སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
2014ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་རེ་ཆེ་བའི་རྩོམ་པ་པོ་བཅུ།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟླ་བ།

ཉི་མ་ཁ་སང་ནས་ལོ་འདིའི་ནོ་པེལ་གྱི་བྱ་དགའི་རྣམ་གྲངས་དག་ཕྱི་ལ་སྒྲོག་མགོ་ཚུགས་པ་རེད་ལ་གཟའ་འཁོར་འདིའི་གཟའ་ཕུར་བུ་ཉིན་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཀྱང་ཕྱི་ལ་བསྒྲག་འཆར་རེད་འདུག

འདས་པའི་ལོ་དག་དང་འདྲ་བར་ནོ་པེལ་རྩོམ་རིག་བྱ་དགས་ཀློག་པ་པོ་དག་ལ་རེ་སྒུག་དང་དྲི་བ་རེ་དང་རྒྱན་འགྱེད་ཀུང་སི་དང་དཔེ་སྐྲུན་ཁང་ལ་ཚོང་གི་སྤྲོ་བ་བཅས་བསྩལ་ཡོད་པར་མ་ཟད་འཛམ་གླིང་ཟླུམ་པོའི་སྒང་གི་ཀློག་པ་པོ་ཚོར་དགོངས་པ་རྫོགས་ཟིན་པའི་རྩོམ་པ་པོ་རླབས་ཆེ་བ་དག་ལ་བྱ་དགའ་འདི་མ་ཐོབ་པས་སེམས་ལ་ཕམ་ཁ་ཞིག་ཀྱང་སྦྱིན་ཡོད་པ་རེད་འདུག་ལ།   ལོ་མང་པོར་མིང་ཐོ་རུ་ཚུད་ཀྱང་བྱ་དགའ་མ་ཐོབ་པའི་ཧ་རུ་ཁི་མུ་ར་ཁ་མི་ལ་ཀྱལ་ཀ་དང་རྩེད་མོའི་ཉམས་ཤིག་ཀྱང་མངོན་ཡོད་པ་རེད་འདུག    གང་ལྟར་བྱ་དགའ་འདི་ཕྱི་ལ་སྤེལ་བ་ནས་རྩོམ་རིག་དང་འབྲེལ་བ་ཡོད་མ་ཡོད་ཀྱི་གླེང་གཞི་ཡི་ཡོ་ལང་མང་པོ་ཞིག་རྒྱས་ཡོང་གི་རེད།    འདི་ནི་ཅིས་ཀྱང་ཁྱོད་རྒྱལ་ང་ཕམ་གྱི་རྩོད་ར་ལྟ་བུ་ཞིག་མིན་པས་ན་རྩོམ་པ་པོ་ཤེས་རབ་ཀྱིས་ཕྱུག་ཅིང་རྩོམ་རྩལ་ལ་མཁས་པ་དག་ལ་རང་སོ་སོར་དབང་བའི་མཚན་སྙན་དང་གྲགས་པ་གང་རུང་ཞིག་འཐོབ་ཐུབ་པ་ནི་སྨྲས་མ་དགོས་པ་རེད།

ད་ལོར་ཡང་གདམ་དུ་རུང་བའི་རྩོམ་པ་པོ་དག་གི་མཚན་ཐོའི་ནང་དུ་ཀློག་པ་པོ་དག་ལ་ཆ་རྒྱུས་ཆེ་ཙམ་མེད་པ་འགའ་ཡང་སླེབས་འདུག་པས་སྒྲིག་པ་པོས་འདི་གར་མཚན་ཐོ་དེ་དག་ལས་རྩོམ་པ་པོ་བཅུ་ཀུན་ལ་མཚམས་སྦྱར་བ་ཡིན་ན།   གཟའ་ཕུར་བུའི་ཉིན་རྩོམ་པ་པོ་སུ་ལ་ནོ་པེལ་གྱི་བྱ་དགའ་བསྩལ་ཡང་རྩོམ་པ་པོ་དེ་དག་ཚང་མའི་བརྩམས་ཆོས་སྔར་བཞིན་ཀློག་པ་པོ་དག་གི་ཕྱག་དང་མིག་དང་མི་འབྲལ་བར་རིགས་སོ།།

 

[འཇར་པན] ཧ་རུ་ཁི་མུ་ར་ཁ་མི། (Haruki Murakami)

འཇར་པན་གྱི་དེང་རབས་རྩོམ་པ་པོ།   འཇར་པན་གྱི་གྲོང་ཁྱེར་ཁེ་ཡོ་ཐོ(Kyoto)ཡི་ཧྥུ་ཧྲི་མི་ཁུ(Fushimi-ku)ཞེས་བྱ་བའི་ཡུལ་དུ་སྐྱེས་ཤིང་ཝ་སེ་ཏ་སློབ་ཆེན(Waseda University)གྱི་རྩོམ་རིག་སྡེ་ཁག་གི་ཟློས་གར་འཁྲབ་པའི་ཚན་པ་ལས་ཐོན་ཞིང་ཨ་མེ་རི་ཁའི་སྒྲུང་ལ་སོགས་པ་འཇར་ཡིག་ཏུ་བསྒྱུར་བ་ལ་མཁས།   ལོ་ཉེར་དགུ་ནས་བཟུང་རྩོམ་འབྲི་མགོ་ཚུགས་ཤིང་རྩོམ་དང་པོརླུང་ལ་ཉན་པཞེས་པར་འཇར་པན་གྱི་སྨྱུག་གསར་བྱ་དགའ་ཐོབ་དང་།   སྤྱི་ལོ1987ལོའི་སྒྲུང་རིངནོར་ཝེའི་ནགས་ཚལདཔར་དུ་བསྐྲུན་པ་ནས་སྤྱི་ལོ2010ལོའི་བར་འཇར་པན་དུ་དེབ་བྱེ་བ་གཅིག་བཙོང་བ་དང་རྒྱ་འགྱུར་མ་སྤྱི་ལོ2004ལོའི་བར་དུ་དེབ་ས་ཡ་བདུན་དང་འབུམ་བརྒྱད་ཁྲི་དྲུག་ལྷག་བཙོང་ཐུབ་ཡོད་པ་རེད་འདུག

ཁོང་གི་རྩོམ་གཤིས་ལ་ཡོ་རོབ་དང་ཨ་མེ་རི་ཁའི་རྩོམ་པ་པོ་དག་གི་ཤུགས་རྐྱེན་ཆེ་ཕྱིར་རྩོམ་གྱི་རྨང་གདན་ཡང་ཞིང་གཡོ་བས་འཁྲུག་ཆེན་རྗེས་ཀྱི་འཇར་པན་གྱི་རྩོམ་གཤིས་ལྗིད་ཏིག་གེ་བ་དེ་མཐོང་དུ་མེད་སྟབས།    ཚང་མས་འཁྲུག་ཆེན་རྗེས་ཀྱི་རྩོམ་པ་པོ་དང་པོ་ཞེས་འབོད་ལ་འཇར་པན་གྱི་ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་གི་ཚབ་མཚོན་དུའང་རྩིའོ།།

 

[ཁེན་ཡ] ཨེན་གུ་གི་ཝ་ཐི་ཨོན་གོ།  (Ngūgīwa Thiong'o)

ཨེན་གུ་གི་ཝ་ཐི་ཨོན་གོ་ནི་ཁེན་ཡ(Kenya)ཡི་རྩོམ་པ་པོ་ཞིག་དང་རིག་གནས་པ་ཞིག་ཡིན་ཞིང་ཤར་ཨ་ཧྥེ་རི་ཁའི་རྩོམ་པ་པོ་ཆེས་གལ་ཆེ་བར་རྩི་ཡི་ཡོད་འདུག    ཨེན་གུ་གི་ཡིས་ཨ་མེ་རི་ཁའི་ཡེལ་སློབ་ཆེན(Yale University)དང་ཉིག་ཡོག་སློབ་ཆེན(New York University)   ཁ་ལི་ཧྥོར་ཉི་ཡ་སློབ་ཆེན(University of California)སོགས་སུ་རྩོམ་རིག་གཤིབ་བསྡུར་གྱི་རིག་པ་སློབ་ཁྲིད་གནང་གི་ཡོད།

ཨེན་གུ་གི་ཡིས་རང་ཉིད་མི་སེར་སྤེལ་བའི་རིང་ལུགས་ལ་རྒོལ་བའི་རྩོམ་པ་པོ་ཞིག་ཏུ་འདོད་པས་སྤྱི་ལོ1978ལོ་ནས་བཟུང་ཁོའི་ཕ་སྐད་དེ་ཀི་ཀུ་ཡུ(Kikuyu)ཡི་སྐད་ཀྱི་ལམ་ནས་རྩོམ་འབྲི་མགོ་བརྩམས་ཤིང་མཚན་ལའང་སྔར་གྱི་མི་སེར་སྤེལ་བའི་ཤན་ཞུགས་ཡོད་པའི་མིང་དེ་ད་ལྟའི་ཀི་ཀུ་ཡུ་ཡི་སྐད་ཀྱི་མིང་དུ་བརྗེས་ཡོད་པ་རེད་འདུག   ཁོའི་བརྩམས་ཆོས་དག་ཨིན་ཡིག་ལ་སོགས་པའི་སྐད་རིགས་མང་པོར་བསྒྱུར་ཡོད་ཅིང་ཁོའི་བརྩམས་ཆོས་ཀྱིས་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་གྱི་ཟློས་གར་དང་སྒྲུང་བཤད་ཀྱི་རྩོམ་དག་གཞི་གཅིག་ཏུ་བསྡེབས་ཏེ་སྐད་གྲགས་རྒྱས་ཡོད་པར་མ་ཟད་ཨིན་ཇིའི་མི་སེར་སྤེལ་བའི་ལམ་ལུགས་དང་སྲིད་ཇུས་དང་མི་སེར་སྤེལ་བ་མཇུག་བསྒྲིལ་རྗེས་ཀྱི་སྲིད་དབང་གསར་པའི་དབང་བསྒྱུར་ལ་དགག་གཏམ་སྤེལ་ནས་སྙན་པ་དར་ཡོད་པ་རེད་འདུག

ཁོས་སྤྱི་ལོ1964ལོར་སྒྲུང་དེབ་ཐོག་མབྱིས་པ་མ་ངུ་རོགས(Weep Not, Child)ཞེས་པ་སྤེལ་ནས་སྐད་གྲགས་ཆེ་རུ་རྒྱས་པ་དང་དེའི་རྗེས་སུགཙང་པོའི་ངོགས་གཉིས(The River Between,1965)དངགྲོ་འབྲུ་གཅིག(A Grain of Wheat,1967)ཁྲག་གིས་སྦགས་པའི་འདབ་མ(Petals of Blood,1977)དང་བཙོན་ཁང་དུ་གཙང་ཤོག་ཏུ་ཀི་ཀུ་ཡུ་ཡི་སྐད་ཀྱི་ལམ་ནས་བྲིས་པའི་སྒྲུང་ཐོག་མརྒྱ་གྲམ་སྟེང་གི་སྲིན་པོ(Devil on the Cross,1980)དངམ་ཐི་ག་རི(Matigari,1987)ལ་སོགས་པ་བརྩམས་ཆོས་མང་དུ་སྤེལ་ཡོད་འདུག

 

ཨལ་གེ་རི་ཡཨ་སི་ཡ་ཇེ་པར། (Assia Djebar)

ཨལ་གེ་རི་ཡ(Algeria)ཡི་སྐྱེས་མ་རྩོམ་པ་པོ་དང་ལོ་རྒྱུས་སྨྲ་བ།  སྤྱི་ལོ1936ལོར་ཨལ་གེ་རི་ཡའི་མཚོ་འགྲམ་གྱི་གྲོང་བརྡལ་ཤེར་ཤེལ(Cherchell)གྱི་གནའ་སྲོལ་སྐྱོང་བའི་ཁྱིམ་ཚང་འབྱོར་བ་ཅན་ཞིག་ཏུ་སྐྱེས་ཤིང་ཕ་ནི་གུ་ར་པ(Guraean)ཞིག་དང་མ་ནི་པེར་པེར་པ(Berber)ཞིག་ཡིན།  མོ་རང་ཆུང་ངུའི་དུས་སུ་ས་དེ་གའི་ཧྥ་རན་སིའི་སློབ་གྲྭ་འགྲིམ་ཞིང་དེ་དུས་ནས་རྩོམ་རིག་བརྩམས་ཆོས་ཀློག་རྒྱུ་ལ་ཤིན་ཏུ་དགའ་པོ་ཡོད་འདུག་ལ་སྐབས་འདིར་མོས་རྗེས་ཕྱོགས་རྩོམ་འབྲི་བའི་ལམ་དུ་འགྲོ་བ་ལ་ས་བོན་བཏབ་པ་ཡིན་འདུག

སྤྱི་ལོ1954ལོ་སྟེ་མོ་རང་ལོ་བཅོ་བརྒྱད་ལ་སོན་པའི་ལོ་དེར་ཕ་རི་སིའི་མཐོ་རིམ་དགེ་འོས་སློབ་གླིང(Ecole Normale Superieure)དུ་འགྲོ་ཆོག་པའི་ཨལ་གེ་རི་ཡའི་སྐྱེས་མ་ཐོག་མ་རུ་གྱུར་ཅིང་།   སྤྱི་ལོ1975ལོ་ནས་བཟུང་ཧྥ་རན་སི་དང་ཨ་མེ་རི་ཁ་ཡུལ་གཉིས་སུ་འཚོ་གཞེས་གནང་ཞིང་ཨ་མེ་རི་ཁའི་མངའ་སྡེ་ལོ་ཨི་སི་ཨན་ན(Louisiana)ཡི་ཧྥ་རན་སིའི་སྐད་ཡིག་ཞིབ་འཇུག་ལྟེ་གནས་ཀྱི་འགོ་འཛིན་དང་པེལ་གྱུམ(Belgium)གྱི་རྒྱལ་ཁབ་ཧྥ་རན་སིའི་སྐད་ཡིག་རྩོམ་རིག་གླིང་གི་མཁས་ཅན་དང་།   སྤྱི་ལོ2001ལོ་ནས་བཟུང་ཉིག་ཡོག་སློབ་ཆེན་གྱི་ཧྥ་རན་སིའི་སྐད་ཡིག་ལྟེ་གནས་སུ་དགེ་རྒན་གྱི་འགན་བཞེས་ཤིང་སྤྱི་ལོ2005ལོར་ཧྥ་རན་སིའི་སློབ་གླིང(L'Institut de France)གི་མཁས་ཅན་གྱི་གདན་གྲལ་ཐོབ་སྟེ་སློབ་གླིང་དེ་ག་བཙུགས་ནས་ལོ་ངོ་སུམ་བརྒྱ་བདུན་ཅུ་འགོར་བའི་རིང་བྱུང་བའི་ཨལ་གེ་རི་ཡའི་མཁས་ཅན་དང་པོ་རུ་གྱུར་པ་རེད་འདུག

མོས་སྤྱི་ལོ1957ལོར་བརྩམས་ཆོས་ཐོག་མསྐོམ་པཞེས་པ་སྤེལ་བ་ནས་བཟུང་བརྩམས་ཆོས་འབོར་ཆེན་ཞིག་བྲིས་གནང་ཞིང་སྐད་གྲགས་ཀྱང་སྐབས་དེའི་ས་གན(Francoise Sagan,1934-2004)གྱིཀ་ཡེ་སྐྱོ་བ(Bonjour Tristesse)ཞེས་པ་དང་མཉམ་པ་བྱུང་།    མོས་ཧྥ་རན་སིའི་སྐད་ནི་མོ་རང་གི་རྩོམ་རིག་གི་ཕ་སྐད་དུ་ངོས་འཛིན་པ་དང་སྐྱེས་མ་དག་རྩོམ་གྱི་བརྗོད་བྱ་རུ་བྱས་ཤིང་ཁོ་མོ་ཚོའི་གཤིས་ཀ་དང་ཆགས་པ།   མི་འབྲེལ།   ཁྱིམ་ཚང་དང་སྐྱེས་པའི་བར་གྱི་འབྲེལ་བ་སོགས་བརྒྱུད་ནས་སྐྱེས་མས་གདོང་གཏད་ཡུལ་གྱི་དཀའ་ཁག་དག་བྲིས་ཡོད་པས་མོ་དབང་རིང་ལུགས་ཀྱི་ཁྱད་ཆོས་ཅུང་ཡོད་པ་རེད་འདུག   ཁོ་མོའི་བརྩམས་ཆོས་ལ་གཙོ་བོ་ཧྥ་རན་སིའི་ཡི་གེར་བྲིས་པའི་སྒྲུང་བཅོ་ལྔ་ཡོད་ཅིང་དེ་དག་ལས་སྐད་གྲགས་ཆེ་བ་དག་ནིམེ་ཏི་ནེ་ལས་རྒྱང་དུ་བཀྱེད་པ(Loinde Medine)དངཨལ་གེ་རི་ཡའི་དཀར་པོ(Leblancd Algerie)  སྡོད་ཁང་ནང་གི་ཨལ་གེ་རི་ཡའི་སྐྱེས་མ(Femmes d' Alger dans leur appartement)   བརྩེ་བ་དང་རྟོག་པ(L'amour, la fantasia)   ཕ་ཡི་ཁྱིམ་དུ་སྡོད་སའི་གནས་མི་འདུག(Nulle part dans la maison de mon pere)ཅེས་པ་ལ་སོགས་ཡིན་འདུག   མོའི་བརྩམས་ཆོས་འདི་དག་གིས་སྐྱེས་མ་ལ་དབང་ཆ་དགོས་པའི་སྐོར་བྲིས་གནང་འདུག་པས་འཛམ་གླིང་ཟླུམ་པོའི་ཁྱོན་ལ་སྐད་གྲགས་ཤིན་ཏུ་ཆེ་བར་གྱུར་ཏེ་མོ་ལ་སྔ་གཞུག་ཏུ་ཨ་མེ་རི་ཁའིNeustadtརྩོམ་རིག་བྱ་དགའ་དང་ཧྥ་རན་ཁི་ཧྥོར་ཐི(Frankfurt)ཞི་བདེའི་བྱ་དགའ་ལ་སོགས་མང་པོ་ཐོབ་ཅིང་ལོ་འདི་འགའི་ནོ་པེལ་རྩོམ་རིག་བྱ་དགའི་མཚན་ཐོ་ཡི་རྩོ་མ་པ་པོ་ཚ་ཤོས་དང་བྱང་ཨ་ཧྥེ་རི་ཁའི་རྩོམ་པ་པོ་གལ་ཆེ་ཤོས་སུ་གྱུར་ཡོད་པར་མ་ཟད་བརྩམས་ཆོས་དག་སྐད་རིགས་ཉི་ཤུ་ལྷག་ཏུ་བསྒྱུར་གནང་ཡོད་པ་རེད་འདུག

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716