའི་ཚུལ་བསྟན་ཏེ། འོན་ཀྱང་རི་མགོ་ནས་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ཀྱིས་ལྷ་མོ་དང་ངེད་གཉིས་གང་སར་མངགས་རྐྱང་བྱེད་ཅེས་བཤད།
          མ་ཡར་གྱིས་ཨ་ཕའི་གདོང་ལ་ལྟ་ཙམ་གྱིས་ང་ལ་བལྟས་ནས་བགད་བྱུང་། འོན་ཀྱང་སྐད་ཆ་བཤད་མ་བྱུང་། ཁོ་མོས་སྐད་ཆ་མ་བཤད་པ་དེ་ནི་དངོས་གནས་སྐད་ཆ་རེད་འདུག སྐད་ཆའི་ནང་དོན་ནི་ལྷ་མོ་དང་ཁྱོད་གཉིས་ལྷན་དུ་ཕུད་ན་བཟང་བ་མ་རེད་དམ་ཞེས་པའི་དོན་རེད།དེ་དང་ལྷན་དུ་ཨ་ཕ་ཡང་བགད་བྱུང་། དགོད་བཞིན་དུ་མ་ཡར་གྱི་གདོང་ལ་ལྟ་ཙམ་གྱིས་ངའི་ཕྱོགས་སུ་འཁོར་ནས། ལོ་ན་ཆེ་བ་དག་གིས་ལོ་ན་ཆུང་བའི་རིགས་བཅོལ་མངགས་བྱེད་པ་ནི་འཇིག་རྟེན་གྱི་དཔེ་རེད་ཟེར།
          ཨ་ཕའི་སྐད་ཆ་དེ་དོན་དངོས་སྟེང་ནས་བཤད་ན་ང་ལ་གནང་བའི་བསླབ་བྱ་ཞིག་རེད་ལ། ནང་དོན་ཡང་ལོ་ན་རྒན་པ་དག་གི་ཁར་ཉན་དགོས་ཞེས་པ་དེ་རེད་མོད། གནས་སྐབས་འདིར་མ་ཡར་གྱི་སྐད་ཆ་དེར་གོ་བ་ལོག་པར་བླངས་པ་ལྟ་བུར་གྱུར་སོང་བས། ཁོ་མོའི་ངོ་འཛུམ་དེ་མ་ཐག་ཏུ་གནག་པར་གྱུར་བ་དང་ཧ་ཅང་ཡིད་ཕངས་བ་ལྟ་བུའི་དངན་པ་ཞིག་འཐེན་ཏེ་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་བསྡད་བྱུང་། མ་ཡར་གྱི་སེམས་གཏིང་ནས་ཕྱུངས་པའི་དངན་པ་དེས་ངའི་སེམས་གཏིང་ལའང་རང་དབང་མེད་པའི་ན་ཟུག་ཅིག་བྱིན་སོང་ལ་ཨ་ཕའི་མེ་ཏོག་གད་པ་ལྟ་བུའི་འཛུམ་མདངས་ དེའང་ཕྱིར་བསྡུ་རུ་བཅུག་སོང་།
          ཁྱིམ་ནང་དུ་སྐད་ཅིག་ལ་ལྷིང་འཇགས་སེར་གྱུར།
          མཇུག་མཐར་ང་རང་གཉིད་རྒྱུ་ཡོང་བར་ཁ་གཡར་ནས་ང་ཚོ་ཉལ་བ་ཡིན། ང་རང་ནམ་རྒྱུན་ལྟར་ཐབ་ཀའི་གཡས་རྒྱུད་ནས་མགོ་བོ་འཕྲེད་དུ་བསྟན་ནས་ཉལ་བ་ཡིན་ལ། ཨ་ཕ་དང་མ་ཡར་དུས་རྒྱུན་བཞིན་ཐབ་ཀའི་གཡོན་རྒྱུད་ནས་ལྷན་ཅིག་ཏུ་ཉལ་བ་རེད། དགོང་མོ་འདིར་ངའི་སེམས་ལ་ཡང་བསྐྱར་བདུད་མོ་དང་མ་སངས་ཡ་རུ་ཁ་ཁྲ་སོགས་ཅི་ཡང་དྲན་མ་བྱུང་།སེམས་སུ་དྲན་པ་གཅིག་པུ་ནི་ཁྱིམ་ཚང་ཞེས་པའི་ཐ་སྙད་དེ་ཁོ་ན་རེད། ཁྱིམ་ཚང་ཞིག་ཡིན་ཚེ་ཨ་ཕ་ཞིག་དང་ཨ་མ་ཞིག་དང་བྱིས་པ་ཞིག་དགོས་པ་རེད། དེ་བས་མ་ཡར་གྱིས་ངས་ཁོ་མོར་ཨ་མ་ཞེས་ཨེ་འབོད་ལ་རེ་བ་བྱེད་པ་རེད་ལ།ངས་དེ་མ་བོས་ཚེ་ཁྱིམ་ཚང་འདི་ཡང་ཚད་ལྡན་གྱི་ཁྱིམ་ཚང་ཞིག་མིན་པར་གྱུར་བ་རེད། དོན་ངོ་མར་བཤད་ན་ངས་ཁོ་མོར་ཨ་མ་ཞེས་འབོད་སྙིང་ཧ་ཅང་འདོད།
          ངས་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ལ་རང་ཉིད་ཀྱི་བསམ་ཚུལ་དེ་བཤད་པ་ན། རྣམ་རྒྱལ་གྱིས། ཨ་མ་མིན་པ་ཞིག་ལ་ཨ་མ་ཞེས་འབོད་དོན་ཅི་ཡོད་དམ་ཟེར།
          མགོན་སྐྱབས་ཀྱིས་ངས་ཀྱང་དེ་ལྟར་འདོད་ཟེར།
          སྐབས་དེར་ལྷ་མོས་ཕ་རོལ་ནས་ཅི་ཡང་མི་ཟེར་བར་ང་ལ་བལྟས་ནས་སྡོད་ལ། ཁོ་མོའི་མིག་མདངས་ལ་བལྟས་ན་ང་ལ་ཨ་མ་མེད་པར་གདུང་སེམས་བཅངས་ཀྱིན་ཡོད་པ་འདྲ། སྔོན་ནས་བཟུང་ང་རང་མི་གཞན་གྱིས་རང་ཉིད་ལ་སྙིང་རྗེ་སྒོམ་པར་བྱེད་པར་གཏན་ནས་མི་འཐད་ལ་ད་དུང་མི་གཞན་གྱིས་དེ་ལྟ་བུའི་རྣམ་འགྱུར་སྟོན་པར་ཚིག་པ་ཟོས་ཡོང། དེ་ནི་ཁོ་ཚོ་མཐོ་སར་བཞག་ནས་ང་རང་ཐམས་ཅད་ཀྱི་ དམན་སར་འཕངས་བའི་མཚོན་རྟགས་ཤིག་ཡིན་པས་རེད། འོན་ཀྱང་སྐབས་འདིར་ལྷ་མོའི་རྣམ་འགྱུར་དེར་ང་རང་ཚིག་པ་མི་ཟ་བར་གྱུར་སོང་། རྒྱུ་མཚན་ནི་ལྷ་མོའི་མིག་མདངས་དེ་མ་ཡར་གྱི་མིག་མདངས་དང་འདྲ་བའི་ཆ་ཞིག་ཀྱང་ཡོད་པར་འདུག ང་རང་རྣམ་རྒྱལ་དང་མགོན་སྐྱབས་ཀྱི་སྐད་ཆ་དེར་མ་འཐད་པས་ལྷ་མོར་བལྟས་ཏེ། ཁྱོད་རང་ངའི་ཆུང་མ་བྱེད་འདོད་དམ་ཅེས་བཤད།
          ངའི་སྐད་ཆ་དེས་རྣམ་རྒྱལ་ཧད་པར་གྱུར་ནས་ངའི་གདོང་ལ་ཅེར་བར་གྱུར། མགོན་སྐྱབས་ཀྱིས་ལྷ་མོར་བལྟས་ནས་དགོད་ཀྱིན་འདུག་ཅིང་། ལྷ་མོའི་ངོ་གདོང་དམར་པོར་གྱུར་ནས་མགོ་བོ་དུད་པ་དང་། ལག་པས་ལྭ་བའི་ཐུ་བར་རེག་ གིན་འདུག་པ་ལས་ཅི་ཡང་མི་བཤད།
          ཡིན་ན་ཡང་ངའི་སྐད་ཆ་དེས་ལྷ་མོར་འགྱུར་ལྡོག་ཆེན་པོ་ཞིག་ཏུ་འབྱུང་དུ་བཅུག་སོང་། ཁོ་མོ་ཕལ་ཆེར་ལོ་འགའ་ཡིས་ནར་སོན་པ་དང་འདྲ་ལ་སྔོན་ནས་ ངའི་ཆུང་མར་གྱུར་ཟིན་པ་དང་ཡང་འདྲ། སྐད་ཆ་དེ་བྲིས་པ་ནས་བཟུང་ཁོ་མོས་དོན་གང་དང་ཅིའི་ཐད་ནས་ཀྱང་ང་ལ་འཛེམ་དོགས་བྱེད་པ་དང་སྐད་ཆ་བཤད་དུས་ཀྱང་སྔོན་ཆད་ཀྱི་ང་རང་ བྱིས་པ་ཞིག་ཡིན་པའི་ལྟ་ཚུལ་དེ་དོར་ནས་ང་རང་ཁོ་མོའི་བློ་འདྲི་ས་ཡིན་པ་ལྟ་བུའི་རྣམ་འགྱུར་འཛིན་པར་བྱེད་ལ། ད་དུང་སྔོན་ཆད་ལྟར་གང་ བྱུང་ངང་རྣམ་རྒྱལ་ལ་འགྲོགས་པར་ཡང་འཛེམ་དོགས་བྱེད།
          རྣམ་རྒྱལ་གྱིས་མགོན་སྐྱབས་དང་ལྷ་མོ་གཉིས་གམ་དུ་མེད་པའི་སྐབས་དང་བསྟུན་ནས་ཧ་ཅང་ཧ་མི་གོ་བའི་མིག་མདངས་ཀྱིས་ང་ལ་བལྟས་ཏེ། ཁྱོད་ལ་དངོས་ནས་ལྷ་མོ་མཁོ་བར་འདུག་གམ་ཞེས་དྲིས་བྱུང་ལ། དེ་དང་ལྷན་དུ་ཧ་ཅང་གཏིང་མི་དཔོག་པའི་འཛུམ་ཞིག་ཀྱང་བསྟན་བྱུང་།
          ངས་བསམ་བློ་ཞིག་བཏང་བ་ན། ང་ལ་ལྷ་མོ་མཁོ་དོན་ཅི་ཞིག་ཡོད་པ་མི་རྟོགས་ཀྱང་ལྷ་མོར་ང་རང་མཁོ་བ་མངོན་གསལ་རེད་དེ། ང་རང་ཡོད་ཚེ་ཁོ་མོར་སྤྱང་ཀིར་ཡང་སྐྲག་དགོས་དོན་མེད་པ་མ་རེད་དམ། དེ་བས་ངས་ཁོ་ལ་ལན་དྲང་བོར་མ་བཏབ་པར་ཁྱོད་ཀྱིས་ལྷ་མོའི་བྲང་ཁར་རེག་ཨེ་མྱོང་ཞེས་དྲིས།
          རྣམ་རྒྱལ་གྱི་གདོང་ན་ཡོད་པའི་གཏིང་མི་དཔོག་པ་ཡོངས་རྫོགས་དེ་མ་ཐག་ཏུ་གར་སོང་ཆ་མེད་དུ་གྱུར་སོང་། མིག་ཆེ་རུ་ཅེར་བཞིན་ཁོ་མོའི་བྲང་ཁར་ཅི་ཞིག་བྱས་སོང་ཟེར་ནས་ངའི་གདོང་ནས་ཅི་ཞིག་འཚོལ་བ་ལྟར་བྱེད་པ་ནི་ཕལ་ཆེར་ངའི་གདོང་གི་ཕྱོགས་གང་ཞིག་ནས་གདོན་འདྲེ་ཞིག་མཐོང་བྱུང་བ་དང་འདྲ།
          ངས་བསྲན་མ་ཚུགས་པར་བགད་པ་ན་ཁོ་རང་ཡང་བགད་བྱུང་། དགོད་བཞིན་དུ་འདྲེ་ཕྲུག་ཁྱེད་ཀྱིས་ངའི་ཁ་རྩེ་གྱིན་པ་ཡིན་ནམ་ཟེར་ནས་ང་རང་སར་མནན་ནས་འདོམས་ནང་གི་དེ་ལ་ལག་བསྙབས་བྱས་བྱུང་། འདི་ནི་གསར་བུ་དག་གིས་ང་ཚོར་མ་རབས་བྱེད་སྟངས་ཤིག་ཡིན་ཞིང་ཁོ་ཚོས་འདོམས་ནང་གི་དེ་ལ་ལག་པས་རེག་ན་གདོན་འདྲེ་དམྱལ་བར་མངགས་མྱོང་མིན་ཤེས་ངེས་ཡིན་ཟེར། ངས་དམྱལ་བ་ཟེར་བ་ཅི་རེད་ཅེས་དྲིས་པ་ན། ཁོ་ཚོས་དམྱལ་བ་ནི་བུད་མེད་ཚོའི་ལུས་སྟེང་དུ་ཡོད་པ་རེད་ཟེར། སྐད་ཆ་དེས་ངའི་མགོ་བོ་ཧ་ཅང་རྨོངས་པར་བྱས་སོང་། རྣམ་རྒྱལ་གྱིས་ཀྱང་གསར་བུ་ཚོའི་ལད་མོ་བྱས་ཏེ། དེ་རིང་ངས་ཁྱོད་ཀྱིས་གདོན་འདྲེ་དམྱལ་བར་མངགས་མྱོང་མིན་ལ་ལྟ་རྒྱུ་ཡིན་ཟེར།
          ངས་ཁོ་ལ་ཞུ་བ་བྱེད་དགོས་བྱུང་། རྒྱུ་མཚན་ནི་ང་ཚོའི་དེ་ལྟར་ཞུ་བ་ཡང་ཡང་བྱས་པ་ན་ད་གཟོད་གསར་བུ་དག་གིས་ཀྱང་གློད་པར་བྱེད་པ་རེད།
          རྣམ་རྒྱལ་གྱིས་ཡང་བསྐྱར་ང་ལ་ལྷ་མོའི་སྐོར་གྱི་བྱེད་མ་མྱོང་ལ་ལྷ་མོ་དང་ལྷན་དུ་མཉམ་འགྲོ་མཉམ་འདུག་གིས་ཀུ་རེ་རྩེ་བ་སོགས་ཀྱང་མི་བྱེད་པར་འདུག རྒྱུ་མཚན་ནི་ལྷ་མོ་ངའི་ཆུང་མར་བསླངས་ཡོད་པ་དེ་ཁོ་ཚོ་མི་རེ་རེའི་སེམས་ནས་གསལ་བོར་ཤེས་པའི་རྐྱེན་གྱིས་རེད། འོན་ཀྱང་མགོན་སྐྱབས་ཀྱིས་ནམ་རྒྱུན་པྲ་ཆལ་ངང་ལྷ་མོ་དང་ངེད་གཉིས་ཀྱི་མིང་ནས་མི་འབོད་པར་ཁྱོད་ཀྱི་ཁྱོ་ག་དང་ཁྱོད་ཀྱི་ཆུང་མ་ཞེས་འབོད་པར་བྱེད་པས། སྐབས་དེ་དག་ཏུ་ལྷ་མོའི་ངོ་གདོང་དམར་བོ་དམར་རྐྱང་དུ་གྱུར་ཏེ་མགོ་བོ་ཡར་འདེགས་པའི་སྤོབས་མེད་པར་གྱུར་འགྲོ་ལ། དེ་དང་ལྷན་དུ་ལྷ་མོ་དང་ངེད་གཉིས་ཀྱི་བར་ཐག་ཀྱང་སྔོན་ཆད་དང་མི་འདྲ་བར་ཅུང་ཇེ་རིང་དུ་གྱུར་བ་ལྟར་སྣང་། ངོ་མ་ངའི་སེམས་སུ་བར་ཐག་ཇི་ལྟར་ཇེ་རིང་དུ་གྱུར་ན་དེ་ལྟར་ཕན་ཚུན་ལ་སྙིང་ཉེ་ཞིང་སེམས་དུང་བ་དང་ཉིན་བཞིན་མཐོང་འདོད་པའི་ཚོར་བ་ཞིག་འདུག འདི་ནི་ངའི་སེམས་ཀྱི་གསང་བ་ཞིག་ཡིན།
          ངེད་ཚང་དང་རྣམ་རྒྱལ་ཚང་། མགོན་སྐྱབས་ཚང་། ལྷ་མོ་ཚང་བཅས་ཁྱིམ་ཚང་བཞི་བོ་ནི་རུ་བ་གང་དུ་མཚེར་སྤོ་བྱེད་ནའང་ཁྱིམ་མཚེས་བྱ་ནའང་ཁྱིམ་ མཚེས་བྱས་ཏེ་དབབ་པརབྱེད་པ་ཡིནལ། མཚེར་སར་རུ་འབེབས་པའི་ཚུལ་གཅིག་མཚུངས་ཡིན་པ་འདི་ལྟར།
          དེའི་རྐྱེན་གྱིས་ངེད་ཚང་ལ་ཆེས་ཉེ་ཤོས་ཀྱི་ཁྱིམ་མཚེས་ནི་རྣམ་རྒྱལ་ཚང་དང་མགོན་སྐྱབས་ཚང་གཉིས་ཡིན་པ་རེད་ལ་ལྷ་མོ་ཚང་ངེད་ཚང་གི་བར་ཐག་ཅུང་རིང་ཤོས་ཡིན་པ་རེད། ང་རང་ནོར་རྫིར་འགྲོ་དུས་ཐད་ཀར་རྣམ་རྒྱལ་ཚང་ལ་སོང་སྟེ་རྣམ་རྒྱལ་དང་ལྷན་དུ་ཕར་ལ་ཕྱིན་པ་ན། མགོན་སྐྱབས་དང་ལྷ་མོ་གཉིས་ཀའང་ལྷ་མོ་ཚང་གི་ལྷས་དཀྱིལ་ནས་ཡར་ཕྱོགས་སུ་བུད་དེ་ཡོང་བ་རེད་པས་མཚེར་ས་རེ་རེར་ང་ཚོས་ཀྱང་རང་རང་ནོར་རྫིར་འགྲོ་བའི་ལམ་ཕྲན་རེ་སྤང་སྟེང་དུ་སྐྱ་ཤལ་ལེར་བཏོད་ཡོད། ང་ཚོས་ནོར་རྫིར་འགྲོ་བའི་རྐང་ལམ་བཏོད་པ་བཞིན་དུ་མ་ཡར་གྱིས་ཀྱང་ངེད་ཚང་ནས་ལྷ་མོ་ཚང་གི་བར་དུ་ནམ་རྒྱུན་ཁ་བརྡ་བྱེད་དུ་སོང་བའི་ལམ་ཕྲན་ཞིག་སྐྱ་ཤལ་ལེར་བཏོད་ཡོད་ལ།ལམ་ཕྲན་དེ་ངེད་ཚང་གི་སྒོ་མདུན་ནས་མགོ་བརྩམས་ཏེ་མགོན་སྐྱབས་ཚང་གི་སྒོ་མདུན་དང་རྣམ་རྒྱལ་ཚང་གི་ལྟག་རྒྱབ་བརྒྱབ་བརྒྱུད་ནས་རྩྭ་གསེབ་ཀྱི་ཨ་བྲའི་རྗེས་ཤུལ་ལྟར་གྱ་གྱུའི་ངང་ལྷ་མོ་ཚང་གི་སྒོ་མདུན་དུ་འཐེན་ཡོད། ཡིན་ན་ཡང་ཁྱིམ་ཚང་བཞི་བོའི་དཀྱིལ་དབུས་ནི་ཟོག་ལྷས་ཡིན་པས་རྩྭ་རྫོབ་ག་ལ་ ཡོད། ལྕི་འདམ་དང་རིལ་ལུད་ཁྲོད་ཀྱི་སྐམ་ས་བརྒྱུད་པ་ལྟ་བུའི་ངང་ཚུལ་ཏེ་འདམ་རྫབ་རེ་རེ་བསྐོར་ནས་སོང་བའི་རྗེས་ཤུལ་རེད། མ་ཡར་ཐེངས་དང་པོར་འདི་ལྟར་གྱ་གྱུའི་ངང་སོང་སྟེ་ལྷ་མོ་ངའི་ཆུང་མར་བསླངས་པར་ངེས་ལ་དེ་ནས་བཟུང་རིམ་བཞིན་ལམ་ཕྲན་འདི་གྲུབ་པར་སྣང་བ་དང་། ཐ་ན་མཇུག་མཐར་ལྷ་མོ་ཡང་ལམ་ ཕྲན་འདི་བརྒྱུད་ངའི་ཆུང་མར་བསུ་དགོས་པ་ཡིན་ཡང་སྲིད།
          མ་ཡར་ནམ་རྒྱུན་ལམ་ཕྲན་འདི་བརྒྱུད་དེ་འགྲོ་བར་ཡང་དུས་ཚོད་ཀྱི་གཏན་འཁེལ་ངེས་ཅན་ཞིག་ཡོད་དེ། དེ་ནི་ཨ་ཕ་ལུག་རྫིར་སོང་ཤུལ་དང་ང་རང་ནོར་རྫིར་སོང་ཤུལ་གྱི་ཁོ་མོ་གཅིག་པུ་སུན་སྣང་སྐྱེས་པའི་དུས་སྐབས་དེ་ཡིན་པ་རེད། ཡིན་ནའང་ཁོ་མོས་ནམ་རྒྱུན་རང་ཉིད་ཕར་སོང་བ་ཡིན་པ་ཨ་ཕར་སྦ་གསང་བྱས་ ནས་མོ་རང་ཁྱིམ་ཚང་གཞན་གྱི་རུ་ཁ་ཉུལ་བར་སུན་སྣང་སྐྱེས་ཀྱིན་འདུག་ཟེར། ངའི་སེམས་ལ་རྐང་བ་སྤོས་ཤུལ་གྱི་ལམ་གསལ་ལེར་ཡོད་པས་སྦ་གསང་བྱེད་ཐབས་གར་ ཡོད་སྙམ་ན་ཡང་། ཁོ་མོས་མུ་མཐུད་དུ་གསལ་བཤད་བྱེད་པའི་ཚུལ་གྱིས་ལྷ་མོའི་ཨ་མ་ནམ་རྒྱུན་ཁོ་མོའི་སར་ཡོང་སྟེ་ལྷ་མོར་གནས་བདག་མང་པོ་འབྱུང་གིན་འདུག་པས་ཁྱོད་ཚང་གིས་གང་མྱུར་ངང་ཁྱིམ་ལ་བསུས་ན་བཟང་ཚུལ་འཆད་ཀྱི་འདུག་ཟེར།
          ཨ་ཕ་དང་ངེད་གཉིས་མེད་ཤུལ་དུ་མ་ཡར་ཡང་བསྐྱར་མགོན་སྐྱབས་ཚང་གི་སྒོ་མདུན་དང་རྣམ་རྒྱལ་ཚང་གི་ལྟག་རྒྱབ་ཀྱི་གྱ་གྱུའི་ལམ་ཕྲན་དེ་བརྒྱུད་ནས་ལྷ་མོ་ཚང་སོང་བ་ཡིན་ཤས་ཆེ། ང་རང་ནོར་རྫི་ནས་ཕྱིར་ཐོན་དུས་ཀྱང་འཚམས་ འདྲི་ཅི་ཡང་བྱས་མ་བྱུང་ལ་མཇུག་མཐར་ཨ་ཕ་ལུག་རྫི་ནས་ཕྱིར་ལོག་ཡོང་དུས་སུ་ ཐོག་མར་བཤད་པའི་སྐད་ཆ་ནི། ལྷ་མོ་རང་ཉིད་ངེད་་ཚང་ལ་ཡོང་འདོད་མི་འདུག་སྐད། ཁོ་མོ་གནས་ས་གཞན་དུ་འགྲོ་རུ་འཇུག་རྩིས་འདུག་ཟེར་བ་དེ་རེད་ལ་ད་དུང་ངོ་གདོང་དུ་ཐང་ཆད་པ་ལྟ་བུའི་མདངས་ཤར་འདུག
          ཨ་ཕས་དེ་ཐོས་མ་ཐག་ཐོག་མར་ཡ་མཚར་བའི་མིག་མདངས་ཀྱིས་མ་ཡར་ལ་ཅེར་བྱུང་ལ། མ་ཡར་ཐང་ཆད་པ་ལྟ་བུའི་ངོ་མདངས་དེ་མཐོང་མ་ཐག་དེ་འཕྲལ་དབུགས་ཤུབ་པ་ལྟར་ངའི་ངོ་ལ་ལྟ་ཙམ་བྱས་རྗེས་གོ་ཐལ་ནང་དུ་ ཅེར་ནས་འདང་རྒྱག་གི་ནང་དུ་ལྷུང་སོང་།
          སྐབས་དེར་ངའི་ཁོག་པའི་ནང་དུ་རླུང་ཞིག་གཡོས་བྱུང་བས་ངག་མི་འཁྲོལ་བ་ལྟར་གྱུར་བ་དང་སྡོད་ཀྱང་མི་ཚུགས་པས་སྒོ་ཕྱིར་བརྒྱུགས་ཏེ་ཕྱི་རོལ་གྱི་ཐང་དཀྱིལ་དུ་ཕྱིན་པ་ཡིན། ཁོར་ཡུག་ཡོངས་རྫོགས་མདོག་མེད་ཅིང་སྟོང་ལྷང་ངེར་འདུག་ཅིང་། ཕལ་ཆེར་འཇིག་རྟེན་འདིར་ང་རང་གཅིག་པུ་ལྷག་སོང་བ་ལྟ་བུའི་སྣང་བ་བྱུང་། ཡུན་རིང་ཙམ་ལ་ངའི་སེམས་ནང་ནག་འཐིབས་སེར་ཅི་ཡང་དྲན་རྒྱུ་མི་འདུག་ལ་རིམ་བཞིན་དུ་རིག་པ་ཇེ་གསལ་དུ་གྱུར་ཏེ། ཨ་ཕ་དང་མ་ཡར། ལྷ་མོ་སོགས་ཀྱི་ངོ་གདོང་རེ་རེ་བཞིན་ངའི་མིག་ལམ་དུ་ཤར་བྱུང་། ངས་ཀྱང་གསལ་བོར་ལོས་ ཤེས་ཏེ། མ་ཡར་གྱིས་ལྷ་མོའི་དོན་དུ་སེམས་སྐྱོ་བྱེད་པ་མ་ཡིན་པར་ང་ཁོ་ནའི་ཆེད་དུ་སེམས་ངལ་མྱོང་གིན་པ་རེད་ཨང་། ཁོ་མོའི་སེམས་ངལ་དེ་དུས་འདིར་སྨུག་པ་བཞིན་ངའི་ཡ་ཆུང་སེམས་ཀྱི་ཁོང་གཏིང་དུ་མཆེད་འོང་། མཇུག་མཐར་ཨ་ཕས་ང་ཡུལ་དུ་འབོད་དུས་མུན་ཡོངས་སུ་རུབ་འདུག
          ཨ་ཕས་ང་ལ། ཁྱོད་གང་དུ་སོང་བ་ཡིན་ཟེར།
          ངས་ཨ་ཕ་ལ། ང་ལ་《མི་རོ་རྩེ་སྒྲུང་》ཞིག་ཉོ་རོགས་ཞུ་ཞེས་ཞུས།
          ཨ་ཕ་ཧ་ཅང་ཡ་མཚར་བར་གྱུར་ཏེ་ངའི་གདོང་ལ་ཞིབ་ལྟ་བྱེད་བཞིན། དེ་ནི་ཁྱོད་ལ་དེ་འདྲའི་ཕན་ཐོགས་ཆེ་བ་རེད་དམ་ཞེས་དྲིས་བྱུང།
          མ་ཡར་གྱིས་ཀྱང་ཨ་ཕར་ཞུ་བ་བྱེད་པའི་གདངས་ཀྱིས་ཉོ་ཐུབ་པ་ཞིག་ ཡིན་ན་ཅིས་ཀྱང་ཁོའི་རེ་བ་སྐོང་རོགས། དོན་དངོས་སུ་བཤད་ན་ཨ་ཕར་ཉོ་དགོས་པའི་བཀའ་ཕབ་པ་རེད།
          ངས་ཡིད་འགུལ་ཐེབས་པའི་ངང་མ་ཡར་ལ་བལྟས་པ་ན། ཁོ་མོས་ཀྱང་ང་ལ་བལྟས་ཏེ་བཙན་ཚུགས་ཀྱིས་འཛུམ་ཙམ་བྱེད། འོན་ཀྱང་འཛུམ་དེ་ནི་ནམ་རྒྱུན་དང་གཏན་ནས་མི་མཚུངས་བར་འདུག་སྟེ། འཛུམ་དེའི་ནང་དུ་ཕལ་ཆེར་མིག་ཆུ་ཞིག་ཀྱང་འདྲེས་ཡོད་པ་འདྲ།
          ཨ་ཕས་མ་ཡར་ལ་ལྟ་ཙམ་བྱེད་པ་དང་དེ་ནས་ཡང་བསྐྱར་ང་ལ་བལྟས་ཏེ་ཅུང་ལ་འདང་རྒྱག་པ་ལྟར་སྡོད་ཅིང་། མཇུག་མཐར་ཧ་ཅང་ནན་ཏན་ངང་། འོན་ཀྱང་་་་་་་འོན་ཀྱང་ཁྱོད་ཀྱིས་ཡི་གེ་མི་ཤེས་པས་་་་་་་ཟེར་ནས་ངའི་བསམ་འཆར་ལ་སྒུག་པ་ལྟར་འདུག
          ཨ་ཕའི་སྐད་ཆ་དེས་ང་རང་ལ་བཤད་རྒྱུ་ཅི་ཡང་མེད་པར་བྱས་སོང་། ངས་དངོས་གནས་དེའི་ཕྱོགས་ལ་བསམ་བློ་བཏང་མ་མྱོང་བར་འདུག
          རྣམ་རྒྱལ་གྱི་ཁུ་བོ་ནི་དགོན་པ་ན་ཡོད་ཅིང་ང་ཚོ་ཚང་མས་ཁོང་ལ་ཨ་ཁུ་ཞེས་འབོད་ཀྱིན་ཡོད་པ་ལས་མིང་དངོས་ལ་ཅི་ཟེར་བ་མི་ཤེས། གོ་ཐོས་ལ་ཁོང་ཉིད་ཆུང་དུས་ལྷ་ས་རུ་སོང་སྟེ་ཡི་གེ་སྦྱངས་པ་རེད་ཟེར། ད་ལྟ་ཁོང་གིས་དགོན་པ་ནས་ཨ་ཁུ་ཆུང་ཤས་དག་ལ་ཡི་གེ་འཁྲིད་ཀྱིན་ཡོད་ཅིང་ནམ་རྒྱུན་རྣམ་རྒྱལ་ཚང་ལ་ཡོང་དུས་རྣམ་རྒྱལ་ལ་ཡི་གེ་ཁྲིད་པས་རྣམ་རྒྱལ་གྱིས་ཀྱང་ཡི་གེ་ཤེས་པར་གྱུར་བ་རེད། ངའི་ཨ་ཕས་ཡི་གེ་མི་ཤེས་ལ་མ་ཡར་གྱིས་ཀྱང་ཡི་གེ་མི་ཤེས་པས་སྐབས་འདིར་ངའི་སེམས་གཏིང་ནས་རང་ཉིད་ལ་དེ་འདྲ་བའི་ཁུ་བོ་ཞིག་མེད་པར་འགྱོ ད་པ་སྐྱེས་བར་གྱུར།
          མ་ཡར་གྱི་གདོང་ལ་ཧ་ཅང་ཐབས་ཟད་ཅིང་ང་རང་ལ་རོགས་སྐྱོར་ཅི་ཡང་བྱེད་མ་ནུས་པའི་འགྱོ ད་སྣང་གི་མདངས་ཤིག་ཤར་ ཞིང་གོ་ཐལ་གྱི་ནང་དུ་ཅེར་ནས་འདུག ཨ་ཕས་མ་ཡར་དང་ངེད་གཉིས་ཕམ་པར་གྱུར་བའི་བཟོ་ལྟ་དེ་མཐོང་མ་ཐག་ཁོང་གིས་བཤད་པའི་སྐད་ཆ་དེ་ནོར་འཁྲུལ་ཞིག་ཡིན་པ་ལྟར་ཅུང་ནོངས་ཤིང་འགྱོ ད་བར་གྱུར་སོང་། ལན་རེར་མ་ཡར་གྱི་གདོང་ལ་ལྟ་ཙམ་བྱེད་པ་དང་མཚམས་རེར་ངའི་རྣམ་འགྱུར་ལ་བརྟག་ཙམ་བྱེད་ཀྱིན་སྡོད་ཅིང་། མཇུག་མཐར་ཅུང་ཙམ་ལ་འདང་བརྒྱབ་སྟེ་བསྡད་རྗེས་གློ་བུར་བའི་གད་མོ་ཞིག་བཤད་བགད་བྱུང་བས་མ་ཡར་དང་ངེད་གཉིས་མཉམ་དུ་དཀྲོགས་ཀེར་བཏང་སོང་། ངའི་སེམས་ལ་ཨ་ཕའི་ཡིད་དུ་ཐབས་བཀོད་ལེགས་པོ་ཞིག་དྲན་བྱུང་བ་ཡིན་རྒྱུ་རེད་སྙམ།
          ཨ་ཕས་ངའི་ཕྲག་པར་ཐལ་ལྕག་ཡང་མོས་རྡེག་ཙམ་བྱས་ཤིང་གདོང་ཡོངས་ལ་བྱམས་བརྩེ་དང་ཡིད་ཚིམ་གྱི་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ཡི་གེ་ཞིག་མ་ཤེས་པར་གནའ་གཏམ་འདོན་མ་ཐུབ་པར་སྐྱོན་ཅི་ཡོད། ཨ་ཕས་ཀྱང་ཡི་གེ་འདོན་མ་མྱོང་བ་རེད་མོད་ད་ལྟ་ཧ་ཅང་སྐྱིད་པོར་བསྡད་ཡོད་པ་མ་རེད་དམ། གནའ་གཏམ་ནི་བྱིས་པའི་མགོ་གཡོག་སྤྱད་ཙམ་རེད། དེ་ལས་ད་ལྟ་ཁྱོད་ནི་མནའ་མ་ལེན་པའི་ལོ་ཚོད་ལ་སོན་ཡོད་པས་་་་་་་་ ཟེར་ནས་མ་ཡར་གྱི་གདོང་ལ་ལྟ་ཙམ་བྱས་པ་དང་། མ་ཡར་གྱིས་ཀྱང་ཁོང་གི་སྐད་ཆར་གནས་ལུགས་ཡོད་པའམ། ཡང་ན་ང་ལ་སེམས་གསོ་བྱེད་སྤྱད་ཡག་པོ་ཞིག་ཡིན་པ་ཤེས་པ་ལྟར་གདོང་མདོག་ཇེ་ཡག་ཏུ་གྱུར་ཏེ་མུ་མཐུད་དུ་ཅི་ཟེར་ལ་ཉན་འདུག་པ་མཐོང་ནས་སྤྲོ་བ་བླ་ལྷག་ཏུ་འཕེལ་ཏེ། མུ་མཐུད་དུ་སྦྲེལ་ནས་བཤད་བྱུང་། ལྷ་མོ་ནི་ཁྱོད་ལ་མི་དགོས་ཀྱང་ཆོག འོན་ཀྱང་མནའ་མ་ནི་གང་སར་ཡོད་པས། ཨ་ཕས་ཁྱོད་ལ་མནའ་མ་མཛེས་མ་ཞིག་བཙལ་ན་བསམ་དོན་འགྲུབ་སོང་བ་ཡིན་ཟེར་ནས་མུ་མཐུད་དུ་མ་ཡར་གྱི་གདོང་ལ་ལྟ་ཞོར་དང་དགོད་ཞོར་བྱེད།
          ཨ་ཕའི་ཚིག་དེས་ངའི་སེམས་ལ་གཞི་ནས་མ་ཡར་ནི་ཧ་ཅང་མཛེས་ན་ཞིག་ཡིན་པ་དྲན་དུ་བཅུག ངས་ལྐོག་ཏུ་མ་ཡར་ལ་ལྟ་ཙམ་བྱས་པ་ན་ཁོ་མོ་ཡང་ཧ་ཅང་ཡིད་སྤྲོ་བའི་ངང་དགོད་ཀྱིན་ཡོད་ཅིང་། དགོད་ཀྱིན་པའི་དུས་སྐབས་དེར་ནམ་རྒྱུན་ལས་ཀྱང་ཧ་ཅང་མཛེས་བར་གྱུར་འདུག ངའི་སེམས་ལ་མ་གཞི་མི་སུ་ཡིན་རུང་དགོད་པའི་དུས་སུ་ཧ་ཅང་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད་ཨང་སྙམ་བྱུང་། གང་ལྟར་ཨ་ཕའི་སྐད་ཆ་དེས་ཀྱང་ངའི་སེམས་ལ་རང་ཉིད་ལ་མིག་གཅིག་མེད་ལ་ལྟ་བུའི་ནོངས་སེམས་དེ་གསོས་མ་བྱུང་།
          དོན་དག་ཅི་ཞིག་བྱུང་ཡང་རྣམ་རྒྱལ་དང་མགོན་སྐྱབས། ལྷ་མོ་བཅས་ནི་སྔར་བཞིན་ངའི་ནོར་རྫི་གྲོགས་པོ་ཡིན་པ་སྨོས་ཅི་དགོས། ཡིད་ལའང་མ་དྲན་པ་ཞིག་ལ་ལྷ་མོ་ནི་ཁ་སང་ལས་ཀྱང་ང་ལ་ཤ་ཚ་བ་དང་སྙིང་ཉེ་པ་འདུག་སྟེ། དེ་སྔོན་གྱི་ང་ཆུང་མ་ཡིན་པ་ལྟ་བུའི་གུས་བཀུརདང་དོགས་སེམས་ཀྱི་བཟོ་ལྟ་དག་རྩ་བ་ནས་དོར་ཏེ་དངོས་གནས་ཆུང་མ་ཡིན་པ་ལྟར་མངོན་སུམ་འཛེམ་མེད་ཀྱིས་ང་ལ་རོགས་རམ་བྱེད་ཅི་ཐུབ་བྱེད་པ་དང་ལན་རེར་ང་ལ་སྡིགས་མོའང་བྱས་འོང་། ཐ་ན་ནོར་ཁ་ལེན་དུ་འགྲོ་དུས་ཀྱང་ཁོ་མོ་ཏག་སེར་ཡར་ལངས་ཏེ། ངེད་གཉིས་སོང་བས་ཆོག ཁྱོད་གཉིས་ཀྱིས་ངལ་གསོས་ཤིག་ཟེར་ནས་ང་རང་ཁྲིད་དེ་ནོར་ཁ་ལེན་དུ་འགྲོ་ལ། འགྲོ་ཞོར་དུ་ད་དུང་ང་ལ་སྡིགས་མོའི་ཚུལ་དུ། རང་ཉིད་ཀྱི་དངོས་བོར་ཡང་བདག་བྱེད་མི་ཐུབ་པའི་སྐྱེས་པ་ཞིག་ཡོད་དམ། རྗེས་ནས་རང་མགོ་རང་བདག་བྱས་ན་ལེགས་པ་རེད་ཟེར།
          ཁོ་མོའི་ཨ་མ་ལྟ་བུའི་རྫིག་ཉམས་དེར་ང་ཡང་ཧ་ཅང་ཡི་མི་རངས་པར་གྱུར་ཏེ། ངའི་ཞྭ་མོ་ངའི་མགོ་ན་ཡོད་པ་མི་མཐོང་ངམ། ནམ་ཞིག་ལ་སུ་ཞིག་གིས་འཕྲོག་སོང་ཞེས་བཤད་པ་ཡིན། ནོར་རྫི་བྱིས་པ་མ་རབས་འགའ་རེས་གཞན་ལ་མཐོང་ཆུང་བྱེད་དུས་དེའི་ཞྭ་མོ་འཕྲོག་སྟེ་རྡོག་བརྫིས་བྱས་རྗེས་ཕྱིར་དེའི་མགོ་ལ་བསྐོན་པ་རེད། དེའི་ནང་དོན་ནི་ཁྱོད་ནི་ནམ་ཡང་ངའི་ཡན་ལ་འབུད་མི་ནུས་ཞེས་པའི་དོན་རེད། ལྷ་མོས་ངའི་སྐད་ཆ་དེ་ཐོས་འཕྲལ་བགད་བྱུང་། དགོད་ཞོར་མིག་ཆུ་ཐིགས་པ་འགའ་འགྲམ་ངོས་ནས་མར་འགྲིལ་བྱུང་བའང་ངས་དངོས་སུ་མཐོང་བྱུང་། དེ་ནི་མིག་འཁྲུལ་ག་ལ་ཡིན།
          ཁོ་མོས་དགོད་ཞོར་དུ་མིག་ཆུ་འབྱིད་ཙམ་བྱས་ཏེ་བཤད་རྒྱུར། གང་ལྟར་ཁྱོད་ནི་ངའི་དཔོན་པོ་ཡིན་ཟེར།
          ངའི་སེམས་ལ། དཔོན་པོ་ནི་དཔོན་པོ་ཡིན་པས། བློན་པོས་དཔོནཔོ་ལ་འདི་ལྟར་སྡིགས་མོ་བྱེད་སྲོལ་ཡོད་དམ་སྙམ་མོད་ངག་ནས་དེ་ལྟར་བཤད་མི་འདོད་པར་གྱུར། ངས་ཆེད་དུ་ངས་ཡི་གེ་འདོན་ན་འདོད་ཅེས་བཤད་པ་ཡིན།
          ངའི་སྐད་ཆ་དེས་ལྷ་མོ་ཡ་མཚར་བར་བྱས་སོང་། གོམ་པ་ལེན་མཚམས་བཞག་སྟེ་ཅེ་རེར་ངའི་རྣམ་འགྱུར་ལ་རྟོག་བཞིན། ཁྱོད་ཀྱིས་ཡི་གེ་ཇི་ལྟར་འདོན་རྒྱུ་ཡིན་ཞེས་དྲིས་བྱུང་།
          དེ་ནི་ངས་ཀྱང་མི་རྟོགས། གལ་ཏེ་ང་ལའང་རྣམ་རྒྱལ་གྱི་ཁུ་བོ་ལྟ་བུའི་ཨ་ཁུ་ཞིག་ཡོད་པ་ཡིན་ན་ཁོང་གི་གམ་ནས་ཡི་གེ་བསླབ་ཆོག་པ་རེད་མོད། དེ་ནི་མེད་པས་ཡི་གེ་ཇི་ལྟར་སློབ་བམ། ང་རང་མུ་མཐུད་དུ་མདུན་དུ་བསྐྱོད་བཞིན་བསམ་བློ་བཏང་བ་ཡིན། ལྷ་མོ་ངའི་རྗེས་སུ་བརྒྱུགས་ཡོང་ནས་མུ་མཐུད་དུ་འདྲི་རྒྱུར། ཡི་གེ་འདོན་ན་དགོན་པར་འགྲོ་དགོས་པ་རེད། འོ་ན་ཁྱོད་རང་ཡང་ཨ་ཁུ་བྱེད་ན་འདོད་དམ་ཟེར་ནས་དགོད་ཙམ་བྱེད།
          ང་ལའང་དབང་མེད་པར་དགོད་རྒྱུ་ཞིག་བྱུང་སོང་། གལ་ཏེ་ང་རང་དངོས་གནས་ཨ་ཁུ་ཞིག་བྱས་པ་ཡིན་ན་ངའི་བཟོ་ལྟ་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ། ཕལ་ཆེར་མགོ་བོ་མར་ལོ་དང་འདྲ་ཞིང་གཟུགས་པོ་ཧ་ཅང་ཆུང་ངུ་ཞིག་ཡིན་རྒྱུ་རེད་ལ་ཡི་གེ་ལ་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པར་མ་ཟད་ཨ་ལགས་ཀྱིས་བསྟོད་པའང་བྱེད་ངེས་རེད། འོན་ཀྱང་ང་རང་ཨ་ཁུ་བྱེད་རྒྱུ་ནི་ཧ་ཅང་མི་སྲིད་པ་ཞིག་ཡིན་ངེས་ཏེ། རྒྱུ་མཚན་ནི་ཨ་ཕ་ལ་བུ་ང་གཅིག་པུ་ལས་མེད་ཅིང་ཁོང་ཉིད་ཀྱི་མ་འོངས་པའི་རེ་བ་ཡོད་ཚད་ཀྱང་ང་གཅིག་པུར་བཅོལ་ཡོད་པར་མ་ཟད། ད་དུང་མ་ཡར་གྱིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ངས་ཁོ་མོར་ཨ་མ་ཞེས་འབོད་པར་རེ་བ་བྱེད་ཀྱིན་པ་མ་ཡིན་ནམ། ཁོ་ཚོའི་རེ་བ་ནི་རྗེས་སུ་ང་རང་ལ་མནའ་མ་ཡག་པ་ཞིག་བླངས་ཏེ་ཁྱིམ་ཚང་སྐྱོང་དུ་འཇུག་རྒྱུ་དེ་ཡིན་པ་རེད་ལ། ད་དུང་ཁོ་ཚོར་ཚ་བོ་ཚ་མོ་མང་བོ་ཞིག་སྐྱེས་ཚེ་དེ་ནི་ཁོ་ཚོ་མི་ཡུལ་དུ་ཡོང་བའི་ཆེས་སྒྲུན་དུ་མེད་པའི་དོན་སྙིང་དང་ཆེས་སྒྲུན་དུ་མེད་པའི་བདེ་སྐྱིད་ཡིན་པ་རེད་ཟེར།
          ངས་ལྷ་མོར་ལྟ་ཙམ་བྱས་པ་ན ཁོ་མོས་ཀྱང་ད་སྔོན་གྱི་ངའི་དོན་དེར་བསམ་བློ་གཏོང་གིན་པ་ལྟར་ངའི་རྗེས་དེད་ནས་ཡོང་རྐྱང་བྱེད་ཀྱིན་འདུག ཁོ་མོ་དངོས་གནས་ང་དང་བསྡུར་ན་ནར་སོན་འདུག་པར་མ་ཟད། ལུས་གཟུགས་ཡོངས་རྫོགས་ཡིད་སེམས་འཕྲོག་པའི་ལང་ཚོའི་མཛེས་སྡུག་གིས་ཁེངས་འདུག འོན་ཀྱང་ཁོ་མོ་གནས་ཡུལ་གཞན་དུ་འགྲོ་དགོས་པས་ངས་ཁོ་མོར་ཁ་ཡ་བྱེད་མི་འདོད།
          ལྷ་མོ་གནས་ཡུལ་གཞན་དུ་འགྲོ་རྩིས་ཡོད་པ་དེ་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ཀྱིས་ད་དུང་ཤེས་མེད་པ་རེད། གལ་ཏེ་ཁོང་གཉིས་ཀྱིས་ཤེས་པར་གྱུར་ཚེ་ང་ལ་འཕྱ་སྨོད་བྱེད་ཐག་ཆོད་ཡིན། དེ་བས་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ཀྱིས་སྔོན་ལྟར་ཀུ་རེ་རྩེ་བ་ལྟར་ལྐོག་ཏུ་ལྷ་མོ་བསྟན་ཏེ་ཁྱོད་ཀྱི་རྒན་མོ་ཟེར་དུས་ང་རང་ཁོང་ཁྲོ་ལངས་པའི་བཟོ་ལྟ་བསྟན་པ་ཡིན།
          ཐེངས་ཤིག་ལ་མགོན་སྐྱབས་ཀྱིས་ང་ལ་འདྲི་རྒྱུར། ཁྱེད་ཀྱི་ཨ་ཕ་དང་མ་ཡར་གཉིས་ཀྱིས་རྡུང་རེས་བྱེད་ཨེ་མྱོང་ཟེར། ངས་ཁོས་འདི་ལྟར་འདྲི་དོན་ཅི་ཡིན་པའང་གསལ་བོར་ཤེས་ཏེ། མགོན་སྐྱབས་ཀྱི་ཕ་མ་གཉིས་ཀྱིས་ནམ་རྒྱུན་གཟའ་འཁོན་བྱེད་པ་རྒྱུན་མི་ཆད་པར་འདུག་ཅིང་། ཁོང་ཚང་གིས་བཟའ་འཁོན་བྱེད་ཐེངས་རེར་མགོན་སྐྱབས་ཀྱི་གདོང་ལ་ཧ་ཅང་ཡིད་ཕམ་ཞིང་སེམས་མི་སྐྱིད་པའི་ཉམས་ཤིག་ཤར་འདུག སྐབས་དེ་དག་ཏུ་ངས་སེམས་གཏིང་ནས་ཁོ་རང་ལ་གདུང་སེམས་བྱེད་པ་དང་རོགས་རམ་བྱེད་འདོད་པའི་འདུན་པ་ཞིག་དབང་མེད་དུ་སྐྱེས་འོང་། ངོ་མ་བཤད་ན་ངའི་ཨ་ཕ་དང་མ་ཡར་གཉིས་ཀྱིས་ད་བར་དུ་རྡུང་རེས་གཏན་ནས་རྒྱག་མ་མྱོང་ལ་རྗེས་ཕྱོགས་ནས་ཀྱངགཏན་ནས་རྒྱག་མི་སྲིད་ཅེས་མནའ་སྐྱེལ་ ཐུབ། ཐ་ན་ཨ་ཕས་མ་ཡར་ལ་སྡིགས་མོ་ཙམ་ཡང་བྱེད་པའང་ཐོས་མ་མྱོང་ལ་མ་ཡར་གྱིས་ཨ་ཕ་ལ་ལེ་བདའ་བྱེད་པ་ཡང་ཐོས་མ་མྱོང་། དེ་བས་ངས་མགོན་སྐྱབས་ལ་ལན་འདེབས་དུས་ཀྱང་དེ་དོན་དྲང་མོར་བཤད་པ་ཡིན། འོན་ཀྱང་ངས་ཁོས་དེ་ལྟར་འདྲི་དོན་ཅི་ཡིན་པ་གསལ་བོར་མི་ཤེས་པས་ཕྱིར་ལྡོག་སྟེ་ཁྱོད་ཀྱིས་དེ་ལྟར་འདྲི་དོན་ཅི་ཡིན་ཞེས་དྲིས་པ་ཡིན།
          མགོན་སྐྱབས་ཀྱིས་དེ་འཕྲལ་ང་ལ་ལན་མི་འདེབས་པར་ཅུང་ཙམ་ལ་ཁུ་སིམ་མེར་སྡོད་པ་དང་། དེ་རྗེས་ཡང་བསྐྱར་འོ་ན་རྗེས་ཕྱོགས་ཁྱོད་ཀྱིས་ལྷ་མོ་ཆུང་མར་བླངས་རྗེས། ཁྱོད་གཉིས་ཀྱིས་རྡུང་རེས་རྒྱག་སྲིད་དམ་ཟེར།
          དེར་ངས་ཀྱང་ལན་འདེབས་མི་ཤེས་པས་ཕྱིར་ལྡོག་སྟེ། ཅིའི་ཕྱིར་དུ་ཞེས་དྲིས། ངས་དེ་ལྟར་དྲིས་བར་ཁོ་རང་ལའང་ལན་འདེབས་རྒྱུ་མི་འདུག
          ཐེངས་འདིར་ང་རང་ཡང་ཁོའི་སྟེང་དུ་ཁོང་ཁྲོ་ལངས་མ་བྱུང་། རྒྱུ་མཚན་ནི་ཐེངས་འདིར་མགོན་སྐྱབས་ཀྱི་མིག་མདངས་ལས་ཀུ་རེ་རྩེ་བ་ལྟ་བུའི་མ་རབས་ཀྱི་བཟོ་ལྟ་དེ་མཐོང་མི་ཐུབ་པས་རེད། དོན་ངོ་མ་བཤད་ན་རྣམ་རྒྱལ་དང་ཁོང་གཉིས་ཀྱིས་ད་དུང་ཡང་ལྷ་མོ་གནས་ཡུལ་གཞན་ལ་མངགས་རྩིས་ཡོད་པ་དང་ཁོ་མོ་ནམ་ཡང་ངའི་ཆུང་མར་འགྱུར་ཐབས་མེད་པའི་དོན་དེ་ངེས་མེད་པ་རེད། ངའི་སེམས་ལ། གལ་ཏེ་ལྷ་མོ་དངོས་གནས་ངའི་ཆུང་མར་གྱུར་བ་ཡིན་ན་ངས་ཀྱང་ཨ་ཕས་མ་ཡར་ལ་གཅེས་བ་ལྟར་ཚེ་གང་བོར་ལྷ་མོ་ལ་རྡུང་རེས་རྒྱག་མི་སྲིད་སྙམ་བྱུང་། དོན་དངོས་སྟེང་བཤད་ན་བུད་མེད་ལ་ཐུབ་ཚོད་མི་བྱེད་པ་དེ་ཡང་སྐྱེད་ཕོ་རབ་ཅིག་གི་མཚོན་རྟགས་ཡིན་པ་འདྲ། བར་དེར་རྣམ་རྒྱལ་ངེད་གཉིས་ཀྱི་གམ་དུ་ཡོང་ནས་དགོད་བཞིན་དུ་ཁྱོད་གཉིས་ཀྱིས་གསང་གཏམ་ཅི་ཞིག་བཤད་ཀྱིན་ཡོད་ཟེར།
          ངས་རྣམ་རྒྱལ་ལ་ཡིད་སྨོན་བྱེད་བཞིན་ཁྱོད་ཀྱིས་ང་ལ་ཡི་གེ་ཁྲིད་ན་ཆོག་གམ་ཅེས་དྲིས་བ་ཡིན། རྣམ་རྒྱལ་དང་མགོན་སྐྱབས། ལྷ་མོ་བཅས་ཀྱིས་ངའི་སྐད་ཆར་ཡིད་མི་ཆེས་བ་ལྟར་སྡོད་ལ། རྣམ་རྒྱལ་དགོད་བཞིན་དུ། ཁྱོད་ཀྱིས་ཡི་གེ་བཏོན་ནས་ཅི་བྱེད་རྒྱུ་ཡིན་ཟེར། ཁོའི་བཟོ་ལྟར་བལྟས་ན་ངས་ཡི་གེ་འདོན་རྒྱུ་ཡིན་ཟེར་བ་དེ་ཕལ་ཆེར་ང་རང་མེ་དོང་དུ་ལྡིང་རྒྱུ་ཡིན་ཞེས་བཤད་པ་དང་འདྲ་བ་ལྟ་བའི་སྣང་བ་བྱིན་འོང་།
          ངས་ཐེ་ཚོམ་མེད་པར། ངས་《མི་རོ་རྩེ་སྒྲུང་》ལ་བལྟ་ན་འདོད་ཅེས་ལན་བཏབ་པ་ཡིན། ངའི་སེམས་ལ་དེ་ལྟར་བཤད་ན་ཁོས་ང་ལ་ཡི་གེ་འཁྲིད་ངེས་རེད་སྙམ་ནས་ཁོའི་གདོང་ལ་ཅེར་ནས་བསྡད།
          རྣམ་རྒྱལ་གྱི་ངོ་གདོང་དེ་མུར་འགྱུར་ཏེ་ངུ་དགོད་ཅིག་བྱས་ཤིང་། སྒྱིད་ལུག་གི་རྣམ་འགྱུར་དང་བཅས། ངེད་ཚང་གི་ཨ་ཁུ་ལ་ཁྱོད་ལྟ་བུའི་བན་ཕྲུག་ཅིག་ཡོད་ན་འོས་བ་རེད་ཟེར། མགོན་སྐྱབས་ཀྱིས་ཡང་བསྐྱར་མ་རབས་དང་འཕྱ་སྨོད་བྱེད་པའི་ཉམས་ཀྱིས་ང་ལ་བལྟས་ནས་བགད་བྱུང་།
          ཅིའི་ཕྱིར། ངས་རྣམ་རྒྱལ་གྱི་ཚིག་དེའི་ཧ་ཅི་ཡང་མི་གོ་བར་གྱུར།
          རྣམ་རྒྱལ་གྱིས་དེ་མུར་ཁ་ཅི་ཡང་མི་གྲགས་པར་སྟོད་གོས་ཀྱི་སྒྲོག་གུ་བཀྲོལ་བྱུང་། ངས་ཁོའི་རྣམ་འགྱུར་དེའི་ནང་དོན་མ་གོ་བར་ཁོས་ཅི་བྱེད་ལ་བལྟས་ནས་བསྡད། ཁོས་སྟོད་གོས་ཀྱི་ཕུ་ཐུང་གཡོན་པ་ཕུད་དེ་དཔུང་བ་གཡོན་པའི་སྟེང་ན་སྔོ་ནག་གེར་ཡོད་པའི་རྨ་ཤུལ་ཞིག་ཡོད་པ་སྟོན་བཞིན། ལྟོས་དང་། འདི་ནི་ངས་ཡི་གེ་མ་བཏོན་པར་ཨ་ཁུས་གཅར་རྡུང་བྱས་བའི་ཤུལ་རེད་ཟེར་བས་ལྷ་མོའི་ཁ་གདངས་པར་གྱུར་སོང་།
          ངས་བལྟས་པ་ན་རྨ་ཤུལ་དེ་ད་ལྟ་བལྟས་ན་ཧ་ཅང་ཆེན་པོ་ཞིག་མ་རེད་མོད། དེང་ཐོག་ད་ལྟ་ལས་འཇིགས་པོ་ཡོད་པར་མ་ཟད་ཁོ་རང་གི་སྐབས་དེའི་ན་ཟུག་ཀྱང་ཧ་ཅང་ཆེན་པོ་བྱུང་ཡོད་པ་འདྲ། དེ་བས་སྐབས་འདིར་ང་རང་ཡང་མགོ་བོ་དུད་ནས་སྡོད་པ་ལས་ཁོ་ལ་ཅི་ཞིག་བཤད་ན་འོས་པ་ཡང་མི་རྟོགས། གང་ལྟར་ངའི་སེམས་གཏིང་ནས་《མི་རོ་རྩེ་སྒྲུང་》་ཀློག་ཐུབ་འདོད་ཀྱི་རེ་བ་ནི་མེ་ལྕེ་ལྟར་མཆེད་འོང་། རྣམ་རྒྱལ་གྱིས་ཕུ་ཐུང་ཕྱིར་གོན་རྗེས་ང་ཚོ་ལས་ཉམས་མྱོང་ཆེ་མདོག་གིས་། ཡི་གེ་འདོན་ན་སྙིང་སྟོབས་དང་བཟོད་བསྲན་ཆེ་དགོས་པ་རེད་ཟེར། ཚིག་དེ་ནི་ཕལ་ཆེར་ཁོའི་ཨ་ཁུས་ཁོ་རང་ལ་བཤད་པའི་ཚིག་ཡིན་པ་འདྲ་ལ་སྐད་ཆ་བཤད་སྐབས་ཀྱི་རྣམ་འགྱུར་ཡང་ཨ་ཁུས་ཁོ་རང་ལ་བཤད་སྐབས་ཀྱི་རྣམ་འགྱུར་ལ་ལད་མོ་བྱས་པ་ཡིན་པར་སྣང་།
          ངས་མགོ་བོ་ཡར་དགྱེ་སྟེ་། ངས་བཟོད་བསྲན་བྱེད་ཐུབ་པ་ཡིན་ཞེས་ཚིག་ཐག་ཆོད་པའི་ངང་བཤད་ལ། དེར་མཐུད་ནས་མགོན་སྐྱབས་ཀྱིས་ཀྱང་ངས་ཀྱང་བཟོད་བསྲན་བྱེད་ཐུབ་ཟེར། ལྷ་མོ་གན་དུ་ལངས་ནས་ངའི་རྣམ་འགྱུར་ལ་ལྟ་བཞིན་ཡིད་གཉིས་ཐེ་ཚོམ་ངང་དུ་ལུས་འདུག
          རྣམ་རྒྱལ་ད་དུང་ཡིད་མི་ཆེས་པ་ལྟར་མགོན་སྐྱབས་དང་ངེད་གཉིས་ཀྱི་གདོང་ལ་རེས་མོས་ཀྱིས་ལྟ་བཞིན་སྡོད་ཅིང་། རེ་ཞིག་ནས་ལུས་ལ་སྟོབས་ཤུགས་ཤིག་རྒྱས་བྱུང་བ་ལྟར་ཡར་ལངས་ཏེ་ངེད་གཉིས་ཀྱི་མདུན་དུ་དམག་དཔོན་ཞིག་ཡིན་པ་ལྟར་ཕར་འགྲོ་ཚུར་འགྲོ་བྱེད་བཞིན། འོ་ན་དེ་ལྟར་བྱེད། སང་ཉིན་ནས་མགོ་བརྩམ་པར་བྱ་ཟེར།
          རྣམ་རྒྱལ་གྱིས་ཡི་གེ་ཁྲིད་པས་མགོན་སྐྱབས་དང་ངེད་གཉིས་ལ་སྤྲོ་སྣང་དང་མཚར་སྣང་ལྷན་དུ་སྐྱེས། རྣམ་རྒྱལ་གྱིས་ཡི་གེ་འཁྲིད་ཐབས་འདི་ལྟར་ཡིན་ཏེ། བྱི་ལོང་ས་འབུར་ཞིག་བདེ་མོར་བསྙམས་རྗེས་དེའི་སྟེང་དུ་ལག་གཡས་པའི་གུང་མཛུབ་ཀྱིས་དབྱིབས་རྟ་དང་མཚུངས་པའི་རི་མོ་ཞིག་བྲིས་ཏེ་འདི་ཅི་རེད་ཅེས་དྲིས་བྱུང་། མགོན་སྐྱབས་ཀྱིས་གཡས་ནས་ལྟ་ཙམ་དང་གཡོན་ནས་ལྟ་ཙམ་་བྱས་ཏེ་རི་བོང་ཞིག་རེད་ཟེར་བས་རྣམ་རྒྱལ་བགད་དེ་ཁ་ཟུམ་མི་ཐུབ་པར་གྱུར་སོང་། ངས་ཀྱང་ཞིབ་ལྟ་ཞིག་བྱས་ནས་ཕལ་ཆེར་རྟ་ཞིག་ཡིན་པ་འདྲ་ཞེས་བཤད་པ་ན་རྣམ་རྒྱལ་སྔར་ལས་ཀྱང་བགད་དེ་བརྒྱལ་ལ་ཁད་དུ་གྱུར་སོང་།
          འོ་ན་ཅི་ཞིག་རེད། ལྷ་མོས་མུ་མཐུད་དུ་ཚོད་དཔག་བྱེད་མི་ཕོད་པར་རྣམ་རྒྱལ་ལ་དེ་ལྟར་དྲིས་བྱུང་།
          ཀ་རེད། རྣམ་རྒྱལ་དགོད་བཞིན་དུ་དེ་ལྟར་ཟེར།
          ཀ་ཟེར་བ་ཅི་ཞིག་རེད། མགོན་སྐྱབས་དང་ངེད་གཉིས་ཡ་མཚར་བར་གྱུར་བ་ལས་ནང་དོན་ཅི་ཡང་གོ་མ་བྱུང་།
          རྣམ་རྒྱལ་མུ་མཐུད་དུ་དགོད་ཙམ་བྱས་ཏེ། ཀ་ཟེར་བ་ཡི་གེ་རེད། ད་ནི་སློབ་ན་འདོད་དམ་ཟེར་ནས་ང་ཚོ་རེ་རེའི་གདོང་ལ་ལྟ་བར་བྱེད། ལྷ་མོ་དགོད་བཞིན་དུ་ངས་ནི་མི་ཤེས་པ་འདྲ། ཁྱོད་གཉིས་ཀྱིས་སློབས་ཤིག་ཟེར།
          མགོན་སྐྱབས་ཀྱིས་ཀྱང་མ་རབས་ཀྱི་འཛུམ་ཞིག་ལངས་བཞིན་ང་ལ་བལྟས་ཏེ་ཁྱོད་ཀྱིས་སློབས་ཤིག་ཟེར་བས། ཁོ་ཚོ་གསུམ་གས་འཛུམ་ཤིག་ཤིག་ངང་ངའི་རྣམ་འགྱུར་ལ་བརྟག་གིན་འདུག ཁོ་ཚོའི་རྣམ་འགྱུར་ལས་ང་ཡང་སྤ་བཀོང་བར་འགྱུར་ངེས་རེད་སྙམ་གྱིན་འདུག་པས། ངས་ཚིག་ཐག་ཆོད་པོའི་ངང་ངས་སློབ་རྒྱུ་ཡིན་ཞེས་བཤད་པ་ཡིན།
          ཨ་ཕས་ང་ལ་《མི་རོ་རྩེ་སྒྲུང་》ཉོས་ཡོང་བའི་ཕྱི་དྲོ་དེ་ནི་ཉི་འོད་ཧ་ཅང་གསལ་ཞིང་ཁོར་ཡུག་རྣམ་པར་བཀྲ་ལ་ངའི་་་་་་་ སེམས་ཀྱང་ཤིན་ཏུ་སྐྱིད་པའི་ཕྱི་དྲོ་ཞིག་ཡིན། ཉིན་དེར་ཨ་ཕ་ལྷོ་ཕྱོགས་ཀྱི་རི་བོའི་ཕ་རོལ་ཏུ་ཕྱིན་ནས་ཕྱིར་ཐོན་པ་ཡིན་ལ་ཕྱི་དྲོ་ང་རང་ནོར་རྫི་ནས་ཕྱིར་ཡུལ་དུ་ཐོན་དུས་ཁྱིམ་ནང་ཡོངས་རྫོགས་བཀྲག་མདངས་ཀྱིས་ཁེངས་འདུག་ལ་ཨ་ཕ་དང་མ་ཡར་གཉིས་ཀྱི་གདོང་ལའང་ནམ་རྒྱུན་དང་མི་འདྲ་བའི་མཚར་སྡུག་ལྡན་པའི་འཛུམ་མདངས་ཀྱིས་ཁེངས་འདུག ལྷག་པར་དུ་ཨ་ཕས་མི་རོ་རྩེ་སྒྲུང་གི་དཔེ་ཆ་དེ་རུམ་ནས་བླངས་ཏེ་ང་ལ་སྟེར་བའི་དུས་ཀྱི་རྣམ་པ་དེ་ངས་ཇི་སྲིད་བར་དུ་བརྗེད་མི་སྲིད ངས་དཔེ་ཆ་དེ་ཁ་ཕྱེ་ནས་ཕར་སློག་ཚུར་སློག་བྱས་པ་ན་ནང་དུ་རི་མོ་སྣ་ཚོགས་ཤིག་འདུག་པར་མ་ཟད་དཔེ་ཆ་ལས་འཐུལ་འོངས་པའི་དྲི་མ་ཞིམ་པོ་ཞིག་ཀྱང་སྣ་ལམ་དུ་མནམས་པར་བྱེད ངས་དཔེ་ཆ་དེ་ལག་པས་ཕུར་ཕུར་བྱེད་བཞིན་མ་ཡར་གྱི་བཞིན་ལ་ལྟ་ཙམ་བྱས་པ་ན མ་ཡར་གྱི་གདོང་ལ་སྔར་བཞིན་འཕགས་མ་ལྟ་བུའི་འཛུམ་མདངས་ཤིག་ལངས་འདུག་ལ་འཛུམ་དེའི་ཁྲོད་དུ་ངའི་རེ་བ་མཐའ་དག་བསྒྲུབ་རྒྱུ་དེ་ཁོ་མོས་ཚེ་འདིར་ངེས་པར་དུ་བསྒྲུབ་འོས་པའི་བྱ་བ་དང་རེ་སྨོན་ཡིན་པའི་བྱམས་སེམས་དང་བརྩེ་དུང་གིས་ཁེངས་འདུག ངས་སེམས་གཏིང་ནས་ཨ་ཕ་ལ་བཀའ་དྲིན་ཆེ་ཞུ་འདོད་པར་མ་ཟད་ཞེ་ཐག་པ་ནས་མ་ཡར་ལ་བཀའ་དྲིན་ཆེ་ཞུ་འདོད་ལ་རང་ཉིད་ལ་འདི་ལྟ་བུའི་ཨ་ཕ་དང་མ་ཡར་ཞིག་ཡོད་པ་ནི་རང་ཉིད་ཀྱི་གཟི་བརྗིད་དང་ང་རྒྱལ་ཞིག་ཀྱང་ཡིན་པར་བསམས་བྱུང་།
          ཨ་ཕས་ད་དུང་རས་ལྷམ་ཡག་པོ་ཞིག་དང་མ་ཡར་ལ་སྟོད་གོས་དམར་པོ་ཞིག་ཉོས་འདུག མ་ཡར་ཡང་ཁོ་མོར་སྟོད་གོས་ཉོས་པར་ཧ་ཅང་དགའ་བཞིན་འདུག གོ་ཐོས་ལ་མ་ཡར་གྱི་ཡུལ་ནི་ལྷོ་ཕྱོགས་ཀྱི་རི་བོའི་ཕ་རོལ་གྱི་ཚོ་བ་ནས་ཡིན་པར་འདུག་ཅིང་། ཁོ་མོ་ནི་ཕ་མ་གཉིས་ཀྱིས་ཡུལ་ཕྱོགས་ཀྱི་ཕྱུག་པོ་ཚང་ཞིག་ལ་བུ་ཕྲུག་གླེན་པ་ཞིག་ཡོད་པའི་བག་མར་བཙན་གྱིས་བྱིན་པས། ཁོ་མོ་འགྲོ་འདོད་མ་བྱུང་བར་གནས་བྱོལ་དུ་བྲོས་འགྲོ་དུས་སྟབས་ལེགས་ཏེ་ཨ་ཕར་འཕྲད་པ་ཡིན་སྐད་འདུག ལན་རེར་ངའི་སེམས་ལ་ཨ་ཕས་མ་ཡར་ལ་སྡིགས་མོ་ཙམ་ཡང་མི་བྱེད་པ་ནི་ཕལ་ཆེར་དོན་དེའི་རྐྱེན་ལོས་ཡིན་པ་སྟེ། ཁོ་མོའི་ལས་དབང་ལ་གདུང་སེམས་བཅངས་པའི་ཞོར་དུ་ཡང་བསྐྱར་མོ་རང་གི་སེམས་གཏིང་ལ་མི་འདོད་པའི་རྨ་ཁ་དེ་རིགས་བཟོ་མི་སྲིད་སྙམ་པ་ཡིན་རྒྱུ་རེད་སྙམ་ལ། དེ་དང་ལྷན་དུ་ངའི་སེམས་ནས་ཀྱང་རང་དབང་མེད་པར་མ་ཡར་ལ་སྙིང་རྗེ་དང་དུང་སེམས་ཤིག་ཀྱང་སྐྱེས་བྱུང་། མ་ཡར་ཅུང་འཁང་པའི་ཉམས་ཀྱིས་ཨ་ཕར་བལྟས་ཏེ། ཁྱོད་རང་ཉིད་ལ་ཅི་ཡང་མ་ཉོས་སམ་ཟེར།
          ཨ་ཕ་དགོད་བཞིན་དུ་། ང་ལ་དགོས་པ་མ་རེད་ཟེར་བ་དང་དེ་ནས་ང་ལ་བལྟས་ཏེ། སྒོར་མོ་བསགས་ཏེ་རྗེས་སུ་མནའ་མ་ཞིག་ལེན་པར་གྲ་སྒྲིག་བྱེད་དགོས་ཟེར། ཁོའི་སྐད་ཆ་དེས་མ་ཡར་གྱི་འཛུམ་མདངས་སླར་གསོས་ཏེ་ཁྱིམ་ནང་ཧྲིལ་བོ་སྤྲོ་སྣང་ཆིལ་ལེར་གྱུར་སོང་། ཡིན་ན་ཡང་ང་རང་སྤྲོ་སྣང་སྐྱེས་དོན་ནི་ཨ་ཕས་ང་ལ་《མི་རོ་རྩེ་སྒྲུང་》ཉོས་ཡོང་བ་དེ་ཡིན་པ་ལས་མ་འོང་བར་ཆུང་མ་ཞིག་ལེན་རྒྱུ་ཡིན་ཟླ་བའི་ཕྲེང་བར་བས་ག་ལ་ཡིན། གང་ལྟར་ད་ནི་ལྷ་མོ་གནས་ཡུལ་གཞན་ལ་འགྲོ་རྩིས་ཡོད་ཅིང་ངའི་མ་འོངས་བའི་ཆུང་མར་འགྱུར་ཐབས་བྲལ་བ་ཡིན་པས་ང་ལ་གཞན་པའི་ཆུང་མ་ཞིག་མཁོ་དོན་ཅི་ཡང་མེད། ང་རང་ཡང་མ་སངས་ཡ་རུ་ཁ་ཁྲ་ལྟར་ཕྱོགས་མེད་རྒྱལ་ཁམས་ཉུལ་ནས་སེམས་ཅན་ལ་ཕན་འདོགས་ཤིང་གནོད་འདྲེ་འདུལ་མཁན་ཞིག་བྱེད་འདོད། ཁོ་ལའང་ཆུང་མ་མེད་པ་མ་ཡིན་ནམ་སྙམ།
          རྣམ་རྒྱལ་གྱིས་ནི་ཡིད་དགའ་ནས་ཡོད་དུས་སྔོན་ལྟར་བྱི་ལོང་ས་འབུར་བདེ་བར་བསྙམས་པའི་སྟེང་དུ་ཡི་གེ་བྲིས་ཏེ་་་་་ འཁྲིད་པར་བྱེད་མོད། ཡིད་སུན་པའི་དུས་སུ་སང་ཉིན་འཁྲིད་པར་བྱ་ཟེར་ནས་རྗེས་སུ་ནར་འགྱངས་བྱེད་ལ། ད་དུང་ཡི་གེ་ཁྲིད་པའི་གླ་ཡོན་དུ་ང་དང་ལྷ་མོ་གཉིས་ནོར་་ཁ་ལེན་པར་མངགས་རྐྱང་བྱེད། ཉིན་དེར་ལྷ་མོ་དང་ངེད་གཉིས་ལུང་མདོར་ནོར་ཁ་ལེན་དུ་ཕྱིན་ཞིང་ནོར་ཁྱུ་ཕྱིར་བསྐོར་རྗེས་ལྷ་མོ་ནམ་རྒྱུན་ལྟར་གཅིག་པུར་ཕ་རོལ་ཏུ་སོང་ནས་རང་དགར་ཅི་ཞིག་ལས་ཀྱིན་འདུག་ཅིང་ང་རང་ཐང་གཅལ་དུ་རྩེད་བཞིན་བསྡད། ད་ལྟ་ང་ལྷ་མོའི་གན་དུ་འགྲོ་མི་འདོད་པས་ཕྱོགས་གང་སར་ལྟད་མོར་བལྟས་པ་ཡིན། ཡིན་ན་ཡང་རྒྱབ་ཕྱོགས་ཀྱི་ལུང་བ་སྟོང་ལྷང་ངེར་འདུག་ཅིང་མདུན་ཕྱོགས་ཀྱི་མིང་མི་ཤེས་པའི་རི་སྒང་དག་ནི་གཡོ་འགུལ་མེད་པར་དུས་རྒྱུན་ལྟར་ནག་རོག་གེར་འདུག་པས། རི་སྒང་གི་དཀྱིལ་དུ་ཚུད་ཅིང་སྟོང་ཞིང་ཁུ་སིམ་པའི་ཁོར་ཡུག་དོག་པོ་འདིས་ངའི་སེམས་ལ་ཅི་ཡིན་མི་ཤེས་པའི་སྐྱོ་སྣང་ཞིག་སྐྱེས་སུ་བཅུག་སོང་། ངའི་སེམས་ལ་མཇུག་མཐར་ལྷ་མོ་ཡང་ང་ཚོ་དང་གྱེས་ནས་མིག་མདུན་གྱི་ཧ་ཅང་རྒྱང་རིང་བའི་རི་སྒང་གི་ལྟེབ་བརྩེགས་་་་་ བསྣོལ་བའི་ཕར་ཕྱོགས་དེ་རུ་གནས་སུ་འགྲོ་དགོས་པ་ཡིན་རྒྱུ་རེད་ལ་རྣམ་རྒྱལ་དང་མགོན་སྐྱབས་ང་ཚོས་ཚེ་གང་བོར་སྟོང་འཇགས་པའི་ལུང་བ་འདི་རུ་ནོར་ཁྱུ་འཚོས་ནས་སྡོད་དགོས་པ་ཡིན་རྒྱུ་རེད་སྙམ་པའི་མོད་ལ་ལྷ་མོའི་ཕྱོགས་ལ་སྡང་སེམས་ཤིག་ཀྱང་སྐྱེས་འོངས།
          སྐབས་ཤིག་ལ་ལྷ་མོས་ཕ་རོལ་ནས་བོས་བྱུང་ཡང་ངས་མ་གོ་ཁུལ་བྱས་ནས་བསྡད་པ་ཡིན། ཁོ་མོས་ཐེངས་འགའ་ལ་བོས་ཀྱང་ངས་ཁ་ཡ་མ་བྱས་པས་ཚུར་བརྒྱུགས་ནས་ཐོན་བྱུང་ལ། ངའི་གན་དུ་ཐོན་ལ་ཉེ་དུས་སྐད་ཕྱུངས་ཏེ། གན་ཅི་ཞིག་རེད། ཅི་ཞིག་འདི་ཕྱོགས་སུ་ཡོང་གིན་འདུག་ཟེར།
          ཚིག་དེས་ང་རང་ཡང་དཀྲོགས་སེར་བཏང་བྱུང་བས་གྲིམ་རིལ་ཞིག་བརྒྱབ་ནས་ཡར་བཙོག་པ་ན ཁོ་མོས་མཛུབ་མོས་ཕར་ཕྱོགས་སུ་བསྟན་ཏེ། གན་ཅི་རེད་ཟེར།
          ཕར་ཕྱོགས་ཀྱི་ཅུང་ཐག་རིང་བའི་ས་རུ་ནག་རིང་བའི་མིའམ་ཅི་ཞིག་འགུལ་གྱིན་འདུག་ལ། བལྟས་བསྡད་པ་ན་ལན་རེར་ནག་རིང་བ་དེ་ཁག་གཉིས་སུ་གྱེས་འགྲོ་ལ་ལན་རེར་སླར་ཡང་ནག་རིང་བ་གཅིག་ཏུ་གྱུར་འགྲོ་བ་དང་། ཅུང་ཙམ་ནས་སླར་ཡང་ཁག་གཉིས་སུ་གྱེས་འགྲོ་བ་སོགས་བྱེད་པས། ངའི་སེམས་ལ་རང་དབང་མེད་པར་《མི་རོ་རྩེ་སྒྲུང་》ཁྲོད་ཀྱི་བདུད་མོ་དྲན་བྱུང་སྟེ་སྐྲག་སྣང་ཞིག་སྐྱེས་པར་གྱུར།
          ལྷ་མོས་ཕལ་ཆེར་མི་ཞིག་ཡིན་པ་འདྲ་ཟེར།
          ངས་དོགས་ཟོན་དང་བཅས། ཁྱོད་ཀྱིས་ལྟོས་དང་། གཟུགས་བརྙན་དེ་ལན་རེར་གཉིས་སུ་འགྱུར་གྱིན་པ་མི་མཐོང་ངམ་ཞེས་བཤད་པས་ཁོ་མོ་ཡང་ཅུང་སྐྲག་པར་གྱུར་སོང་། ཁོ་མོས་ངེད་གཉིས་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ཀྱི་གན་དུ་འགྲོ་ཟེར།
          ངས་མུ་མཐུད་དུ་ལྟ་ཙམ་བྱས་པ་ན གཟུགས་རིས་དེ་སྔར་བཞིན་ལན་རེར་གཅིག་ཏུ་གྱུར་འགྲོ་ལ་སྐབས་རེར་གཉིས་སུ་གྱེས་ཏེ་འགུལ་གྱིན་འདུག་པས། ལྷ་མོ་དང་ལྷན་དུ་མྱུར་མོར་ཕར་བརྒྱུགས་ཚུར་བརྒྱུགས་བྱས་ཏེ་ནོར་ཁྱུ་ཡར་ལ་འདེད་རྩིས་བྱས་པ་ན། ནོར་ཚོ་འང་ནམ་རྒྱུན་དང་མི་འདྲ་བར་ཁ་རྩྭ་ལ་ཐོགས་ཏེ་ཁར་མི་ཉན་པར་འདུག་པ་ནི་ཆེད་དུ་ངེད་གཉིས་ལ་བསྙད་བརྐོ་བར་བྱེད་པ་དང་མཚུངས། དེ་བས་ངེད་གཉིས་ཀྱང་འུ་ཐུག་ནས་ནོར་ཁྱུ་བསྐྱུར་ཏེ་མྱུར་མོར་ཡར་ཕྱོགས་ཀྱི་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ཡོད་སར་སོང་བ་ཡིན།
          རྣམ་རྒྱལ་གྱིས་ཅུང་ལེ་བདའ་བྱེད་པའི་ཉམས་ཀྱིས། ཁྱོད་གཉིས་ཀྱིས་ནོར་ཁྱུའི་ཁ་བླངས་ནས་མི་སྡོད་པར་ཅི་བྱེད་དུ་ཡོང་བ་ཡིན་ཟེར།
          ལྷ་མོས་དབུགས་ཧལ་ཧལ་བྱེད་བཞིན། ཕར་ཕྱོགས་ན་ཅི་ཞིག་ཡོང་གིན་འདུག་ཟེར་ནས་སླར་ཡང་རྗེས་ཕྱོགས་སུ་ལྟ་བར་བྱེད།
          མགོན་སྐྱབས་ཀྱང་དཀྲོགས་སེར་བཏང་བྱུང་། མིག་ཅེར་ཏེ་སྤྱང་ཀི་རེད་དམ་ཟེར།
          ངས་ལན་དུ། མ་རེད། ལན་རེར་ནག་བོང་བ་གཅིག་ཏུ་གྱུར་འགྲོ་ལ་མཚམས་རེར་གཉིས་སུ་གྱུར་འགྲོ་ཞེས་བཤད།
          ཁོང་གཉིས་ཀའང་ཡ་མཚར་བར་གྱུར་སོང་། དེ་ཅི་ཡིན་ནམ། ང་ཚོ་འགྲོ་ལ་བལྟ་དང་ཟེར་བས་ལྷ་མོས་ད་དུང་ཐེ་ཚོམ་དང་བཅས་ངས་ཅི་ཟེར་ལ་རྟོག་གིན་འདུག་ལ། ངས་ཀྱང་སྤོབས་པ་ཆེ་རུ་བསྐྱེད་དེ་ཡིད་འཐད་པའི་བརྡ་བསྟན་འཕྲལ་ལྷ་མོ་ཡང་རྗེས་སུ་ཐོན་བྱུང་། ང་ཚོ་དོགས་ཟོན་དང་བཅས་སོང་ཞིང་ཕལ་ཆེར་ལུང་བའི་མདའ་རུ་སླེབས་ལ་ཉེ་དུས་ད་སྔོན་གྱི་ནག་ལིང་བ་དེ་ཡང་ལུང་མདོ་ནས་མངོན་བྱུང་། མ་གཞི་དེ་ནི་ཞོན་རྟ་རྗེས་སུ་ཁྲིད་པའི་མི་ཞིག་ཡིན་འདུག་པས་ང་རང་སེམས་ནས་དགོད་ཁ་ཤོར་སོང་།
          མི་དེ་ཐད་གར་ང་ཚོའི་ཕྱོགས་སུ་བསྙེགས་ནས་ཡོང་གིན་འདུག་པས་ང་ཚོ་དེ་གར་བསྡད་ནས་མི་དེའི་བཟོ་ལྟར་བལྟས། ཁོའི་ལུས་ལ་ཕྱི་མར་རས་ལྷན་ཡོད་པའི་པགས་པའི་ལྭ་རིང་ཞིག་གོན་ཡོད་པ་དེར་སྐ་རགས་བཅིངས་མི་འདུག་ཅིང་། མགོ་ལ་ནོར་གྱི་ཀོ་བས་བཟོས་པ་ལྟ་བུའི་ཞྭ་མོ་ཞིག་གོན་ཡོད་པ་དེར་རྣ་ཅོག་ལེབ་མོ་གཉིས་ཀེ་རེར་ལངས་ཏེ་རྭ་ཅོ་ཞིག་དང་འདྲ་བས་ང་ཚོ་ཚང་མས་བཟོད་མ་ཐུབ་པར་བགད་པ་ཡིན། མི་དེ་ཧ་ཅང་ཐག་རིང་བའི་ས་ནས་ཡོང་སྟེ་ཐང་ཆད་ཡོད་པ་འདྲ། དབུགས་ཧལ་ཧལ་ངང་ཡོང་སྟེ་ང་ཚོའི་གམ་དུ་ཐོན་འཕྲལ་གདོང་ལ་འཛུམ་ཞིག་ལངས་ཏེ་སར་བཙོག་ཅིང་། ཁྱོད་ཚོ་བདེ་མོ་ཡིན་ནམ་ཟེར་ཞོར་ཞོན་རྟའི་སྲབ་མདའ་གློད་དེ་རྩྭ་རུ་ཡན་དུ་བཅུག་སོང་།
          མགོན་སྐྱབས་ཀྱིས་ཅུང་མ་རབས་ཀྱི་ཉམས་དང་བཅས། བདེ་མོ་ཡིན། ཁྱོད་བདེ་མོ་ཡིན་ནམ་ཟེར།
          མི་དེས་སྔར་བཞིན་འཛུམ་མདངས་དང་བཅས། བདེ་མོ་ཡིན་བདེ་མོ་ཡིན་ཟེར་བཞིན་ལུས་རྔུལ་ཏེ་རྒྱབ་ཀྱི་ལྭ་བ་རིང་བོ་དེ་འཕུད་ཙམ་བྱས་པ་ན། ཁོའི་སྐེ་རུ་ད་དུང་སྒམ་ཆུང་ནག་རིལ་བ་ཆུང་ཆུང་སྙིང་རྗེ་བ་ཞིག་ཁུར་ཡོད་པ་མཐོང་ཡོང་།
          མགོན་སྐྱབས་ཀྱིས་སླར་ཡང་། ཁྱོད་གང་ནས་ཡོང་བ་ཡིན་ཞེས་དྲིས་བྱུང་བས་ང་རང་ཅུང་དོགས་མི་བདེ་བར་གྱུར། མི་ཆུང་ཆུང་ཞིག་གིས་ལོ་ལོན་གྱིས་འདྲི་བ་ལྟར་དྲིས་ན་ཧ་ཅང་མི་འོས་ཞིག་རེད་སྙམ། མི་དེས་སྣང་དོགས་ཅི་ཡང་མི་བྱེད་པར་ང་ཚོ་རེ་རེར་ལྟ་བཞིན་དྲང་བདེན་གྱི་རྣམ་འགྱུར་དང་བཅས་བཤད་རྒྱུར། ང་ནི་བྱང་ཕྱོགས་ནས་ཡོང་བ་ཡིན་ཞིང་ད་ལྟ་ཁྱོད་ཚོའི་རྫོང་ཐོག་ཏུ་འགྲོ་རྒྱུ་ཡིན་ཟེར།
          ངས་ཧ་མ་གོ་བར་རྫོང་ཟེར་བ་ཅི་རེད་ཅེས་དྲིས།
          མི་དེ་འཕྲལ་ང་ལ་བལྟས་ནས་བགད་བྱུང་། དགོད་བཞིན་དུ། རྫོང་ཞེས་པར་ལས་ཁུངས་ཟེར་ནའང་ཆོག དེ་ན་ཁང་བ་མང་པོ་ཡོད་པ་རེད། ད་དུང་ཁྱོད་ཚོ་འདྲ་བ་བྱིས་པ་དག་གིས་ཡི་གེ་འདོན་སའི་སློབ་གྲྭའང་ཡོད་པ་རེད་ཟེར།
          སྐད་ཆ་དེས་ང་ཚོ་ཚང་མའི་སེམས་བསྒུལ་བྱུང་། ལྷ་མོའང་འདུག་མ་བཟོད་པར་ངོ་གདོང་དམར་བོར་འགྱུར་ཙམ་གྱིས། བུ་མོའང་མང་པོ་ཡོད་པ་རེད་དམ་ཟེར་ནས་ལྕེ་བསྣར་ཞིག་བྱེད།
          མི་དེས་འཛུམ་ཤིག་ཤིག་ངང་། ལོས་ཡོད། བརྒྱ་སྟོང་མང་པོ་ཡོད་པ་རེད། ཁྱོད་ཚོས་ཡི་གེ་འདོན་ན་འདོད་དམ་ཟེར།
          ང་ཚོ་ཚང་མས་མགོ་བོ་ལྡེམ་ལྡེམ་བྱས། མགོན་སྐྱབས་ཀྱིས་དེ་འཕྲལ་མཛུབ་མོས་ཁོའི་སྐེ་ལ་ཁུར་བའི་སྒམ་ཆུང་དེ་བསྟན་ནས། དེ་ཅི་རེད་ཅེས་དྲིས་བྱུང་བས། མི་དེས་ཀྱང་རང་ཉིད་ཀྱིས་ཁུར་བའི་སྒམ་ཆུང་དེར་ལྟ་ཙམ་གྱིས་སྐེ་ནས་ཕུད་ཅིང་དེའི་འགྲམ་ཞིག་ཏུ་མཛུབ་མོས་རེག་ཙམ་བྱས་མ་ཐག་སྒམ་ཆུང་དེ་ལས་སྐད་ཆ་བཤད་བྱུང་བས་ང་ཚོ་ཚང་མ་ཡ་མཚར་བར་གྱུར། མི་དེས་ང་ཚོའི་རྣམ་འགྱུར་དེ་མཐོང་ནས་དགོད་བཞིན་དུ། འདིའི་མིང་ལ་སྒྲ་སྡུད་འཁོར་ལོ་ཟེར་བ་རེད། འདིའི་ནང་ནས་ས་ཆ་ཡོངས་རྫོགས་ཀྱི་གནས་ཚུལ་གོ་ཐུབ་པ་རེད་ཟེར་བས་ཚང་མ་སྔར་བས་ཀྱང་ཡ་མཚར་བའི་དངོས་པོ་དེར་ཡིད་སྨོན་སྐྱེས་པར་གྱུར།
          རྣམ་རྒྱལ་གྱིས་མགོ་བོ་ཡོན་ནས་ལྟ་བཞིན་དུ། འདིའི་ནང་ནས་གླུ་ལེན་པ་རེད་དམ་ཞེས་དྲིས་པར་མི་དེས་མགོ་བོ་ལྕོག་ལྕོག་བྱེད་བཞིན། གླུ་ལེན་པ་རེད་ལ་གནའ་བཤད་ཀྱང་བཤད་པ་རེད་ཟེར།
          ངས་སླར་ཡང་འདི་ཇི་ལྟར་ལས་པ་རེད་ཅེས་དྲིས་པ་ན་མི་དེས་བདེན་ཅོག་ཅོག་ངང་། སློབ་གྲྭར་སོང་ནས་ཡི་གེ་བཏོན་ན་འདི་འདྲ་ལས་ཤེས་པ་རེད་ཟེར་བ་དང་། དེར་མཐུད་ནས་སློབ་གྲྭར་སོང་ན་དགེ་མཚན་གན་དང་འདི་ཡོད་པ་སོགས་མང་པོ་ཞིག་བཤད་བྱུང་བས་ང་ཚོར་ལྷ་ཡུལ་དུ་ཁྲིད་པ་ལྟ་བུའི་སྣང་བ་ཞིག་སྐྱེས་བྱུང་ལ་། མི་དེ་ང་ཚོའི་གཉེན་ཉེ་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་ཡང་སྐྱེས་ཏེ་ཉིན་གང་བོར་ཁོའི་ཁ་བརྡར་ཉན་ན་བསམས།
          མཇུག་མཐར་མི་དེས་མུ་མཐུད་དུ་ཞོན་རྟ་ཁྲིད་དེ་ཁོ་རང་འགྲོ་སའི་ཕྱོགས་སུ་བུད་སོང་། ང་ཚོས་འཁྲེང་སེམས་དང་བཅས་ཁོ་སོང་བའི་རྗེས་ཕྱོགས་སུ་བལྟས་ཏེ་མིག་སྐྱེལ་བྱས། མི་དེ་མི་མཐོང་བའི་སར་ཡལ་རྗེས་ང་ཚོ་ཚང་མ་རང་རང་སར་འདང་རྒྱག་གི་ནང་དུ་ལྷུང་བར་གྱུར། མི་དེས་བཤད་པའི་སྐད་ཆ་དག་གིས་ངའི་སེམས་ལ་འཁྲུལ་སྣང་མང་པོ་ཞིག་སྐྱེས་སུ་བཅུག་སྟེ་མཚན་མོ་གཉིད་ཀྱང་མི་ཁུགས་པར་གྱུར། ལན་རེར་རྨི་ལམ་དུའང་ངས་ངོ་མི་ཤེས་པའི་བྱིས་པ་མང་པོའི་ཁྲོད་དུ་《མི་རོ་རྩེ་སྒྲུང་》་ཀློག་གིན་ཡོད་ཅིང་བྱིས་པ་ཚང་མས་ངའི་མཐའ་རུ་བསྐོར་ཏེ་ཡིད་སྨོན་དང་བསྟོད་ར་བྱེད་ཀྱིན་པ་རྨིས་འོངས། དེ་བས་ངས་རྣམ་རྒྱལ་ལ་ང་རང་རྫོང་ཐོག་ལ་སློབ་གྲྭར་འགྲོ་ན་འདོད་ཅེས་བཤད་པ་ཡིན།
          ལྷ་མོ་དང་མགོན་སྐྱབས་གཉིས་ཀ་ཅུང་ཡིད་མི་ཆེས་པའི་མིག་མདངས་ཀྱིས་ང་ལ་བལྟས་འདུག་ཅིང་། མིག་མདངས་ཀྱི་ཁྲོད་དུ་ཧ་ཅང་ཡིད་སྨོན་སྐྱེས་པ་ལྟ་བུའི་ཉམས་ཤིག་ཀྱང་མངོན་འདུག
          རྣམ་རྒྱལ་ཡང་དེང་ཐོག་ཡ་མཚར་བར་གྱུར་བ་དང་། དེ་ནས་རེ་ཞིག་ལ་འདང་བརྒྱབ་ནས་བསྡད་རྗེས། འོ་ན་ཁྱོད་ཚང་ལ་ནོར་རྫི་མེད་པས་་་་་་་ཟེར་ནས་ངས་ཅི་བཤད་ལ་ཉན་པ་ལྟར་ཚུར་བལྟས་ནས་བསྡད་བྱུང་།
          དེར་མཐུད་ནས་མགོན་སྐྱབས་ཀྱིས་ཀྱང་མིག་ཅེར་བཞིན། ཁྱོད་ཀྱི་ཨ་ཕས་ཁྱོད་སློབ་གྲྭར་འགྲོ་རུ་འཇུག་གམ་ཞེས་དྲིས་བྱུང་།
          དྲི་བ་དེ་གཉིས་ཀྱིས་ང་རང་ལ་ཁ་གྲགས་རྒྱུ་མེད་པར་བཏང་སོང་། ངོ་མ་བཤད་ན་ངས་ཀྱང་དེའི་ཕྱོགས་ལ་འདང་རྒྱག་མ་མྱོང་བར་འདུག ངས་ཁ་ལྕེ་མྱངས་ཙམ་བྱས་ཏེ་མགོ་བོ་དུད་དེ་ཁ་རོག་གེར་བསྡད་པ་ཡིན། རྣམ་རྒྱལ་གྱིས་སླར་ཡང་ང་ལ་སེམས་གསོ་དང་རྒྱབ་སྐྱོར་བྱེད་པའི་ཚུལ་དུ། ངོ་མ་བཤད་ན་ང་རང་ཡང་སློབ་གྲྭར་འགྲོ་འདོད་འདུག 《མི་རོ་རྩེ་སྒྲུང་》གི་ནང་དུ་ཡང་། ཁྱུང་དར་མའི་ལོ་ལ་ནམ་འཕང་གཅོད༎ གནམ་ཁ་རྒྱ་ཆེ་རུང་ཡ་མི་ང་༎ ལོ་གཞོན་པའི་དུས་ལ་རྒྱལ་ཁམས་འགྲིམ༎ ས་ཁ་ཞེང་ཆེ་རུང་ཡ་མི་ང་༎ ཞེས་བཤད་ཡོད་པ་རེད། འོན་ཀྱང་ང་ཡང་ཨ་ཕས་མངགས་མི་སྲིད་་་་་་་་ཟེར་ནས་ཡིད་སྡུག་པར་གྱུར།
          རྣམ་རྒྱལ་གྱིས་བཤད་པའི་སྐད་ཆའམ་《མི་རོ་རྩེ་སྒྲུང་》ནང་གི་ཚིག་དེས་ངའི་སེམས་ལ་ཡང་བསྐྱར་མ་སངས་ཡ་རུ་ཁ་ཁྲ་དྲན་དུ་བཅུག་སོང་། ཚིག་འདི་ཡང་ཕལ་ཆེར་མ་སངས་ཡ་རུ་ཁ་ཁྲསབཤད་པ་ཡིན་རྒྱུ་རེད་སྙམ། གང་ལྟར་མ་སངས་ཡ་རུ་ཁ་ཁྲ་ལྟ་བུའི་དཔའ་སྙིང་དང་སྤོབས་པ་ལྡན་ཚེ་མི་ནས་པའི་བྱ་བ་ཅི་ཞིག་ཡོད་དམ་སྙམ།
          ཡ་མཚར་བ་ཞིག་ལ། ལྷ་མོ་དང་ངེད་གཉིས་ནོར་ཁ་ལེན་དུ་འགྲོ་དུས་སུ་ལྷ་མོ་སྔ་གཞུག་ཀུན་ཏུ་ཁ་མི་གྲགས་པར་མགོ་བོ་དུད་དེ་འགྲོ་རྐྱང་བྱེད་པ་ལས་ངའི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད། ཕལ་ཆེར་ང་ལ་བཤད་འདོད་པའི་སྐད་ཆ་ཞིག་ཡོད་པ་འདྲ་བས་ངས་ཆེད་དུ་ཁྱོད་ཀྱིས་ཅི་ཞིག་ལ་འདང་རྒྱག་པ་ཡིན་ཞེས་དྲིས་པ་ན། ཁོ་མོའི་མགོ་བོ་སྔར་ལས་ཀྱང་དུད་པར་གྱུར་ཅིང་ལག་པ་ཕུར་ཕུར་བྱེད་བཞིན་སྐད་དམའ་མོས། ངའང་སློབ་གྲྭར་འགྲོ་ན་འདོད་ཟེར་ནས་ངོ་མདངས་དམར་བོར་གྱུར་སོང་།
          ང་རང་ཡིད་མ་ཆེས་པར་ཁོ་མོར་ཞིབ་ལྟ་བྱེད་བཞིན། འོ་ན་ཁྱོད་ཀྱིས་ཡི་གེ་མི་འདོན་ཟེར་བ་མ་ཡིན་ནམ་ཞེས་དྲིས།
          ཁོ་མོ་འགྲོ་མཚམས་བཞག་སྟེ་སྔར་བཞིན་ལག་པ་ཕུར་ཕུར་བྱེད་བཞིན། གོ་ཐོས་ལ་དེ་གར་ང་ལྟ་བུའི་བུ་མོ་ཡང་ཧ་ཅང་མང་བ་རེད་ཟེར།
          ངས་ཡང་བསྐྱར་འདང་ཞིག་བརྒྱབ་སྟེ་ཅུང་ཐེ་ཚོམ་དང་བཅས། འོ་ན་ཁྱོད་གནས་ལ་འགྲོ་དགོས་པ་མིན་ནམ་ཞེས་དྲིས་པ་དང་ལྷན་དུ་སེམས་གཏིང་ནས་ཅུང་ཡིད་ཕམ་པའི་སྣང་བ་ཞིག་ཀྱང་སྐྱེས་བྱུང་།
          ཁོ་མོའི་མགོ་བོ་ཐོལ་གྱིས་དགྱེ་བྱུང་ལ་དེ་དང་ལྷན་དུ་ཚིག་ཐག་ཆོད་པོའི་ངང་། ང་གནས་ལ་མི་འགྲོ དེ་ནི་ཨ་མས་བཙན་གྱིས་འགྲོ་དགོས་ཟེར་བརེད་མོད། ང་རང་གཏན་ནས་འགྲོ་མི་སྲིད། ང་རང་སློབ་གྲྭར་འགྲོ་དོན་ཡང་དེ་ཡིན་ཟེར་བཞིན་ཧ་ཅང་ཉམ་ཆུང་བའི་མིག་གཉིས་ཀྱིས་ཧུར་རེར་ང་ལ་བལྟས་བྱུང་ལ། མིག་མདངས་ལས་ང་ལ་ཁོ་མོ་སློབ་གྲྭར་འཁྲིད་རོགས་ཞུ་བཞིན་བའི་རེ་བ་ཞིག་ཀྱང་མངོན་འདུག
          སྐབས་དེར་ངའི་སེམས་ནང་དུ་ཅི་ཡིན་མི་ཤེས་པའི་དབུགས་ཤིག་འཚངས་བར་གྱུར་ཏེ་ཁོ་མོར་ཅི་ཞིག་བཤད་དགོས་་་་་ པའང་མི་ཤེས་པར་གྱུར། ང་ནི་ཁོ་མོའི་ཨ་ཕ་མིན་པས་ཁོ་མོ་སློབ་གྲྭར་འཁྲིད་པའི་དབང་ཆ་ག་ལ་ཡོད། ངའི་སེམས་ལ་རང་དབང་མེད་པར་ལྷ་མོ་དང་ངའི་མ་ཡར་གཉིས་ཀྱི་ལས་དབང་ཧ་ཅང་གཅིག་མཚུངས་ཡིན་པའི་སྣང་བ་ཞིག་སྐྱེས་བྱུང་། མ་ཡར་ཡང་དེང་ཐོག་ཁོ་མོའི་ཕ་མས་བཙན་ཚུགས་ཀྱིས་གནས་ལ་བྱིན་པར་ཡིད་མ་འཐད་པར་བྲོས་བྱོལ་དུ་ཕྱིན་ཏེ་ཨ་ཕར་འཕྲད་པ་རེད་ཟེར་བ་མིན་ ནམ། ད་དུང་་་་་་་ད་དུང་ལྷ་མོའི་ཨ་མས་ལྷ་མོ་རང་ཉིད་ངེད་ཚང་ལ་ཡོང་བར་འཐད་ཀྱིན་མི་འདུག་ཟེར་བ་ནི་རྫུན་གཏམ་སྟེ་མ་ཡར་གྱི་མགོ་གཡོགས་བྱེད་ཙམ་ཡིན་པ་མིན་ནམ། སྐབས་འདིར་ངས་མ་ཡར་གྱི་ཕྱོགས་ལ་བཅངས་པའི་ཧ་ཅང་སྙིང་རྗེ་བའི་གདུང་སེམས་དེ་འདྲ་ཞིག་ལྷ་མོའི་སྟེང་ལའང་བཅངས་བྱུང་། བུད་མེད་ཚོ་ནི་ཧ་ཅང་སྙིང་མ་རྗེ་རེད་སྙམ།
          མ་ཡར་གྱིས་ངས་ཁོ་མོར་དེ་ལྟ་བུའི་སྙིང་རྗེ་བའི་བསམ་པ་བཅངས་ཀྱིན་པ་རྟོགས་མི་སྲིད། ཁོ་མོས་མོས་སྔར་བཞིན་ངས་ཁོ་མོར་ཨ་མ་ཞེས་ཨེ་འབོད་པའི་ཐད་ལ་ཧུར་བརྩོན་ཅི་ནུས་བྱེད་ཀྱིན་ཡོད་པ་སྟེ། ང་ རང་ནོར་རྫི་ནས་ཕྱིར་ཡུལ་དུ་ཐོན་མ་ཐག་མྱུར་དུ་ཨེ་ལྟོགས་ཐལ་དང་ཨེ་གྲང་ཐལ་ལ་སོགས་པའི་བྱམས་བརྩེའི་དྲོད་ཀྱིས་ཁེངས་པའི་འཚམས་འདྲི་བྱེད་་་་་ བཞིན་ཇ་འདྲེན་དང་ཟས་འདྲེན་བྱེད་པ་དང་། གྲ་སྒྲིག་བྱས་པའི་ཟས་རིགས་དག་ཀྱང་རྒྱུན་དུ་ང་རང་ཧ་ཅང་ཟ་བར་དགའ་བའི་སྐོར་ཤ་སྟག་ཡིན། ངས་ཨ་ཕ་མེད་པའི་སྐབས་དང་བསྟུན་ནས་མ་ཡར་ལ་ང་རང་རྫོང་ཐོག་ཏུ་སློབ་གྲྭར་འགྲོ་འདོད་ཚུལ་བཤད་པ་ན། དེང་ཐོག་ཁོ་མོ་ཡང་མགོན་སྐྱབས་དང་ལྷ་མོ་དག་དང་འདྲ་བར་ཧ་ཅང་ཡ་མཚར་བ་ལྟར་གྱུར་བ་དང་། ངའི་རེ་ཞུ་བྱེད་པའི་ངོ་མདངས་མཐོང་རྗེས་དེ་འཕྲལ་སེམས་ཇེ་སྙིར་གྱུར་ཏེ་འདང་རྒྱག་ཙམ་བྱས་ཤིང་ཅུང་ཐེ་ཚོམ་དང་བཅས་། འོན་ཀྱང་ཨ་ཕ་ཨེ་འཐད་དམ་ཟེར་ནས་ཅེ་རེར་ང་ལ་ལྟ་བར་བྱེད།
          ད་ནི་ངས་ཀྱང་བསམ་ཤེས་ཡོད་པས་། ཁྱིམ་ནང་གི་གནས་ཚུལ་ཅི་ལ་མི་ཤེས། ཆེད་དུ་ད་དུང་ངེད་ཚང་ལ་ནོར་རྫིམེད་པས་ཅི་བྱའམ། ནོར་བོར་སོང་ན་ཅི་བྱའམ་ཞེས་བཤད་དགོས་བྱུང།
          མ་ཡར་གྱིས་ཡུན་རིང་ཙམ་ལ་ཅི་ཡང་མི་ཟེར་བར་ཁ་རོག་གེར་འདང་རྒྱག་གིན་སྡོད་ཅིང། མཇུག་མཐར་དབུགས་རིང་ཞིག་ཕྱུངས་ཏེ། ནོར་རྫིར་ང་རང་སོང་ཡང་ཆོག་པ་རེད། གང་ལྟར་ཁྱོད་ཀྱིས་ཡེ་གེ་འདོན་ཐུབ་ན་ཧ་ཅང་བཟང་བ་རེད། རྗེས་ཕྱོགས་ནས་ཕན་ཐོགས་ཡོད་པ་རེད། འོན་ཀྱང་ཁྱོད་ཀྱི་ཨ་ཕས་ཅི་ཟེར་རམ་ཟེར་ནས་མུ་མཐུད་དུ་འདང་རྒྱག་པར་བྱེད།
          མ་ཡར་གྱི་ཚིག་དེས་ང་ལ་སེམས་འགུལ་ཚད་མེད་ཐེབས་ཏེ་མིག་མཐར་མཆི་ཞགས་འཁོར་བར་གྱུར། ཁོ་མོས་ནམ་རྒྱུན་དོན་གང་དང་ཅིའི་ཐད་ནས་ཀྱང་ང་ལ་རྒྱབ་སྐྱོར་བྱེད་ཅི་ནུས་བགྱི་བ་ལགས་མོད། སློབ་གྲྭར་འགྲོ་བའི་ཐད་འདི་ལྟར་ཡིད་འཐད་བྱུང་འགྲོ་བ་ངའི་སེམས་ལའང་མ་དྲན། གལ་ཏེ་ངའི་ཡིད་དགའ་བའི་དོན་ཞིག་ཡིན་ན་ཁོ་མོས་སྡུག་ཅི་འདྲ་མྱོང་དགོས་ཀྱང་བཟོད་བསྲན་ནུས་པའི་རྣམ་འགྱུར་དེ་དག་གིས་ཁོ་མོ་དངོས་གནས་འཕགས་མ་ཞིག་དང་མཚུངས་པ་མ་རེད་་་ དམ། སྐབས་དེར་ངའི་ངག་ནས་ཚིག་གཅིག་ཀྱང་མི་འཁྲོལ་བར་གྱུར་སོང་།
          ཨ་ཕ་ལུག་རྫི་ནས་ཕྱིར་ལོག་དུས་ནམ་རྒྱུན་ལྟར་སྤྲོ་སྣང་གིས་ཁེངས་ཏེ་ཁ་བརྡ་འགའ་རེ་བྱས་རྗེས་ཇ་འཐུང་བར་བྱེད་མོད། འོན་ཀྱང་ངས་ཁོའི་སྐད་ཆའི་ནང་དོན་གཅིག་ཀྱང་གོ་མ་བྱུང་། ངའི་སེམས་ན་ཡོད་པ་ནི་ང་རང་སློབ་གྲྭར་འགྲོ་འདོད་པའི་སྐད་ཆ་དེ་ཇི་ལྟར་བཤད་རྒྱུ་དེ་ཡིན་མོད་ཨ་ཕ་ཁོང་ཁྲོ་ལངས་པར་དོགས་ནས་བཤད་མི་སྤོབས། རྒྱུ་མཚན་ཡང་ཨ་ཕའི་རེ་བ་ནི་རྗེས་སུ་ང་ལ་ཆུང་མ་ཞིག་བླངས་ཏེ་ཁོའི་རྗེས་ཤུལ་སྐྱོང་དགོས་ཟེར་བ་མ་ཡིན་ནམ། ང་རང་ཁུ་སིམ་མེར་ཨ་ཕའི་འགྲམ་དུ་བསྡད་ནས་ལན་རེར་མ་ཡར་ལ་ལྟ་ཙམ་བྱས་པ་ཡིན། མ་ཡར་གྱི་བཞིན་མདངས་དམར་པོར་གྱུར་ཏེ་ཅུང་དོགས་མི་བདེ་བའི་ངང་ལན་རེར་ངའི་གདོང་ལ་ལྟ་ཙམ་དང་ལན་རེར་ཨ་ཕའི་བཞིན་ལ་ལྟ་ཙམ་བྱེད་བཞིན་སྡོད་པ་ལས་སྐད་ཆ་་་་ བཤད་མི་ཕོད་པར་འདུག མ་གཞིར་མ་ཡར་ཡང་ཨ་ཕར་ཅུང་ཙམ་སྐྲག་གིན་ཡོད་པར་འདུག ངས་དེ་ལྟར་བསམ་བཞིན་རང་དབང་མེད་པར་ཁོང་དགོད་ཅིག་ཤོརསོང་།
          ཨ་ཕས་ཧུར་རེར་ང་ལ་བལྟས་ཏེ། ཅི་རེད། ངས་བཤད་པ་མི་འགྲིག་པ་རེད་དམ་ཟེར།
          མ་རེད། ངས་དེ་ལྟར་བཤད་མོད་དོན་ངོ་མར་ཁོས་ཅི་ཞིག་བཤད་པའང་མ་ཐོས་པར་འདུག་པས། མགོ་བོ་དུད་དེ་མ་ཡར་མིག་ཟུར་གྱིས་ལྟ་ཙམ་བྱས།
          མ་ཡར་ཡང་བགད་བྱུང་བས། ཨ་ཕ་སྔར་ལས་ཀྱང་ཡ་མཚར་བར་གྱུར་ཏེ་ཕར་མ་ཡར་ལ་ལྟ་བཞིན། ཅི་ཞིག་བྱས་སོང་བ་རེད་ཟེར།
          མ་ཡར་དགོད་མཚམས་བཞག་སྟེ་ངོ་མདངས་དམར་བོར་འགྱུར་ཙམ་གྱིས། ཁོ་རང་སློབ་གྲྭར་འགྲོ་ན་འདོད་ཟེར་མོད། ཁྱོད་ཀྱིས་བལྟས་ན་ཅི་བྱེད་རྒྱུ་ཟེར་ནས་ཨ་ཕའི་གདོང་ལ་བལྟས་ནས་འདུག
          ཨ་ཕས་དེ་མུར་ཧུར་རེར་ང་ལ་བལྟས་བྱུང་ཞིང་། ཁོའི་མིག་གཉིས་ཧ་ཅང་ཆེ་རུ་བགྲད་འདུག་པས་ངའི་སྣང་ངོར་ཕལ་ཆེར་མཛོ་མོའི་མིག་གི་ཆེ་ཆུང་ཡོད་པའི་སྣང་བ་སྐྱེས་བྱུང་། ཨ་ཕ་ཅུང་ཙམ་ལ་ཅེར་ནས་བསྡད་རྗེས་གཞི་ནས་ཁ་གྲགས་བྱུང་། ཧ་ཅང་ནན་ཏན་ངང་། འོན་ཀྱང་ང་ཚོས་ད་བར་དུ་ཕྱུགས་འཚོས་ནས་འོང་བ་རེད་ཡ་ཟེར་བ་དང་། ཡང་བསྐྱར་ཅུང་སྐྲག་འཕུད་པའི་ཉམས་ཤིག་བསྟན་ཏེ། རྒྱ་སྲང་ནས་རྐུན་མས་བྱིས་པའང་རྐུ་སྐད་འདུག་པས་ཁྱོད་མི་སྐྲག་གམ་ཟེར་ནས་མ་ཡར་ལ་མིག་བརྡ་ཞིག་བསྟན་བྱུང་ལ། དེ་ནི་མ་ཡར་གྱིས་ཀྱང་ཁོ་ལ་རྒྱབ་སྐྱོར་བྱེད་དགོས་པའི་བརྡ་རེད།
          དེ་འདྲ་ཨེ་སྲིད་དམ། མ་ཡར་ཡང་ཅུང་སྐྲག་པ་ལྟར་གྱུར་སོང་། ཁོ་མོའི་བཟོ་ལྟར་བལྟས་ན་དངོས་གནས་སྐྲག་གིན་འདུག་པས་ང་རང་ཡང་ཅུང་ཟད་སྐྲག་པར་གྱུར་སོང་།
          ཅི་ལ་མི་སྲིད། ཨ་ཕས་མུ་མཐུད་དུ་མིག་ཅེར་ཅེར་བྱས་ཏེ། ཐ་ན་མིག་འབྲས་ཁོ་ན་རྐུ་མཁན་ཡང་ཡོད་པ་རེད་ཟེར།
          མ་ཡར་ནི་ཧ་ལས་ཏེ་ང་ལ་བལྟས་ནས་མིག་ཅེར་འདུག་པས་ངའི་སེམས་ཀྱང་ཐེ་ཚོམ་གྱི་རྒྱ་རུ་ཚུད་སོང་།
          ངས་རྣམ་རྒྱལ་ལ་དེ་སྐད་ཟེར་བ་བདེན་མིན་དྲིས་པ་ན་ཁོས་ཀྱང་གསལ་བོར་མི་ཤེས་པར་འདུག འོན་ཀྱང་ཁོས་མཇུག་མཐར་བཤད་པའི་ཚིག་ནི་ཕལ་ཆེར་ཁྱོད་ཀྱི་ཨ་ཕ་འཐད་ཀྱི་མེད་པ་ཡིན་པ་འདྲ་ཟེར་བ་དེ་རེད།
          ཨ་ཕ་འཐད་ཀྱིན་མེད་པ་ནི་ངས་ཀྱང་གསལ་བོར་ཤེས་ཡོད་དེ། ཁོའི་རེ་བ་ནི་ལྷ་མོ་ལྟ་བུའི་བུ་མོ་ཞིག་ངའི་ཆུང་མར་བླངས་ཏེ་མ་ཡར་དང་ཁོང་གཉིས་ལྟར་སྡོད་རྒྱུ་དེ་རེད་ལ། དེ་ལྟར་གྲུབ་ཚེ་ཁོའི་འགན་ཁུར་ཡང་འགྲུབ་སོང་སྙམ་གྱིན་ཡོད་པ་རེད། ངས་ཡང་བསྐྱར་རྣམ་རྒྱལ་ལ་ཅི་ཡང་མ་བཤད་པར་ལུང་མཐིལ་གྱི་ནོར་ཁྱུའི་ཕྱོགས་སུ་བལྟས་ནས་བསྡད།
          ནོར་ཁྱུ་ནི་ལུང་ཁུག་ཏུ་རང་སྣང་གང་ཤར་ལྟར་ཡན་ཏེ་རྩྭ་ལ་རོལ་གྱིན་འདུག་ཅིང་ཕར་བལྟས་ཚོད་ཀྱིས་ཧ་ཅང་བག་ལྷོད་པའི་སྣང་བ་ཞིག་བྱིན་འོང་། དོན་ངོ་མར་ང་རང་ནོར་ཁྱུ་ལ་ཧ་ཅང་འདང་རྩིས་ཆེ་ཞིང་ཕལ་ཆེར་ནོར་ཁྱུ་ཡང་ང་རང་ལ་དགའ་བོ་ཡོད་ངེས་ཡིན་ཏེ། ལྷ་མོ་གནས་ཡུལ་གཞན་དུ་ཕྱིན་ན་ངས་ནི་ཁོ་མོ་དྲན་སྲིད་པ་བཞིན་དུ་ང་རང་སློབ་གྲྭར་སོང་བ་ཡིན་ན་ནོར་ཁྱུས་ཀྱང་ང་རང་དྲན་ངེས་རེད་སྙམ། ཡིན་ན་ཡང་སྐབས་འདིའི་ངའི་བསམ་ཚུལ་འདི་དག་ནོར་ཁྱུས་ཤེས་ག་ལ་ཐུབ།
          ཉིན་དེར་རྣམ་རྒྱལ་གྱིས་དངོས་གནས་ང་ལ་ཡི་གེ་ཡག་པོ་ཞིག་ཁྲིད་བྱུང་། ཁོས་ནམ་རྒྱུན་གྱི་ཡིད་སུན་པའི་རྣམ་འགྱུར་དེ་འདྲ་མི་སྟོན་པར་བྱི་ལོང་ས་འབུར་བདེ་བར་བསྙམས་པའི་སྟེང་དུ་ཐོག་མར་ཟངས་དེམ་ལྟ་བུའི་རི་མོ་ཞིག་བྲིས་ཏེ་འདི་ནི་ཅ་རིལ་རེད་ དང་། ཡང་ཐོད་པའི་འོག་ཏུ་འགྲམ་པ་གོར་གོར་གཉིས་ཅན་ཞིག་བྲིས་ནས་འདི་ནི་ཆ་རེད་ཅེས་ཁྲིད་པས་ངའི་སེམས་ནས་ཀྱང་ཧ་ཅང་ཤེས་སླ་བའི་སྣང་བ་ཞིག་སྐྱེས་བྱུང་། འོན་ཀྱང་མགོན་སྐྱབས་ཀྱིས་གན་ནས་མ་རབས་བྱས་ཏེ། ཅ་རིལ་ནི་ཁྱོད་ཀྱི་འདོམས་ཀྱི་དེ་རེད། ཆ་ནི་དེའི་སྒོ་ང་གཉིས་ཀ་རེད་ཟེར་བས་རྣམ་རྒྱལ་ཡང་བགད་བྱུང་། དགོད་བཞིན་དུ། མགོན་སྐྱབས་ལ་སྒོ་ང་གཉིས་ཀ་མེད་པས་རྗེས་སུ་ཆུང་མ་མི་དགོས་པ་རེད་ཟེར།
          ངས་ཀྱང་དེར་མཐུད་ནས། ཁོའི་ཨ་ཕ་ལའང་སྒོ་ང་གཉིས་ཀ་མེད་པས་ནམ་རྒྱུན་ཨ་མ་དང་རྡུང་རེས་བྱེད་པ་རེད་ཅེས་བཤད་ནས་རྣམ་རྒྱལ་དང་ལྷན་དུ་ཧ་ཧ་ཞེས་གད་མོ་བགད།
          བསམ་ཡུལ་ལས་འདས་པ་ཞིག་ལ་མགོན་སྐྱབས་ཀྱིས་ཀུ་རེ་དེའི་ན་ཟུག་མ་ཐེག་པར་ངུས་བྱུང་ལ། ངུ་བཞིན་དུ་ཁྱོད་གཉིས་ཀྱིས་ང་ལ་ཐུབ་ཚོད་བྱེད་པ་རེད། ངས་ཨ་ཕར་གཏུག་རྒྱུ་ཡིན་ཟེར་ནས་ནོར་ཁྱུ་བསྐྱུར་ནས་མར་ཕྱོགས་སུ་བུད་སོང་། ལྷ་མོས་ཕར་ཕྱོགས་ནས་དོན་དག་ཅི་ཞིག་བྱུང་བ་མ་ཤེས་པར་མགོན་སྐྱབས་ཀྱི་རྗེས་སུ་བརྒྱུགས་ནས་བཤོལ་འདེབས་བྱེད་ ཀྱིན་འདུག་མོད། ཁོས་མི་ཉན་པར་ཤར་རེར་ཡུལ་ཕྱོགས་སུ་བུད་ཐལ། མགོན་སྐྱབས་ཡུལ་དུ་སོང་ནས་ཁོའི་ཨ་ཕར་གཏུག་བཤེར་བྱེད་ངེས་ཡིན་བཟོ་འདུག་པས་རྣམ་རྒྱལ་ངེད་གཉིས་ཀྱང་ཧ་ཅང་སྐྲག་པར་གྱུར་སོང་།
          ལྷ་མོ་ཚུར་གན་དུ་ཐོན་རྗེས་ཧ་ཅང་མ་རངས་པའི་ངང་། ཁྱོད་གཉིས་ཀྱིས་ཁོ་ལ་ཅི་ཞིག་བྱས་པ་ཡིན་ཟེར་བས། ངས་ཅི་མི་སྙམ་པའི་ངང་མགོ་བོ་ཡོན་ཏེ། ཁོས་ང་ལ་ཡི་གེ་འདོན་དུ་མ་བཅུག་པ་རེད། མི་རློམ་ན་ཁྱོད་ཀྱིས་རྣམ་རྒྱལ་ལ་དྲིས་དང་ཆོག་ཅེས་བཤད། རྣམ་རྒྱལ་གྱིས་ཅི་ཡང་མི་ཟེར་བར་ཁ་རོག་གེར་སྡོད།
          ལྷ་མོས་ཀྱང་ཡང་བསྐྱར་ཅི་ཡང་མི་བཤད་པར་འདུག
          འདང་ཞིག་བརྒྱབ་པ་ན་མགོན་སྐྱབས་ལའང་དངོས་གནས་ཁག་མེད་པ་རེད། ཁོའི་ཨ་ཕ་དང་ཨ་མ་གཉིས་ཀྱིས་ནམ་རྒྱུན་རྡུང་རེས་བྱེད་པ་དེས་ཁོའི་སེམས་་ལ་སུས་ཀྱང་མི་མངོན་པའི་རྨ་ཁ་ཞིག་བཟོས་འདུག་པས། དེའི་ཁར་རྣམ་རྒྱལ་དང་ངེད་གཉིས་ཀྱིས་དེ་ལྟར་མཚང་འབྲུ་བྱས་ན་ཁོའི་སེམས་ཕམ་ཞིང་ན་ཟུག་མི་ཐེག་པ་ཞིག་ཅི་ལ་མ་ཡིན། དེ་ལྟར་སྙམ་ནས་ངའི་སེམས་ཀྱི་སྐྲག་སྣང་དེ་ཡང་རིམ་བཞིན་འགྱོ ད་སེམས་ཤིག་ཏུ་གྱུར་སོང་།
          རྣམ་རྒྱལ་གྱིས་ལྷ་མོས་མི་ཐོས་སར་ང་ལ། མགོན་སྐྱབས་ཀྱི་ཨ་ཕས་ངེད་གཉིས་ལ་སྡིགས་ངེས་རེད་ཟེར་ནས་དེ་ལས་གཡོལ་འདོད་ཀྱི་ཐབས་ཤིག་འཚོལ་བར་བྱེད།
          ངས་འདང་ཞིག་བརྒྱབ་པ་ན་སེམས་ཁྲལ་དེ་ལས་ཀྱང་ཆེ་བར་འདུག དེ་བས་ཁོ་ལ་མགོན་སྐྱབས་ཀྱི་ཨ་ཕས་ངེད་གཉིས་ཀྱི་ཨ་ཕར་གཏུག་ན་ཅི་བྱའམ་ཞེས་བཤད་པ་ན། རྣམ་རྒྱལ་ནི་སྔར་བས་ཀྱང་འདང་རྒྱག་གི་ནང་དུ་ལྷུང་སོང་།
          ངའི་བསམ་པར་ཨ་ཕས་མི་གཞན་གྱིས་ང་ལ་སྡིགས་མོ་བྱས་ཚེ་ང་ལ་འགེབས་སྲུང་བྱེད་ངེས་པ་མ་གཏོགས་ངས་མི་གཞན་ལ་མ་རབས་བྱས་ན་ང་རང་ལ་གཅར་རྡུང་བྱེད་ཀྱང་སྲིད་སྙམ་བྱུང་།
          ཡ་མཚར་བ་ཞིག་ལ། ང་ཚོ་སྐྲག་སྐྲག་ངང་ནོར་རྫི་ནས་ཕྱིར་ཡུལ་དུ་ལོག་ཡོང་དུས་ལྷ་མོ་ཚང་ལ་འགྲུལ་བ་ལ་འགའ་ཐོན་འདུག་པར་མ་ཟད། ཨ་ཕ་དང་མགོན་སྐྱབས་ཀྱི་ཨ་ཕ། རྣམ་རྒྱལ་གྱི་ཨ་ཕ་གསུམ་གའང་དེ་གར་སོང་ནས་ཆང་འཐུང་གིན་འདུག་ཟེར། ཡུལ་དུ་མ་ཡར་གཅིག་པུས་ཇ་བསྐོལ་ཏེ་ང་ལ་བསྒུགས་འདུག ངས་མ་ཡར་ལ་མགོན་སྐྱབས་ཡུལ་དུ་ཐོན་མིན་དྲིས་པ་ན། ཁོ་མོས་མགོན་སྐྱབས་ཀྱིས་ཁོའི་ཕོ་བ་ན་གྱིན་འདུག་ཟེར་ནས་ཕྱི་དྲོ་ཙམ་ལ་ཡུལ་དུ་ཐོན་བྱུང་ཟེར། དེ་བས་ངའི་སེམས་ལ་གཞི་ནས་ནམ་ལངས་པ་ལྟ་བུའི་སྣང་བ་ཞིག་སྐྱེས་ཤིང་མགོན་སྐྱབས་ཀྱང་གྲོགས་པོའི་ལ་རྒྱ་ཡོད་པའི་སྐྱེས་ཕོ་རབ་ཅིག་རེད་སྙམ་བྱུང་།
          ངས་མ་ཡར་ལ་ཨ་ཕ་ལྷ་མོ་ཚང་ལ་འགྲོ་དོན་ཅི་རེད་ཅེས་དྲིས།
          མ་ཡར་གྱི་ངོ་མདངས་དམར་པོར་འགྱུར་ཙམ་བྱས་པ་དང་། དེ་འཕྲལ་བཙན་ཚུགས་ཀྱིས་འཛུམ་ཙམ་བྱས་ཏེ། དེ་རིང་ལྷ་མོ་གནས་ལ་འགྲོ་བར་གཉེན་རྟགས་རྒྱག་པ་རེད་ཟེར།
          དེང་ཐོག་ང་རང་ཡིད་མི་ཆེས་པར་གྱུར་མོད་མ་ཡར་གྱིས་རྫུན་བཤད་མི་སྲིད་པས་ལྷ་མོའི་ཕྱོགས་ལ་ཡི་ཆད་པར་གྱུར། ལྷ་མོས་ཁོ་མོ་སློབ་གྲྭར་འགྲོ་ན་འདོད་ཅེས་ང་ལ་དངོས་སུ་བཤད་མྱོང་ན་ཡང་ད་ལྟ་མིད་ཐག་ཡན་གྱི་རྫུན་གཏམ་ཙམ་ཡིན་པར་འདུག་སྙམ། མ་ཡར་གྱིས་ང་རང་སེམས་ཕམ་པ་མཐོང་འཕྲལ་ངའི་གན་དུ་ཡོང་ནས་སེམས་གསོའི་ཚུལ་དུ། ངས་ཁྱོད་ཀྱི་ཨ་ཕར་ཞུ་བ་བྱས་ཏེ་ཁྱོད་རང་སློབ་གྲྭར་སྐྱེལ་བར་ཡིད་འཐད་བྱུང་སོང་ཟེར།
          ང་རང་ཡིད་མི་ཆེས་པར་གྱུར་ཏེ་རེ་ཞིག་ལ་ཁོ་མོའི་བཞིན་ལ་ཅེར་ནས་འདུག་དགོས་བྱུང་། ཁོ་མོའི་གདོང་ལ་ལྷད་མེད་དྭངས་གཙང་དང་ཨ་མ་ཁོ་ནར་ཡོད་པའི་བྱམས་བརྩེའི་འཛུམ་མདངས་ཀྱིས་ཁེངས་ཏེ། ཁྱོད་ཡིད་མི་ཆེས་སམ། ངས་ཁྱོད་ལ་རྫུན་གཏམ་སྲིད་དམ་ཞེས་བཤད་བྱུང་། སྐབས་དེར་ངའི་སེམས་ལ་གནོན་དུ་མེད་པའི་བརྩེ་དུང་གི་རླབས་ཕྲེང་དྲག་ཏུ་གཡོས་ཤིང་མིག་མཐར་མཆི་མས་ཡོངས་བསྒྲིབས་བྱུང་ལ། དེ་དང་ལྷན་དུ་ངག་ནས་ཀྱང་རང་དབང་མེད་པར། ཨ་་་་་་མ་་་་་ཞེས་འབོད་དགོས་བྱུང་།
          མ་ཡར་གྱིས་ཀྱང་ངའི་སྐད་དེ་ཐོས་འཕྲལ་ཧ་ཅང་དགའ་དྲགས་ཏེ་ང་ལ་དམ་དུ་འཁྱུད་བྱུང་བ་དང་། དེང་ཐོག་དགོད་ཙམ་བྱས་པ་དང་དེ་མ་ཐག་ངུས་བྱུང་། ངའང་ཁོ་མོ་དང་ལྷན་དུ་ངུས་པ་ཡིན།
          ང་རང་སློབ་གྲྭར་འགྲོ་བའི་ཉིན་དེར་ལྷ་མོ་ཡང་གནས་ལ་བསྐྱལ་བ་རེད། ནངས་མོ་དེར་ང་རང་ཡང་ཨ་ཕ་དང་མ་ཡར་ལ་འགྲོགས་ཏེ་ལྷ་མོར་སྐྱེལ་མ་བྱེད་དུ་འགྲོ་དུས་རྣམ་རྒྱལ་དང་མགོན་སྐྱབས་གཉིས་ཀ་འང་ཐོན་འདུག་ལ། ཁོང་ལགཉིས་ཀྱི་ངོ་མདངས་སྐྱ་བོར་གྱུར་འདུག་པར་བལྟས་ན་ཡིད་སེམས་ཧ་ཅང་སྐྱོ་བཞིན་ཡོད་པ་ཤེས་ཐུབ། ལྷ་མོ་ནི་ནངས་མོའི་དུས་ནས་ངུ་གྱིན་འདུག་ཟེར་མོད་ད་དུང་ཡང་ངུ་མཚམས་ཆད་མི་འདུག མ་ཡར་གྱིས་བཤད་ན་བག་མ་གནས་ལ་འགྲོ་དུས་མ་ངུས་ན་ཐན་ལྟས་ཡིན་པ་རེད་ཟེར། མཇུག་མཐར་ལྷ་མོའི་ལུས་ལ་རྒྱན་ཆ་དང་དར་གོས་སྣ་ཚོགས་ཀྱིས་བརྒྱན་ཏེ་རྟ་གོང་ལ་བསྐྱོན་རྩིས་བྱེད་དུས་སུ། ནམ་རྒྱུན་ལུ་གུ་ལྟར་གཉོམ་པའི་ཁོ་མོ་སྨྱོས་པ་ལྟར་གྱུར་ཏེ་ངུ་ཞོར་དུ་ཕྱིར་འཐེན་བྱས་ཤིང་རྟ་གོང་ལ་གཏན་ནས་ཞོན་ཁ་མ་ཉན་པས་ཉེ་འཁོར་གྱི་མི་ཚང་མའི་མིག་མཐའ་མཆི་མས་བརླན་པར་བྱས་སོང་། སྐབས་དེར་ལྷ་མོའི་ཨ་མ་ཡང་ཕ་རོལ་ནས་ངུ་བཞིན་འདུག་པས་ངའི་སེམས་ལ། ཁྱོད་ངུ་རྒྱུ་ཡོང་ན་བུ་མོ་བཙན་ཚུགས་ཀྱིས་གནས་ལ་སྟེར་དོན་ཅི་ཡོད་སྙམ། ལྷ་མོས་ངོ་རྒོལ་བྱེད་པའི་རྣམ་པ་དེས་ངའི་སེམས་ལའང་བཟོད་མི་ཐུབ་པའི་ན་ཟུག་ཅིག་སྐྱེས་སུ་བཅུག་བྱུང་མོད་བྱ་ཐབས་ཅི་ཡོད། གསར་བུ་འགས་བྱ་གླག་གིས་ལུ་གུ་བཟུང་བ་ལྟར་ཁོམོ་རྟ་གོང་དུ་བཙན་གྱིས་བསྐྱོན་རྗེས་ངུ་སྐད་དང་རྟ་ཕོའི་རྨིག་སྒྲའི་ཁྲོད་ནས་རུ་སྐོར་འདི་དང་གྱེས་སོང་།
          ཕྱིར་རང་ཁྱིམ་དུ་ཡོང་རྗེས་ཨ་ཕ་དང་ངེད་གཉིས་ཀྱང་གཞི་ནས་ལམ་ལ་ཆས་པ་ཡིན། མ་ཡར་གྱིས་ང་ལ་ལམ་བྲོ་མང་པོ་གྲ་སྒྲིག་བྱས་འདུག་པས་ཨ་ཕས་དེ་དག་རྟའི་ཤ་ཐག་ལ་འདོགས་ཀྱིན་འདུག ངས་《མི་རོ་རྩེ་སྒྲུང་》རུམ་ལ་བཅུག་རྗེས་སླར་ཡང་ལྷ་མོ་སོང་སའི་རྗེས་ཕྱོགས་སུ་རྒྱང་ལྟ་བྱས་པ་ན། ལྷ་མོ་དང་ཁོ་མོ་སྐྱེལ་བའི་སྐྱ་མི་དག་ནི་རྒྱང་རིང་དུ་ཁ་དོག་སྣ་ལྔ་བཀྲ་བའི་ཕྱེ་ལེབ་ཅིག་གམ་གཟིམ་ལ་ཉེ་བའི་མར་མེ་ཞིག་དང་འདྲ་བར་ཁྲ་ལམ་ལམ་དང་འདར་ལྷེམ་ལྷེམ་ངང་མི་་་་་་ མཐོང་བར་ཡལ་ལ་ཉེ། བར་དེར་ཨ་ཕ་རྟ་གོང་དུ་བུད་ཅིང་ང་རང་འཕོངས་ལ་ཞོན་རན་པས་མ་ཡར་གྱི་མིག་མཐའ་ནས་སླར་ཡང་མཆི་མ་རྡོག་འགའ་འགྲིལ་བྱུང་། ཁོ་མོས་ང་བྲང་ཁར་བསྡམས་ནས་ན་རེ། དོན་ངོ་མར་ངས་ཀྱང་ཁྱོད་རང་སློབ་གྲྭར་འགྲོ་རུ་འཇུག་མི་འདོད་ལ་ད་དུང་ཁྱོད་ཀྱི་རེ་བ་དོན་མེད་དུའང་གཏོང་མི་འདོད་ཟེར།
          ངའང་དེ་མུར་ངུ་སྙིང་འདོད་མོད་གང་ནུས་ཀྱིས་བཟོད་བསྲན་བྱས་ཏེ། ཨ་མ། ངས་ནམ་རྒྱུན་ཁྱོད་ལ་བསྐོར་བ་བྱེད་ངེས་ཞེས་བཤད།
          ཨ་ཕ་དང་ངེད་གཉིས་ཅུང་རྒྱང་རིང་བའི་ས་རུ་སླེབས་རྗེས་ངས་ཕྱིར་འཁོར་ཏེ་ཡུལ་ཕྱོགས་སུ་བལྟས་པ་ན། ངེད་ཁྱིམ་ཁ་བཞི་བོའི་མདུན་ཕྱོགས་ཀྱི་ཐོད་འབུར་སྟེང་དུ་ནག་ཐིག་ཆེ་བ་གཅིག་དང་ཆུང་བ་གཉིས་ཡོད་པ་མཐོང་ལ། དེ་ནི་ཕལ་ཆེར་མ་ཡར་དང་རྣམ་རྒྱལ། མགོན་སྐྱབས་གསུམ་ག་ཡིན་ངེས་རེད།
          ལོ་དུ་མའི་རྗེས་སུ། མ་ཡར་དང་ཨ་ཕ་གཉིས་ན་ཚོད་བགྲེས་པར་གྱུར་སོང་། ང་རང་ཡང་མི་དར་མར་གྱུར་ཏེ་ཕ་ཡུལ་དང་རྒྱང་ཐག་རིང་བའི་གྲོང་ཁྱེར་དུ་བྱ་བའི་ལས་ལ་ཞུགས་པར་གྱུར། ལན་རེར་ཕ་ཡུལ་དུ་ཨ་ཕ་དང་མ་ཡར་ལ་བསྐོར་བ་བྱེད་དུ་ཡོང་བའི་དུས་སུ། ནམ་རྒྱུན་མ་ཡར་གྱིས་ཆུང་དུས་ཀྱི་བྱ་བ་དག་བརྗོད་ནས་ཀུ་རེ་རྩེ་བར་བྱེད།
          ཁོ་མོས། དེ་དུས་ལྷ་མོ་ཁྱོད་ཀྱི་ཆུང་མར་བླངས་ཡོད་ཚེ་ཁྱོད་ཀྱིས་ད་དུང་ནོར་ཁྱུ་འཚོ་བཞིན་ཡོད་རྒྱུ་རེད་ཟེར།
          ངས་ཁོ་མོར། ངས་ད་དུང་ནོར་ཁྱུ་འཚོ་ན་འདོད་ཅེས་བཤད།
          ཁོ་མོ་ཡིད་མི་ཆེས་པར་གྱུར། ཅིའི་ཕྱིར་ཟེར།
          ངས་ལན་དུ། ནོར་ཁྱུ་འཚོ་བ་དེ་ཧ་ཅང་རང་དབང་ལྡན་པའི་འཚོ་བ་ཞིག་རེད་ཅེས་བཤད།
          ངས་མ་ཡར་གྱིས་ངའི་སྐད་ཆ་དེའི་ནང་དོན་གོ་ཡོད་མེད་མི་རྟོགས། ཁོ་མོས་མགོ་བོ་སྒུར་ཏེ་བསམ་བློ་གཏོང་བཞིན་འདུག་ཅིང་ངས་ཀྱང་འགྲེལ་བཤད་ཅི་ཡང་མ་བྱས། སྐབས་རེར་ང་རང་གཅིག་པུ་ཕྱི་རོལ་ཏུ་འཆམ་གཡེངས་སུ་འགྲོ་སྐབས་དེ་དུས་ང་ཚོས་ནོར་ཁྱུ་འཚོ་སའི་ལུང་བ་དེའི་ནང་དུ་ཕྱིན་ནས། དེ་གའི་ལུང་བའི་ཉིན་སྲིབ་དང་ཤུར་དང་གྲོག་མོ། རྩྭ་དང་རྩི་ཤིང་རེ་རེའི་བར་གསེང་དུ་འཐོར་བའི་ཆུང་དུས་ཀྱི་ལྷད་མེད་པའི་སྤྲོ་སྣང་རེ་རེ་སེམས་ཆུང་གིས་བཏུས་པ་ཡིན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716