སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་རིག་གནས་བྱ་གཞག
སྤེལ་དུས། 2017-09-20   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  མི་གསལ།
          དེ་ཡང་རིག་གནས་ཞེས་བྱ་བའི་ཐ་སྙད་འདི་ལ་དེང་གི་མཁས་པ་རྣམས་ཀྱིས་ངོས་འཛིན་ཚུལ་མི་མཐུན་པ་ཅི་རིགས་ཤིག་ཡོད་ལ།  མི་རིགས་རེ་རེ་ཀྱང་དེའི་གོ་དོན་དང་ཁོངས་གཏོགས་ཡན་ལག་དང་བཅས་པ་ལ་གོ་བ་ལེན་སྲོལ་རེ་རེ་ཡོད་པར་སྣང་།    བོད་མི་རིགས་ལ་ཆ་མཚོན་ན།  རིག་གནས་བྱ་བའི་ཐ་སྙད་འདི་གནའ་སྔ་མོ་ཞིག་ནས་དར་ཞིང་།   རིག་གནས་ལ་ཡང་སྒྲ་དང་ཚད་མ།  བཟོ་དང་གསོ་བ།   ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང་།  སྡེར་སྦྱོར།   སྐར་རྩིས།  ཟློས་གར།   སྙན་ངག   མངོན་བརྗོད་བཅས་རིག་གནས་ཆུང་བ་ལྔ་བསྡོམས་ན་རིག་པའི་གནས་བཅུ་རུ་དབྱེ་སྲོལ་འདུག་པ་འདིར།  མིའི་རིགས་ཀྱིས་རིག་པའི་རྩལ་གྱིས་སྐྲུན་པའི་རིག་གནས་ཀྱི་གྲུབ་ཆའི་ཡན་ལག་ཀུན་མ་འདུས་པ་མེད་ན་ཡང་།   འདིར་བརྗོད་པར་བྱ་བའི་རིག་གནས་ནི་ཆབ་སྲིད་དཔལ་འབྱོར་དང་འབྲེལ་བའི་རིག་གནས་བྱ་བ་དེ་ཡིན་ལ།   འདིའི་ཁུངས་སུ་ཡུལ་སྲོལ་གོམས་འདྲིས་དང་།   གནའ་བོའི་ཤུལ་རྫས།  རྩོམ་རིག་སྒྱུ་རྩལ།    ཟློས་གར།  རི་མོ།   རོལ་དབྱངས།   བརྙན་པར་ལ་སོགས་དུ་མ་ཞིག་འདུས་པ་ད་ལྟའི་སྲོལ་དུ་གྱུར་བ་ཇི་བཞིན་འཁོད་པར་བྱའོ།
          བོད་མི་རིགས་ཀྱི་རིག་གནས་ནི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་བྱུང་བ་ཞིག་ཡིན་ལ།  ཆོས་ལུགས་རིག་གནས་དང་མཉམ་འདྲེས་བྱུང་ནས་སྲོལ་རྒྱུན་ལྡན་ཞིང་ཁྱད་དུ་འཕགས་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཞིག་ཏུ་གྲུབ་པ་རེད།  དེ་ནི་ལོ་ངོས་སྟོང་ཕྲག་སྔོན་གྱི་བོད་བཙན་པོའི་དུས་རབས་དང་ཞང་ཞུང་དུས་རབས་ཀྱི་མཚམས་སུ་བྱུང་བར་རྩིས་ཆོག་པ་ཡིན།   ཀྲུང་གོ་སྲིད་གཞུང་གིས་སྔར་ནས་ད་བར་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད།  ལོ་རབས་བརྒྱད་བཅུ་པ་ནས་བཟུང་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚན་རིག་རང་བཞིན་ལྡན་པའི་སྒོ་ནས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་ཤུལ་འཛིན་ལ་དར་སྤེལ་དང་།    མི་རིགས་རིག་གནས་དེ་ཁྱོན་ཡོངས་ནས་རྒྱུན་འཁྱོངས་བྱེད་རྒྱུ་དེ་རིག་གནས་ལས་དོན་གྱི་གཙོ་གནད་དུ་བཞག་སྟེ་ཆེད་ལས་མཁས་ཅན་མང་པོ་ཞིག་རྩ་འཛུགས་བྱས་པ་དང་བསྟུན་ཕྱོགས་ཁྱོན་ཡོངས་ནས་མི་རིགས་དམངས་ཁྲོད་ཀྱི་རིག་གནས་ཤུལ་རྒྱུན་མྱུར་སྐྱོབ་བྱས་པ་རེད།
          བོད་ཀྱི་རིག་གནས་ནི་ཀྲུང་གོའི་མི་རིགས་ཁག་དང་འཛམ་གླིང་མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་རྣམས་རྒྱུན་ཆད་མེད་པར་བསྡུ་ལེན་དང་དཔྱད་གཞིར་བསྟུན་པ་དང་བརྒྱུད་ནང་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན།    མིག་སྔར་བརྩམས་སྒྲུང་དང་།   ལྷུག་རྩོམ།  ཟློས་གར།   མཛེས་རྩལ།    པར་ལེན།  གློག་བརྙན་དང་བརྙན་འཕྲིན་ཐོན་རྫས་བཅས་ཚང་མར་སྔ་ན་མ་མཆིས་པའི་གཡུར་ཟའི་འབྲས་བུ་ཐོབ་ཡོད།    བོད་ཀྱི་གླུ་གར་དང་།   ལྷ་མོ།   རིག་དངོས།   མཛེས་རྩལ།   པར་རིས་བཅས་རྟག་ཏུ་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་འཛམ་གླིང་གི་རྒྱལ་ཁབ་བམ་ས་ཁུལ་ཁག་མང་པོར་འཁྲབ་སྟོན་དང་འགྲེམས་སྟོན་བྱེད་ཀྱིན་ཡོད།   དེར་བརྟེན།   རྒྱལ་ཁབ་ཕྱི་ནང་གི་རིག་གནས་ལས་རིགས་ཁྲོད་ཀྱི་མི་སྣ་མང་པོས་བོད་ཀྱི་དེང་སྐབས་རིག་གནས་ཀྱི་ཉམས་མདངས་དང་སྤུས་ཚད་ཇི་ལྟར་ཡིན་པ་སྔར་བས་ངེས་ཤེས་གསལ་པོ་རྙེད་ཐུབ་པ་རེད།
          མིག་སྔར།  བོད་རང་སྐྱོང་ལྗོངས་ལ་ཆེད་ལས་ཀྱི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་ཁག་བཅུ་ཡོད་པ་དང་།   ཆེད་ལས་མ་ཡིན་པའི་འཁྲབ་སྟོན་ཚོགས་པ་༡༥༠ལྷག་ཙམ་ཡོད་ཅིང་།  མང་ཚོགས་སྒྱུ་རྩལ་ཁང་དྲུག་དང་།   ཆེད་ལས་སྒྱུ་རྩལ་སློབ་གྲྭ་གཅིག    སྒྱུ་རྩལ་ཞིབ་འཇུག་ཁང་གཅིག་འགྲེམས་སྟོན་བྱེད་པའི་དྲ་བ་ཆ་ཚང་ཞིག་ཆགས་ཡོད།   གཞན་ཡང་།   བོད་རང་སྐྱོང་ལྗོངས་དངོས་མང་བཤམས་སྟོན་ཁང་ཡང་འཛུགས་གྲབས་བྱེད་བཞིན་ཡོད་པ་འདི་དག་གིས་བོད་ཀྱི་རིག་གནས་ཀྱི་བྱ་གཞག་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་གོར་མ་ཆག
          བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ཚོགས་པ་ནི་སྒྱུ་རྩལ་ཐད་ཀྱི་ཆེད་ལས་མཁས་པ་རྣམས་གཅིག་ཏུ་འཛོམས་པའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་ཡིན་ཞིང་།   དེའི་ཁོངས་སུ་རྩོམ་པ་པོ་དང་།   ཟློས་གར་མཁས་ཅན།   ཞབས་བྲོ་མཁས་ཅན།  དམངས་ཁྲོད་རིག་རྩལ་མཁས་ཅན།  གཞས་མ་གཏམ་མཁས་ཅན།   པར་ལེན་མཁས་ཅན།  ཡིག་གཟུགས་མཁན་པོ་སོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་དགུ་ཁག་སོ་སོར་བཙུགས་པར་ཁྱོན་བསྡོམས་ཚོགས་མི་ཆིག་སྟོང་ལ་ཉེ་བ་ཡོད།  དེའི་ཁྲོད་དུ་རྒྱལ་ཡོངས་ཀྱི་མཐུན་ཚོགས་ནང་ཞུགས་མཁན་ཚོགས་མི་ལྔ་བཅུ་ལྷག་ཙམ་ཡོད་པ་དང་།   ཉེ་བའི་ལོ་ཤས་རིང་།   ད་དུང་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ལོ་ཙྭ་བའི་མཐུན་ཚོགས་དང་།   བོད་རང་སྐྱོང་ལྗོངས་དམངས་སྲོལ་རིག་གནས་ཚོགས་པ།   བོད་རང་སྐྱོང་ལྗོངས་དེང་སྐབས་རིག་གནས་ཞིབ་འཇུག་ཚོགས་པ་བཅས་བཙུགས་གནང་པ་རེད།             དཔེ་རྙིང་དང་ཚད་ལྡན་ཡིག་ཆ།   ལོ་རབས་དྲུག་ཅུ་པའི་གོང་ལ་བོད་ཡིག་དང་རྒྱ་ཡིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆར་གོ་རིམ་ལྡན་པའི་ངང་ཁྱོན་ཡོངས་ནས་རྩད་བཤེར་དང་།  འཚོལ་བསྡུ།   ལེགས་སྒྲིག    དཔེ་སྐྲུན།   ཞིབ་འཇུག་བཅས་བྱེད་མྱོང་མེད་རྐྱེན་བོར་བརླག་དང་ཕྱིར་ཤོར་མང་པོའང་བྱུང་མྱུང་ཡོད།   ༡༩༨༥ལོར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་བོད་ཡིག་དཔེ་སྐྲུན་ཁང་དང་བོད་རིག་པའི་རྒྱ་ཡིག་ཚད་ལྡན་ཡིག་ཆའི་རྩོམ་སྒྲིག་ཁང་བཙུགས་པ་དང་།
          བོད་ཡིག་དང་རྒྱ་ཡིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་འཚོལ་བསྡུ།  ལེགས་སྒྲིག་རྩོམ་སྒྲིག    དཔེ་སྐྲུན་བཅས་བྱས་ཤིང་།   ཉེ་ཆར་དཔེ་རིགས་༣༠༠ལྷག་ཙམ་དང་དེབ་གྲངས་ཁྲི་ཚོ་༡༠༠ལྷག་ཙམ་ལེགས་སྒྲིག་དཔེ་སྐྲུན་བྱས་ཡོད་ལ།   དེའི་ནང་ནས་མང་པོ་ཞིག་ནི་དཔེ་དེབ་རྩ་ཆེན་དང་།     དཔེ་རྒྱུན་དཀོན་པོ།  དཔེ་དེབ་སྤུས་ལེགས་ཅན་བཅས་ཡིན་ནོ།
          གནའ་རྫས་རྟོག་ཞིབ།   བོད་ཀྱི་རྡོ་ཆས་དུས་རབས་ཀྱི་དངོས་རྫས་དཔྱད་གཞིའི་རིགས་ཚང་མ་༡༩༥༡ལོའི་རྗེས་སུ་རིམ་བཞིན་གསར་རྙེད་བྱུང་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ལ།  ད་བར་ཁྱོན་བསྡོམས་རྡོ་ཆས་དུས་རབས་རྙིང་པའི་ས་ཆ་༥དང་།   རྡོ་ཆས་འཇམ་རིགས་ཀྱི་ས་ཆ་༣༨རྡོ་ཆས་དུས་རབས་གསར་པའི་ས་ཆ་རྗེས་ཤུལ་༣༠ལྷག་ཙམ་བཅས་གསར་རྙེད་བྱུང་པ་དང་།  བོད་བཙན་པོའི་དུས་རབས་ཀྱི་བང་སོའི་སྐོར་༣༠ལྷག་དང་བང་སོ་༣༠༠༠ལྷག་ཙམ་རྙེད་ཡོད།  དེང་རི་དང་།  ཤན་རྩ།   རུ་ཐོག་སྤུ་ཧྲེང་བཅས་ཀྱི་ས་ཁུལ་གྱི་རྡོ་ཆས་ལ་དུས་རབས་རྙིང་པའི་རིག་གནས་རྗེས་ཤུལ་ཡིན་པར་སྨྲ་ལ།   བོད་བྱང་ཕྱོགས་ཀྱི་ནག་ཆུ་དང་།   ཤན་རྩ།  མཚོ་གཉིས།  དཔལ་མགོན་བཅས་དང་།  བོད་ལྷོ་ཕྱོགས་ཀྱི་གཉའ་ནང་རྫོང་།  མངའ་རིས་ཀྱི་རུ་ཐོག་ཆབ་མདོའི་ཁ་རུབ་བཅས་ས་ཁུལ་དུ་རྡོ་ཆས་དུས་རབས་བར་མའི་རིག་གནས་ཀྱི་རྗེས་ཤུལ་ཡོད་པར་གླེང་།  གཞན་ཡང་ཆབ་མདོ་དང་།  ཉིང་ཁྲི།   མེ་ཏོག   ལྷ་ས།  སྣེ་གདོང་།   མངའ་རིས་བཅས་ས་ཁུལ་དུ་རྡོ་ཆས་དུས་རབས་གསར་པའི་རིག་གནས་ཀྱི་རྗེས་ཤུལ་ཡོད་ཅེས་གསལ་བརྗོད་བྱས་ཡོད། 
          རིག་དངོས་སྲུང་སྐྱོབ་སྐོར།   ལོ་རབས་ལྔ་བཅུ་པའི་དུས་མཇུག་དང་ལོ་རབས་དྲུག་ཅུ་པའི་ལོ་འགོར།    བོད་དུ་རིག་དངོས་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་ས་ཁུལ་ཁག་གི་གནའ་བོའི་རྗེས་ཤུལ་དང་།   བཟོ་བཀོད།   བང་སོ།   རྡོ་རིང་།   བྲག་བརྐོས་ཡིག་རིས་བཅས་ལ་རྒྱུད་རིམ་ལྡན་ངང་པས་བརྟག་དཔྱད་ཡང་ཡང་བྱས་ཤིང་།   རྗེས་སུ་ངང་ཆེད་ལས་ཀྱི་རིག་དངོས་དོ་དམ་ལས་ཁུངས་གསར་དུ་བཙུགས་པ་དང་།  རིམ་བཞིན་འཚོལ་བསྡུ་བྱས་པའི་རིག་དངོས་གྲངས་ཁྲིར་ལོན་པ་རྣམས་རེ་རེ་བཞིན་ཐོ་འགོད་དང་ཆབས་ཅིག་གཅིག་སྡུད་ཀྱིས་དོ་དམ་བྱས་པ་རེད།   འཆོལ་དང་འཛམ་གླིང་ཐོག་ཧ་ཅང་མཐོང་དཀོན་པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྐོར་དང་།      ད་ཆ་ཁྲ་འབྲུག་དགོན་པར་བཞུགས་པའི་མུ་ཏིག་ཐང་ག་བཅས་ཤིན་ཏུ་རྩ་ཆེན་གྱི་རིག་དངོས་བཞུགས་ལ།   ཡོན་དང་མིང་རྒྱལ་རབས་ནས་བཟུང་རྒྱལ་རབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ཀྱི་དཔོན་རིགས་ལ་བསྩལ་བའི་དཔོན་གནས་བསྐོ་ཡིག་དང་།   གོང་མའི་བཀའ་ཡིག་ཐམ་ག་གསེར་གྱི་བྱང་བུ།   པན།  དེ་མིན་གསོལ་སམ་གསོལ་ཆས་སུ་གྱུར་བའི་རིན་ཆེན་ནོར་བུའི་རིགས་སྣ་ཚོགས།   སྤྱོད་ཆས་འདྲ་མིན་སོགས་ཡོད་ཅིང་།  ཡོན་རྒྱལ་རབས་སྐབས་ཀྱི་ཤོག་ལོར་ཡང་ཡོད་པ་མ་ཟད།  ད་དུང་བོད་ཀྱི་ས་གནས་སྲིད་དབང་རིམ་བྱུང་དང་ས་གནས་ཁག་གི་འགོ་འཛིན་པས་ཀྲུང་དབྱང་སྲིད་གཞུང་ལ་ཕུལ་བའི་སྙན་ཞུའི་ཡི་གེ་དང་།    ཡིག་ཆ།  ཞུ་འཕྲིན།  ལྕགས་རིགས་དང་རྡོ་རིང་གི་བརྐོས་ཡིག   ཐམ་ག་དང་ཐེལ་རྩེ།    ལྡེབས་བྲིས།   མཆོད་ཤིང་བཅས་འབོར་ཆེན་ཡོད་པ་རེད།   རིག་དངོས་རྩ་ཆེན་སྲུང་སྐྱོབ་བྱེད་ཆེད་ཀྲུང་གོ་སྲིད་གཞུང་གིས་སྔ་གཞུག་ཏུ།   ༡༩༦༡ལོ་དང་།   ༡༩༨༣ལོ།   ༡༩༨༨ལོ་བཅས་ལ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་སུ་ཡོད་པའི་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོབ་བྱེད་ཡུལ་ཁག་༡༣ཁྱབ་བསྒྲགས་བྱས་ཤིང་།  བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཀྱང་ལྗོངས་རིམ་པའི་རིག་དངོས་རྩ་ཆེན་སྲུང་སྐྱོབ་བྱེད་ཡུལ་༡༡ཁྱབ་བསྒྲགས་བྱས་པ་རེད།
          མིག་སྔར་རིག་དངོས་རྩ་ཆེན་སྲུང་སྐྱོབ་བྱེད་ཡུལ་དང་གནའ་ཤུལ་གནས་མཆོག་ལ་ཉམས་གསོ་དང་ལེགས་སྒྲིག་བྱས་པ་དང་ཆབས་ཅིག་རིག་དངོས་གྲགས་ཅན་དེ་དག་ཡོངས་རྫོགས་ཕྱི་ཕྱོགས་ལ་སྒོ་ཕྱེ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་མིག་གི་གཟིགས་མོར་གྱུར་ཡོད།    ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་ཁོངས་སུ་ཡོད་པའི་རིག་དངོས་སྲུང་སྐྱོབ་བྱེད་ཡུལ་རྣམས་གནས་འཇལ་ཞུ་མཁན་གྱི་དད་ལྡན་མང་ཚོགས་རྣམས་ལ་དུས་རྒྱུན་དུ་སྒོ་ཕྱེ་ཞིང་།   རིག་དངོས་སྲུང་སྐྱོབ་སྡེ་ཁག་མི་སྣ་རྣམས་གདན་ཞུ་བྱས་པ་ལྟར་ཡོ་རོབ་དང་།   ཨ་མེ་རི་ཀ་གླིང་སོགས་རྒྱལ་ཁབ་དང་ས་ཁུལ་དུ་བསྐྱོད་ནས་བོད་ཀྱི་རིག་དངོས་དེ་དག་འགྲེམས་སྟོན་བགྱིས་དང་བགྱིད་བཞིན་ཡོད།   
          བོད་ཀྱི་ཤེས་རིག་ཞིབ་འཇུག་སྐོར།   བོད་ཀྱི་ཤེས་རིག་ནི་རང་རེ་རྒྱལ་ཁབ་ཙམ་དུ་མ་ཟད།  རྒྱལ་སྤྱིའི་ཐོག་ཏུའང་རིག་གཞུང་གི་ཚན་པ་ཞིག་ཏུ་ཆགས་ཡོད།   མིག་སྔར་བོད་ལྗོངས་དང་ས་ཁུལ་གཞན་ཁ་ཤས་སུ་བོད་ཀྱི་ཤེས་རིག་ཞིག་འཇུག་གི་སྒྲིག་གཞི་ལྔ་བཅུ་ལྷག་ཙམ་བཙུགས་ཡོད་པ་དང་། 
          ༡༩༨༦ལོར་པེ་ཅིང་དུ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་བཙུགས་པ་རེད།  ཞིབ་འཇུག་སྒྲིག་གཞི་འདི་དག་གིས་ཞིབ་འཇུག་གི་བྱ་གཞི་འབོར་ཆེན་འགན་ཁུར་ཡོད་པ་དཔེར་ན།    བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་།   བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་མདོར་བསྡུས།   ས་སྐྲི་ཏའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ།    དམངས་ཁྲོད་ཀྱི་རིག་གནས།  
          བོད་ཀྱི་ཆོས་ལུགས་འབྱུང་ཁུངས་དང་གྲུབ་མཐའ་བཅས་ཀྱི་རྣམ་གྲངས་ལེགས་སྒྲིག་བགྱིད་བཞིན་པ་མ་ཟད་ད་དུང་ཟབ་ཅིང་བརླིང་བའི་ཞིབ་འཇུག་ཀྱང་བྱེད་ཀྱིན་ཡོད།   《བོད་ལྗོངས་ཞིབ་འཇུག》དང་《བོད་ལྗོངས་ནང་བསྟན》《བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞིབ་འཇུག》《བོད་ཀྱི་སྒྱུ་རྩལ་ཞིབ་འཇུག》《གངས་ལྗོངས་རིག་གནས》《ཀྲུང་གོའི་བོད་ཀྱི་ཤེས་རིག》《ཀྲུང་གོའི་བོད་ལྗོངས》སོགས་གསར་འདོན་བྱས་པའི་བོད་དབྱིན་ཡིག་གི་དུས་དེབ་ཁག་༣༠ལྷག་ཙམ་འདོན་སྤེལ་བཏང་ཡོད།   བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་ཁུངས་ཀྱིས་ལོ་རབས་ལྔ་བཅུ་པ་ནས་བདུན་ཅུ་པའི་བར།  ཁྱོན་ཆེན་པོའི་ངང་སྤྱི་ཚོགས་བརྟག་དཔྱད་ཐེངས་མང་བྱས་པ་བརྒྱུད་དེ་ཕུན་སུམ་ཚོགས་པའི་ཚད་ལྡན་ཡིག་ཆའི་དཔྱད་གཞི་འཚོལ་སྡུད་བྱས་ཏེ།   ཆབ་སྲིད་དང་།  དཔལ་འབྱོར།   མི་རིགས།  ལོ་རྒྱུས།   ཆོས་ལུགས།   མཚན་ཉིད་རིག་པ།   སྐད་ཡིག    རྩོམ་རིག    སྒྱུ་རྩལ།   ས་རྒྱུས།   སློབ་གསོ།  ཁྲིམས་ལུགས།   གཏན་ཚིགས་རིག་པ།    གནའ་རྫས་རྟོག་ཞིབ།     དམངས་སྲོལ།   སྨན་དང་སྨན་བཅོས།   སྐར་རྩིས།   གསང་སྔགས།   རླུང་སྒོམ་པ།    བཟོ་རྩལ་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱེད་པའི་ཁྱབས་ཁོངས་ཀྱང་རྒྱ་ཇེ་ཆེར་བསྐྱེད་པ་རེད།   ༡༩༩༤ལོའི་ལོ་མཇུག་ཚུན་རིག་གཞུང་ཆེད་རྩོམ་ཁྱོན་བསྡོམས་༡༠༠༠ལྷག་ཙམ་སྤེལ་བ་དང་།    རིག་གཞུང་ཆེད་རྩོམ་དཔེ་དེབ་ཁག་བཅུ་གྲངས་དཔེ་སྐྲུན་བྱས་པ།   ཞིབ་འཇུག་རྩོམ་བསྡུས་ཁག་སུམ་ཅུ་ལྷག་ཙམ་ཡིག་བསྒྱུར་དཔེ་སྐྲུན་བཅས་བྱས།    བོད་རང་སྐྱོང་ལྗོངས་ལ་སྤྱི་ཚོགས་ཚན་རིག་ཁང་དང་།   བོད་རིག་པའི་རིག་གཞུང་ཚོགས་པ་སོགས་བོད་རིག་པའི་ཞིབ་འཇུག་སྒྲིག་གཞི་བཅུ་ལྷག་ཙམ་ཡོད་པ་དང་།   བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཁོངས་སུ་མི་རིགས་དང་།   ཆོས་ལུགས།   སྐད་ཡིག    རྩོམ་རིག་དཔྱད་ཡིག་གསང་འཕྲིན་སོགས་ཞིབ་འཇུག་ཁང་དང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ཡང་བཙུགས་ཡོད།
          ཕྱི་ཕྱོགས་རིག་གནས་སྤེལ་རེས་སྐོར།   ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་རིག་གནས་སྤེལ་རེས་ཀྱི་བྱ་བཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ།   མི་སྣ་ཕན་ཚུན་གྱི་འཚམས་འདྲི་དང་།     དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་བརྗེ་རེས་བྱེད་པ།   རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྒྱུ་རྩལ་བྱེད་སྒོ་སྤེལ་བར་བརྒྱུད་དེ་རྒྱལ་ཕྱིའི་རིག་གནས་ལས་རིགས་དང་།     ཚན་རིག་ཞིབ་འཇུག་སྒྲིག་གཞི།   རྒྱལ་སྤྱིའི་རྩ་འཛུགས་བཅས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱུང་པ་རེད།   བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་ཀྱི་གླུ་གར་ཚོགས་པ་དང་།    བོད་ཀྱི་ལྷ་མོ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཨ་མེ་རི་ཀ་དང་།   ཀ་ན་ཏ།   དབྱིན་ཇི།   ཕ་རན་སི།   འཇར་མན།   ཨི་ཏྲ་ལི།   ཨོ་སི་ཁྲུ།    སུད་སི།     ཧོ་ལེན།   བལ་ཡུལ།   སིང་ག་ཕོར།   ཤང་ཀང་།   ཨའོ་མན།    ཐའེ་ལྦན་སོགས་རྒྱལ་ཁབ་དང་ས་ཁུལ་ཁག་ཏུ་འཚམས་འདྲི་འཁྲབ་སྟོན་བྱས་པ་དང་།      རིག་དངོས་དང་གློག་བརྙན།   པར་རིས།    མཛེས་རྩལ་སོགས་ཀྱི་རྣམས་གྲངས་འཇར་པན་དང་།   ཨི་ཏྲ་ལི།   ཨེ་ཤེ་ཡ་ཤར་ལྷོ་བཅས་ཀྱི་རྒྱལ་ཁབ་དང་ས་ཁུལ་དུ་འགྲེམ་སྟོན་བྱས་སོ།    བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་དང་རིག་གནས་ལས་རིགས་ཀྱི་ཆེད་གཉེར་མཁས་པ་དང་།   མཁས་དབང་མང་པོ་གདན་ཞུ་བཞིན་ཨོ་སི་ཁྲུ་དང་།   ཕ་རན་སི།   ཐའེ་གོ     ནོ་ལྦེ།    སིང་ལྒ་ལན་སོགས་རྒྱལ་ཁབ་ཏུ་ཕེབས་ནས་གཞུང་ལུགས་འཆད་ཁྲིད་དང་རིག་གཞུང་སྤེལ་རེས་ཀྱི་བྱེད་སྒོ་ཐེངས་མང་སྤེལ།   བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་ལས་དོན་སྐོར་ལ་ཞུང་ཡ་ལི་དང་།   ཀ་ན་ཏ།   འཇར་མན།   ཨོ་སི་ཁྲི་སོགས་རྒྱལ་ཁབ་ཀྱི་རིག་གཞུང་ཚོགས་པ་དང་ཚན་རིག་ཞིབ་འཇུག་མཉམ་ལས།  རིག་གནས་བཅས་ཕྱོགས་སུ་རིག་གཞུང་བརྗེ་རེས་ཀྱི་གྲོས་མཐུན་ཡི་གེ་བཞག་པ་མ་ཟད།  རྒྱལ་ཁབ་དང་ས་ཁུལ་བཅུ་བཞིའི་མཁས་པ་༡༣༠ལྷག་ཙམ་བོད་དུ་ལྟ་སྐོར་འཚམས་འདྲི་དང་།   རིག་གཞུང་རྟོག་ཞིབ།   ཚན་རིག་ཞིབ་འཇུག་གི་མཉམ་ལས་རྣམ་གྲངས་གྲོས་མོལ་དུ་ཕེབས་པར་སྣེ་ལེན་བྱས་པ་རེད།   ༡༩༨༧ལོར་ཞུང་ཡ་ལིར་ཇའོ་མཱ་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་གྲོས་བསྡུར་ཚོགས་འདུ་འཚོགས་སྐབས་སུ་བོད་རང་སྐྱོང་ལྗོངས་ནས་མཁས་པ་མི་དྲུག་ཚོགས་འདུར་མངགས་པ་རེད།
          དེང་སྐབས་རང་བྱུང་ཚན་རིག་ཞིབ་འཇུག་དང་།   བོད་ཀྱི་ཤེས་རིག་ཞིབ་འཇུག  མཐའ་གནས་རིག་གཞུང་ལ་ལའི་ཞིབ་འཇུག་བཅས་ཀྱི་ཐད་ལ་བོད་རང་སྐྱོང་ལྗོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཕྱིའི་ལས་མཐུན་པ་དང་།   རྒྱལ་སྤྱིའི་རྩ་འཛུགས་པའི་བར་གྱི་མཉམ་ལས་བྱེད་ཐབས་རྒྱ་ཆེར་གཏོང་བཞིན་ཡོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716