སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒན་ནོར་བུ་ལགས་དང་ཁོང་གི་དྲས་དྲུབ་ཐང་ག
སྤེལ་དུས། 2016-09-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྐྱ་རེངས།
ངལ་བ་དང་དུ་བླངས། ངོ་མཚར་འབྲས་བཟང་ཐོབ།  
          ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་དུ་མངོན་གསལ་དོད་པོ་མེད་པའི་སྒོ་རས་བསྐོར་བའི་ཁང་ཆུང་ཞིག་འདུག ཁང་པའི་ནང་ལེགས་སྒྲུབ་ཟིན་མེད་པའི་དྲས་དྲུབ་ཐང་ག་མང་པོ་བཞག་འདུག་ཅིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རིས་སློབ་དཔོན་ཆེ་མོའི་དཔྱད་འདེམས་སྤྱི་བསྒྲགས་མིང་ཐོའི་ནང་ཚུད་པའི་རྒན་ནོར་བུ་ལགས་ཀྱི་ཞལ་ཐང་བཞེངས་ཁང་དང་། ཚེ་སྨོན་གླིང་དྲས་དྲུབ་ཐང་ག་དར་སྤེལ་གཏོང་ཡུལ་རེད་འདུག
          འབུར་བརྐོས་ལྟ་བུའི་དྲས་དྲུབ་ཐང་ག
          རྒན་ནོར་བུ་ཚེ་རིང་ལགས་ཀྱི་ཞལ་ཐང་ཕྱག་ལས་ཁང་དུ་ཐོག་མར་བཅར་འདྲིར་སྐྱོད་སྐབས་ཁོང་ཐང་ག་ཆེ་གྲས་ཤིག་བཞེངས་པའི་ལས་དོན་ནང་ཞུགས་ནས་བྲེལ་བས་ཁེངས་ཏེ་ལྷ་སར་བཞུགས་མེད་སྟབས་ཁོང་གི་ལས་རོགས་དཔལ་སྒྲོན་གྱིས་གསར་འགོད་པ་དྲས་དྲུབ་ཐང་ག་བཞེངས་པའི་བརྒྱུད་རིམ་ལ་ལྟ་སྐོར་བྱེད་པར་འཁྲིད་བྱུང་། དཔལ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དྲས་དྲུབ་ཐང་ག་ཞིག་བཞེངས་སྐབས་དར་གོས་དང་། དར་ཚོན། བལ། བལ་སྐུད་སོགས་རྒྱུ་ཆ་རྩེ་གྲ་བཏང་ནས་བཟོ་དབྱིབས་སྣ་ཚོགས་བཟོ་དགོས་པ་སྟེ།དཔེར་ན། ལྷ་སྐུ་དང་། མེ་ཏོག མི་སྣ། བྱ་བྱིའུ། གཅན་གཟན་སོགས་བྲེག་དགོས་ཀྱི་ཡོད། དེ་རྗེས་ཚོས་གཞི་དང་གོ་རིམ་བཞིན་སྔ་རྗེས་སུ་སྦྱར་ནས་འཚེམ་དགོས་ཀྱི་ཡོད་ལ། ཚོས་གཞི་སྣུམ་པོ་ནས་སྐྱ་བོའི་བར་གོ་རིམ་བཞིན་སྦྱོར་དགོས་ཀྱི་ཡོད། དྲས་དྲུབ་ཐང་གས་མི་སྣའི་གཟུགས་བརྙན་བཞེངས་སྟངས་དང་ཉམས་འགྱུར་མངོན་སྟངས་ཐད་དོ་སྣང་ཆེན་པོ་བྱེད་པ་དང་ཚོས་གཞི་སྣ་ཚོགས་ཀྱི་དར་ཚོན་སྡེབ་པའི་ཐད་དོ་སྣང་གིས་ཞིབ་རྩིང་དོ་སྙོམས་དང་། བརྗོད་དོན་མངོན་གསལ། ཚོན་མདོག་རྣམ་པར་བཀྲ་བ། ཞིབ་བསྡུར་ཆེ་བ་བཅས་ཡོང་བར་འབད་བཞིན་ཡོད་པས། དར་གོས་ལས་བཟོས་པའི་འབུར་བརྐོས་ལྟ་བུ་ཞིག་ཏུ་གྲུབ།
          “ང་ཚོ་ཚེ་སྨོན་གླིང་གི་དྲས་དྲུབ་ཐང་གའི་ནང་དོན་ཐད་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས། ཚན་རིག་ལག་རྩལ་སོགས་མཚོན་པར་བྱེད་ཀྱི་ཡོད་པས་ཐང་གའི་ཁ་ཞེང་ཆེན་པོ་ཡོད། སྤྱིར་བཏང་ཐོག་ནས་བརྗོད་ཚེ་ང་ཚོའི་ལྷ་འབྲི་བས་དྲས་དྲུབ་ཐང་ག་ཆེ་གྲས་ཤིག་བཞེངས་པར་ཉུང་ཤོས་སུ་ཟླ་བ་འགའ་ཞིག་འགོར་བ་དང་མང་ཤོས་སུ་ལོ་འགའ་ཞིག་འགོར་གྱི་ཡོད། ཁོང་རྣམ་པས་སེམས་ནུས་ཡོད་རྒུ་ཐང་ག་བཞེངས་པའི་ཐད་བཞག་གནང་བས་ང་ཚོའི་ལྷ་འབྲི་བ་རྣམས་ཀྱིས་བཞེངས་པའི་ཞལ་ཐང་སྤུས་ཚད་ལེགས་ལ་ཁམས་དྭངས་པས། བརྩམས་ཆོས་མང་པོ་ཞིག་ལ་བྱ་དགའ་ཐོབ་ཡོད”ཅེས་དཔལ་སྒྲོན་གྱིས་ངོ་སྤྲོད་བྱས།
          དཔལ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དྲས་དྲུབ་ཐང་ག་ནི་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དང་རི་མོའི་འབྲི་རྩལ་ཟུང་དུ་འབྲེལ་བའི་སྒྱུ་རྩལ་ཞིག་ཡིན་པ་དང་ད་བར་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་ཡོད། བོད་ཀྱི་སྲོལ་རྒྱུན་དྲས་དྲུབ་ཐང་གའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཕྱིར་2006ལོར་རྒན་ནོར་བུ་ལགས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་འཚེམ་བཟོ་ཁང་བཙུགས་གནང་བ་རེད། ཁོང་སྐུ་ན་གཞོན་པའི་དུས་ནས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཡིན་པའི་དྲས་དྲུབ་ཐང་གར་ཧ་ཅང་མཉེས་པོ་ཡོད། དགུང་ལོ་13ལ་སོན་དུས་རྒན་ནོར་བུ་ལགས་ཀྱིས་ཐང་གའི་དགེ་རྒན་ཆེ་མོ་བ་བློ་བཟང་འཕྲིན་ལས་ཀྱི་དྲུང་ནས་སྲོལ་རྒྱུན་གྱི་དྲས་དྲུབ་ཐང་ག་བཞེངས་སྟངས་སྦྱངས་པ་དང་ལོ་30ལྷག་ཙམ་རྒྱུན་ཆད་མེད་པར་སློབ་སྦྱོང་དང་འབད་བརྩོན་གནང་བ་བརྒྱུད་རྒན་ནོར་བུ་ལགས་ཀྱི་དྲས་དྲུབ་ཐང་ག་བཞེངས་པའི་ལག་རྩལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་མཐར་ཕྱོགས་ཁག་གི་རྒྱབ་སྐྱོར་འོག་ཚེ་སྨོན་གླིང་དྲས་དྲུབ་ཐང་གའི་མི་རིགས་ལག་ཤེས་འཚེམ་བཟོ་ཁང་བཙུགས།
སེམས་པ་རྣལ་ལ་ཕབ། རིག་པ་གཅིག་ལ་སྒྲིམ།
          “ཕ་མ་ལྟ་བུའི་དགེ་རྒན་བཟང་པོ”
          རྒན་ནོར་བུ་ལགས་ཀྱི་འཚེམ་བཟོ་ཁང་དུ་དགེ་ཕྲུག་འགའ་ཞིག་དྲས་དྲུབ་ཐང་ག་བཞེངས་བཞིན་འདུག སྐད་ཆ་ཚིག་དགའ་དྲིས་པ་བརྒྱུད་རྒན་ནོར་བུ་ལགས་ཀྱིས་ཐང་ག་བཞེངས་པ་ཕུད། ད་དུང་དུས་རྒྱུན་དྭ་ཕྲུག་དང་། འཚོ་བའི་ཐད་དཀའ་ངལ་ཡོད་པའི་བུ་ཕྲུག དབང་པོ་སྐྱོན་ཅན་བཅས་ལ་རོགས་པ་དང་ཉར་གནང་གི་ཡོད་པ་ཤེས་རྟོགས་བྱུང་ཞིང་། དགེ་ཕྲུག་ནོར་བུ་དང་པ་སངས་ཀྱིས“རྒན་ནོར་བུ་ལགས་ཀྱིས་དུས་རྒྱུན་ང་ཚོར་གཟིགས་སྐྱོང་ཡག་པོ་གནང་གི་འདུག ང་ཚོའི་འཚོ་བ་དང་སློབ་སྦྱོང་ལ་དཀའ་ངལ་འདྲ་འཕྲད་ཚེ་ཁོང་གིས་རོགས་རམ་ཅི་ཐུབ་གནང་གི་འདུག་པས་ང་ཚོས་ཀྱང་ཁོང་ལ་སྐད་ཆ་དྲང་པོ་ཤོད་ཀྱི་ཡོད”ཅེས་བཤད་བྱུང་།
          པ་སངས་ཀྱིས། ད་ཆ་འཚེམ་བཟོ་ཁང་ནང་དགོན་པ་ཞིག་གི་ཞལ་ཐང་བཞེངས་བཞིན་ཡོད་པ་དང་ཕལ་ཆེ་བ་བཞེངས་ཚར་སོང་། ད་དུང་ལོ་ཕྱེད་ཙམ་ཕྱིན་ཚེ། ཚང་མ་བཞེངས་ཚར་བཟོ་འདུག ཞལ་ཐང་དེ་འཚེམ་པ་ཁོ་ནར་ཧ་ལམ་ལོ་གཉིས་འགོར་སོང་ཞེས་གསར་འགོད་པར་བཤད་པ་དང་། “ཁྱེད་རང་གཟིགས་དང་། བུ་དེ་མ་གཞི་ལོ་20ལྷག་ལས་མ་སོན་རུང་ལག་རྩལ་ང་ཚོ་ལས་སྐྱོ་བ་མེད”ཅེས་པ་སངས་ཀྱིས་གསར་འགོད་པའི་ཉེ་འགྲམ་དུ་ཡོད་པའི་བུ་དེར་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱས་པ་དང་གྱོན་ཆས་བབ་ཆགས་པའི་བོད་རིགས་བུ་དེས་ལག་བདེ་པོའི་ངང་འཚེམ་བཟོའི་ལས་ལ་གཞོལ་བཞིན་འདུག་པས་ཁོའི་བྱང་ཆུབ་པའི་ལག་རྩལ་དགེ་ཕྲུག་རྒན་པ་ཚོ་ལས་ཞན་པ་མི་འདུག
          “དོན་དམ་དུ་རྒན་ནོར་བུ་ལགས་ཀྱི་ངང་རྒྱུད་རིང་པོའི་མཛུབ་ཁྲིད་མེད་ཚེ་ང་ཚོས་དྲས་དྲུབ་ཐང་ག་ཆེ་གྲས་དེ་འདྲ་བཞེངས་མི་ཐུབ།ཁོང་གིས་རང་གི་ནང་མིར་ལྟ་སྐྱོང་གཟབ་ནན་གནང་བ་ཕུད། ད་དུང་དགེ་ཕྲུག་དེ་དག་ལ་ལྟ་སྐྱོང་གང་ལེགས་གནང་གི་འདུག་པས་དུས་རྒྱུན་ལས་ཀ་དང་འཚོ་བའི་ནང་ང་ཚོས་ཁོང་ཕ་མ་ལྟ་བུར་བརྩི་གི་ཡོད་ལ་ཁོང་གིས་ཀྱང་ང་ཚོ་ནང་མི་ལྟ་བུར་བརྩི་གི་འདུག”ཅེས་རྒན་ནོར་བུ་ལགས་ཀྱི་དགེ་ཕྲུག་ཚེ་ནོར་གྱིས་དེ་ལྟར་བཤད་བྱུང་།
          རྒན་ནོར་བུ་ལགས་ཀྱི་ཐང་གའི་བརྩམས་ཆོས་ནང་འཚེམ་ཤུལ་སྤྱིར་ན་མཐོང་རྒྱུ་མེད་པར་ཞལ་ཐང་ནང་གི་རི་མོ་དེ་དག་དར་ཚོན་ཐོག་སྦྱར་བ་ལྟར་སྣང་ཞིང་། “དྲས་དྲུབ་ཐང་ག་བཞེངས་སྐབས་རྟ་རྔར་དར་སྐུད་བསྲེས་ནས་འཚེམ་དགོས་པ་དང་འགའ་ཞིག་ཐོག་ད་དུང་ནོར་བུའི་རིགས་སྦྱོར་གྱི་ཡོད། རྒྱུ་ཆ་འགའ་ཞིག་རྒྱ་གར་དང་བལ་ཡུལ་ནས་ཉོ་དགོས་པ་དང་རྒྱུ་ཆ་འདེམས་སྐབས་སྤུས་ཚད་ལ་དོ་སྣང་བྱེད་དགོས་ཀྱི་ཡོད། སྤྱིར་བཏང་གི་རྒྱུ་ཆས་འགྲིག་ཐབས་མེད་པས་མ་གནས་ཀྱང་ཧ་ཅང་མཐོ་པོ་ཡོད”ཅེས་ལས་རོགས་དཔལ་སྒྲོན་གྱིས་བཤད་བྱུང་།
          རྒན་ནོར་བུ་ལགས་ཀྱི་དགེ་ཕྲུག་གི་གྲས་ཡིན་པའི་རྒྱལ་མཚན་གྱིས་གསར་འགོད་པར“དྲས་དྲུབ་ཐང་ག་ཞིག་བཞེངས་པར་དུས་ཚོད་རིང་པོ་འགོར་གྱི་ཡོད། དང་ཐོག་རི་མོ་མཁས་ཅན་ཞིག་གིས་མ་དཔེ་འབྲི་དགོས་ཀྱི་ཡོད། དེ་རྗེས་ང་ཚོས་མ་དཔེ་གཞིར་བཟུང་རྒྱུ་ཆ་གྲ་སྒྲིག་བྱས་ནས་རི་མོའི་རྒྱབ་ཏུ་རས་བཏིངས་ཏེ་ཁབ་བཙག་བརྒྱབ་ནས་ཆ་ཤས་སོ་སོའི་དབྱིབས་བཏོན་དགོས་ཀྱི་ཡོད། དེ་རྗེས་གཞི་ནས་ང་ཚོས་ལས་ཀའི་བརྒྱུད་རིམ་ལྟར་བསྒྲུབ་དགོས་ཀྱི་ཡོད”ཅེས་བཤད་བྱུང་།
          དྲས་དྲུབ་ཐང་ག་བཞེངས་སྐབས་བརྒྱུད་རིམ་ཚང་མ་ལག་གཉིས་ལ་བརྟེན་ནས་རིམ་བཞིན་འཚེམ་དགོས་པས་ངང་རྒྱུད་རིང་པོ་དགོས་ལ་སེམས་ནུས་འབོར་ཆེན་ཡང་འདོན་དགོས་ཀྱི་ཡོད། “ང་སྐྱེས་པ་ཞིག་ཡིན་པས། ཐོག་མར་སློབ་སྦྱོང་བྱེད་སྐབས་ངང་རྒྱུད་རིང་པོ་བྱེད་མི་ཐུབ་པ་སོགས་མི་གོམས་པ་མང་པོ་འཕྲད་བྱུང་། འོན་ཀྱང་རྒན་ནོར་བུ་ལགས་དང་ཡུན་རིང་གཤིབས་རྗེས་དྲས་དྲུབ་ཐང་གའི་ནང་སྦྱོང་དགོས་པའི་ཤེས་བྱ་མང་པོ་ཡོད་པ་ཤེས་བྱུང་། དྲས་དྲུབ་ཐང་ག་དེ་དྲས་དྲུབ་བརྩམས་ཆོས་གཞན་དང་མི་འདྲ་བས། ཁྱེད་ལ་གཞན་ལས་ལྷག་པའི་ངང་རྒྱུད་རིང་པོ་མེད་ཚེ་དྲས་དྲུབ་ཐང་ག་ཞིག་བཞེངས་མི་ཐུབ”ཅེས་རྒྱལ་མཚན་གྱིས་དྲས་དྲུབ་ཐང་ག་ཐོག་མར་སྦྱོང་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་དུ་དེ་ལྟར་བཤད་བྱུང་།
དྲས་དྲུབ་ཐང་ག་རྒྱུན་འཛིན་བྱ་རྒྱུ་དེ་ཁོང་གི་འདུན་པ་ཆེ་ཤོས་ཡིན་པ།
          རྒན་ནོར་བུ་ལགས་ཀྱི་དགེ་ཕྲུག་གིས་གསར་འགོད་པར་རྒན་ནོར་བུ་ལགས་ཀྱིས་དྲས་དྲུབ་ཐང་ག་ཐོག་མར་སྦྱོང་བའི་དམིགས་ཡུལ་ནི་ཡོང་འབབ་བསགས་ནས་ཁྱིམ་ཚང་སྐྱོང་ཆེད་ཡིན། ལོ་མང་སོང་རྗེས་ཁོང་གི་བསམ་ཚུལ་ལ་རིམ་བཞིན་འགྱུར་ལྡོག་ཕྱིན་ནས་ཁོང་གིས་ཐང་གའི་སྒྱུ་རྩལ་དང་རིག་གནས་ལ་སྣང་ཆེན་བྱེད་ཤུགས་ཆེ་རུ་ཕྱིན་ཏེ་དྲས་དྲུབ་ཐང་ག་དེ་ཁོང་གི་འཚོ་བའི་ནང་གི་ཆ་ཤས་ཤིག་ཏུ་གྱུར་པ་མ་ཟད། དྲས་དྲུབ་ཐང་ག་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱེད་འདོད་གནང་གི་ཡོད་ཅེས་བཤད་བྱུང་།
          “ཁོང་གིས་རིན་པ་མི་དགོས་པར་དགེ་ཕྲུག་ཉར་བའམ་ཡང་ན་དྭ་ཕྲུག་གསོ་བ་སོགས་གང་ཡིན་ཡང་ཁོང་གི་དམིགས་ཡུལ་གཙོ་བོ་ནི་དྲས་དྲུབ་ཐང་ག་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་རྒྱུ་དང་ཆབས་ཅིག་དགེ་ཕྲུག་གི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་ཆེད་དང་། ཞོར་དུ་སྤྱི་ཚོགས་ལ་ལེགས་སྐྱེས་ཀྱང་ཕུལ་བ་ཞིག་ཀྱང་ཡིན”ཞེས་རྒན་ནོར་བུ་ལགས་ཀྱི་ལས་རོགས་དཔལ་སྒྲོན་གྱིས་བཤད་བྱུང་།
          མི་ཚོས་བོད་ཀྱི་ཐང་གའི་རིག་གནས་ལ་སྣང་ཆེན་བྱེད་ཤུགས་ཆེ་རུ་འགྲོ་བ་དང་བསྟུན་ནས་རྒན་ནོར་བུ་ལགས་དང་དེ་བཞིན་ཁོང་གི་དགེ་ཕྲུག་ཚོར་གོ་སྐབས་དང་འགྲན་སློང་དེ་བས་ཆེ་བ་འཕྲད་བཞིན་ཡོད། ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་འབད་བརྩོན་བྱེད་བཞིན་པའི་ལག་ཤེས་སྒྱུ་རྩལ་པ་རྒན་ནོར་བུ་ལགས་ཀྱི་བསམ་འདུན་མངོན་འགྱུར་ཐུབ་ངེས་ཡིན་ལ་དྲས་དྲུབ་ཐང་ག་རྒྱུན་ཆད་མེད་པར་རྒྱུན་འཛིན་འཕེལ་རྒྱས་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716