སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྨན་ཐང་ལུགས།
སྤེལ་དུས། 2014-09-04   ཡོང་ཁུངས། ཀྲུང་གོ་བོད་རིག་པའི་དྲ་བ།   རྩོམ་པ་པོ།  ནོར་བུས་བསྒྲིགས།

      དུས་རབས་བཅུ་བཞི་པའི་མཇུག་ཏུ་གཙང་སྟོད་དུ་སྐུ་འཁྲུངས་པའི་ལྷ་བྲིས་པ་མཁས་ཆེན་རྡོ་བ་བཀྲ་ཤིས་རྒྱལ་པོས་སྤྲུལ་སྐུ་སླེའུ་ཆུང་བའི་བྲིས་རྒྱུན་ལ་སློབ་སྦྱོང་མཛད་དེ་བྱིའུ་སྒང་པའི་ལུགས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་ཏེ་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་།  ཁོང་ལ་སློབ་མ་རང་ལས་མཁས་པ་སྨན་བླ་དོན་གྲུབ་རྒྱ་མཚོ་དང་། གོང་དཀར་སྒང་སྟོད་མཁྱེན་བརྩེ་ཆེན་མོ་ཞེས་པ་གཉིས་བྱོན་པ་རེད།
       དེ་གཉིས་ལས་སྨན་ཐང་ཆེན་པོའི་ལུགས་སྲོལ་གཏོད་མཁན་ནི་བོད་ཀྱི་རི་མོ་མཁས་ཅན་ལྷོ་བྲག་སྨན་བླ་དོན་གྲུབ་རྒྱ་མཚོ་ཡིན།  དུས་རབས་བཅུ་བཞི་པའི་ནང་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས། ཁོང་གི་མེས་པོ་རྣམས་ནི་བོད་ཀྱི་གསོ་རིག་ལ་ཤིན་ཏུ་མཁས་པའི་སྨན་པའི་རྒྱུད་པ་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པ་ལ་མཁས་པར་སྦྱངས། ནམ་ཞིག་ན་སྨན་བླ་དོན་གྲུབ་རྒྱ་མཚོ་རང་གི་བཟའ་ཟླ་དང་མ་མཐུན་པའི་རྐྱེན་གྱིས་ཁྱིམ་དང་བྲལ་ནས་གཙང་ཕྱོགས་སུ་བྱོན་རྩིས་སྐབས། ཡར་འབྲོག་སྟག་ལུང་ནས་པིར་མདོང་དང་བྲིས་དཔེ་ཞིག་རྙེད་པས་རི་མོ་སྦྱོང་རྒྱུར་བློ་ཁ་ཕྱོགས། དེ་ནས་གཙང་ཁུལ་དུ་བྱོན་ནས་རི་མོ་ལ་མཁས་པ་ཞིག་འཚོལ་བར་ཕྱིན། མཐར་རྡོ་བ་བཀྲ་ཤིས་རྒྱལ་པོ་དང་མཇལ་ཏེ་ཁོང་སློབ་དཔོན་དུ་བསྟེན་ནས་བོད་ཀྱི་རི་མོ་ལ་སྦྱངས་སྐབས། ལུས་སེམས་གཅིག་སྒྲིལ་གྱི་སྒོ་ནས་ཉིན་མཚན་དབྱེར་མེད་དུ་དཀའ་སྤྱད་དྲག་པོས་སློབ་གཉེར་མཛད་པས། རིང་བོ་མ་ཐོགས་པར་རི་མོའི་སྒྱུ་རྩལ་ལ་མངའ་བརྙེས་སྟེ་རང་གི་སློབ་དཔོན་གྱི་ཕྱག་རྩལ་ལས་བརྒལ་བར་གྱུར།  ཁོང་གིས་ལུགས་ཀྱི་ཞི་བའི་ལྷ་རྣམས་ཉམས་ཆེ་བ་སོགས་ལྷ་སྐུའི་བྲིས་ཚུགས་ལ་ལེགས་བཅོས་དང་། རྒྱབ་ལྗོངས་སུ་ཡུལ་ལྗོངས་ཀྱི་བཀོད་པ་སོགས་གསར་གཏོད་མཛད་དེ་སྨན་ཐང་པ་ཆེན་པོའི་ལུགས་ཞེས་གྲགས་པ་བྱུང་།  ད་དུང་ཉིད་ཀྱིས་སྐུ་གཟུགས་ཀྱི་ཆ་ཚད་ཡིད་བཞིན་ནོར་བུ་ཞེས་པའི་བསྟན་བཅོས་མཛད་དེ། རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་དུ་འབྲེལ་དགོས་པའི་སྲོལ་བཏོད།  ཁོང་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ཀྱི་རྒྱུན་བྱུང་། དཔོན་པོ་སྨན་ཐང་པ་ཞི་བ་འོད་ཅེས་པ་དང་། སྲས་སྨན་ཐང་པ་འཇམ་དབྱངས་ཞེས་པ་སྨན་ལུགས་ཀྱི་རྒྱུན་འཛིན་པ་མཁས་དབང་གཉིས་སོགས་བྱུང་།
      
སྨན་ཐང་ལུགས་ཀྱི་ཁྱད་ཆོས།   བྱིའུ་སྒང་ལུགས་ཀྱི་བྲིས་རྒྱུན་ལས་ཟུར་དུ་ཕྱུང་སྟེ། རུས་ཚུགས་བལ་བྲིས་ཤས་ཆེ་བའི་བྱིའུ་སྒང་པའི་ཕྱག་རྒྱུན་གྱི་ལེགས་ཆ་བླངས་ཤིང་ཞན་ཆ་དོར་བའི་སྒོ་ནས་རང་ལུགས་གསར་གཏོད་མཛད་པ་དང་། ཁྱད་པར་དུ་ཡུལ་ལྗོངས་རྒྱག་པའི་སྲོལ་བཏོད་ནས་ཡུལ་ལྗོངས་དང་རྒྱན་རིས་ཀྱི་བཀོད་པ་རགས་ཞིབ་སྙོམས་ལ་མཛེས་པ། ཚོན་མདངས་ཅུང་ཟད་སྐྱ་ལ་སྣུམ་ཤས་ཆེ་ཞིང་གསེར་རིས་ཞིབ་ཚགས་པ། ལྷ་སྐུའི་བྲིས་ཚུགས་ལ་ལེགས་བཅོས་མཛད་དེ་ཞི་བའི་ལྷ་རྣམས་ཉམས་ཆེ་བ། རྒྱབ་ལྗོངས་སུ་ཡུལ་ལྗོངས་ཀྱི་བཀོད་པ་གསར་གཏོད་མཛད་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་པའོ།

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060