སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྫོང་རྒྱབ་ཀླུ་ཁང་གི་རི་མོའི་འབྲི་རྒྱུན་དང་སྒྱུ་རྩལ་ཁྱད་ཆོས་གླེང་བ།
སྤེལ་དུས། 2017-08-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དངོས་གྲུབ།
དང་པོ། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་རི་མོའི་འབྲི་རྒྱུན།
          རྫོང་རྒྱབ་ཀླུ་ཁང་གི་ལྡེབས་རིས་བྲིས་རྒྱུན་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་ལུགས་ཆེན་པོ་ལྔའི་ཡ་རྒྱལ་སྨན་ལུགས་རྙིང་མའི་བྲིས་རྒྱུན་ཡིན་ཞིང་། དེ་ཡང་དུས་རབས་བཅོ་ལྔའི་དུས་མགོར་ལྷོ་བྲག་སྨན་ཐང་ཁུལ་དུ་འཁྲུངས་པའི་པིར་ཐོག་མཁན་པོ་སྨན་བླ་དོན་གྲུབ་རྒྱ་མཚོས་གསར་གཏོད་གནང་བའི་བོད་ཀྱི་རི་མོའི་གྲུབ་མཐའ་ཆེན་པོ་ལྔའི་ཡ་རྒྱལ་སྨན་ལུགས་ཞེས་གངས་ཅན་ཡུལ་དུ་བཟོ་ཡི་གནས་ལ་སྙན་པའི་གྲགས་པ་དབྱར་གྱི་རྔ་སྒྲ་གྲགས་པ་བཞིན། གངས་ཅན་ཡུལ་ན་མཚན་སྙན་ཤིན་ཏུ་ཆེ། འདིར་ཁོ་བོས་ལོ་འཁོར་གསུམ་རིང་གི་དུས་ཚོད་ནང་རྫོང་རྒྱབ་ཀླུ་ཁང་གི་ལོ་རྒྱུས་ཡིག་ཆ་ཁག་དང་། རྫོང་རྒྱབ་ཀླུ་ཁང་གི་ཐོག་མའི་གནས་ཀྱི་ཆགས་ཡུལ། ད་དུང་དགོན་པའི་རྟེན་དང་བརྟེན་པ། ལྷག་པར་ལྡེབས་བྲིས་ནང་དོན་དང་རི་མོའི་ཁྱད་ཆོས་སོགས་ལ་རང་ནུས་གང་ཡོད་ཀྱིས་དཔྱད་པ་བྱེད་ཁུལ་ཙམ་ལས། གནད་ལ་ཕིགས་པའི་ནང་དོན་ཟབ་མོ་ཞིག་བརྗོད་རྒྱུ་ནི་དཀའ་ཚེགས་ཤིན་ཏུ་ཆེ། འདིར་ཁོ་བོས་ལོ་འཁོར་གསུམ་རིང་གི་དུས་ཚོད་ནང་རྫོང་རྒྱབ་ཀླུ་ཁང་གི་ལོ་རྒྱུས་ཡིག་ཆ་ཁག་དང་། རྫོང་རྒྱབ་ཀླུ་ཁང་གི་ཐོག་མའི་གནས་ཀྱི་ཆགས་ཡུལ། ད་དུང་དགོན་པའི་རྟེན་དང་བརྟེན་པ། ལྷག་པར་ལྡེབས་བྲིས་ནང་དོན་དང་རི་མོའི་ཁྱད་ཆོས་སོགས་ལ་རང་ནུས་གང་ཡོད་ཀྱིས་དཔྱད་པ་བྱེད་ཁུལ་ཙམ་ལས། གནད་ལ་ཕིགས་པའི་ནང་དོན་ཟབ་མོ་ཞིག་བརྗོད་རྒྱུ་ནི་དཀའ་ཚེགས་ཤིན་ཏུ་ཆེ། རྒྱུ་མཚན་ནི་རྫོང་རྒྱབ་ཀླུ་ཁང་གི་ལོ་རྒྱུས་ཡིག་ཆ་རྣལ་མ་ཞིག་དང་རྫོང་རྒྱབ་ཀླུ་ཁང་གི་དཀར་ཆག དེ་བཞིན་འབྲེལ་ཡོད་ཀྱི་ལོ་རྒྱུས་དཔྱད་གཞི། ཁྱད་པར་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་བཞེངས་པ་པོ་སུ་ཞིག་ཡིན་མིན་གྱི་དཔྱད་གཞི་གང་སར་བཙལ་འཚོལ་བྱས་ཀྱང་དཀའ་བ་ཙམ་ལས་ཕན་ནུས་ཆེར་མི་ཐོན། ཡིན་ན་ཡང་ཁོ་བོས་དུས་ཁོམ་ཡོད་ཚད་ལ་རྫོང་རྒྱབ་ཀླུ་ཁང་དུ་བསྐྱོད་ནས་དགོན་པའི་ལོ་རྒྱུས་དང་། ལྡེབས་བྲིས་སོགས་ལ་རང་བློས་གང་དཔོག་གིས་ཉམས་ཞིབ་དང་དཔྱད་པ་བྱས་པའི་འབྲས་བུ་ལས་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་རི་མོའི་བྲིས་རྒྱུན་གང་ཡིན་འདིར་བརྗོད་ཡོད་དེ། གོང་སྨོས་ལྟར་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་རི་མོའི་བྲིས་རྒྱུན་ནི་སྨན་ལུགས་རྙིང་མའི་བྲིས་རྒྱུན་ཁྱད་འཕགས་ཅན་ཞིག་ཡིན་པ་དཔྱད་རྩོམ་འདིའི་ནང་ཐེ་ཚོམ་མེད་པའི་ཐོག་ནས་གཏན་འཁེལ་བྱས་ཡོད་ལ། རང་རེ་ཁ་བའི་ལྗོངས་ཀྱི་སྒྱུ་རྩལ་ལ་མངའ་བརྙེས་པའི་མཁས་དབང་ཚང་མས་ཁས་ལེན་མི་གནང་མཁན་ནི་སྤྱིར་མེད། དེ་བཞིན་གནས་འདིར་ཞིབ་འཇུག་དང་གཙིགས་ཆེན་གནང་མཁན་གྱི་མཁས་པ་སུས་ཀྱང་རྩ་བའི་ཆ་ནས་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་རི་མོ་ནི་སྨན་ལུགས་རྙིང་མའི་བྲིས་རྒྱུན་ཡིན་པ་གང་ཞིག་བྲིས་ཆ་ཧ་ཅང་གི་ཚད་མཐོན་པོ་ཞིག་ལ་སླེབས་ཡོད་པའི་དགོངས་བཞེས་གནང་གི་ཡོད། དེ་ལྟར་བརྗོད་དགོས་དོན་ནི་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་ནི་འདས་ཟིན་པའི་ལོ་ཡི་ཉག་མ་༣༠༠ལྷག་གི་ལོ་རྒྱུས་ལྡན་ཡོད་ལ་ལྡེབས་བྲིས་དེ་རྣམས་རྩ་བའི་ཆ་ནས་དུས་ད་ལྟ་ཡང་ཉམས་ཆག་མེད་པར་སྐྱེ་བོ་ཚང་མའི་འདྲེན་བྱེད་ཡུལ་དུ་གནས་ཡོད་དེ། ལྡེབས་བྲིས་ཀྱི་བྲིས་རྒྱུན་ལས་ཡུལ་ལྗོངས་བཀོད་པ་དང་། ཚོན་མདངས། བཅད། ལྷའམ་མི་སྣའི་འགྱིངས་སྟབས། ཉམས་འགྱུར། གསེར་རིས་རྒྱན་སྤྲོས་སོགས་སྨན་ཐང་ལུགས་ཀྱི་བྲིས་རྒྱུན་དང་གཅིག་མཚུངས་ཡིན་པ་ནི་རྫོང་རྒྱབ་ཀླུ་ཁང་གི་ད་བར་གནས་པའི་ལྡེབས་བྲིས་རྣམས་ལས་གསལ་ཤེས་ཐུབ།
          དེ་ཡང་“སྨན་ལུགས”ཞེས་པ་ནི་གཙང་སྟོད་ལྷ་བྲིས་མཁས་པ་རྡོ་པ་བཀྲ་ཤིས་རྒྱལ་པོའི་སློབ་མ་སློབ་དཔོན་ལས་ལྷག་པ་གཉིས་བྱུང་བ་ནི་ལྷོ་བྲག་སྨན་བླ་དོན་གྲུབ་རྒྱ་མཚོ་དང་གོང་དཀར་སྒང་སྟོད་མཁྱེན་བརྩེ་ཆེན་མོ་ཞེས་གངས་ཅན་ཡུལ་དུ་མཚན་ཉི་ཟླ་ལྟར་གྲགས་པ་ཞིག་བྱུང་བ་ལས་ནང་གསེས་སྨན་ལུགས་གྲུབ་མཐའི་ཤིང་རྟའི་སྲོག་གསར་གཏོད་གནང་མཁན་སྨན་བླ་དོན་གྲུབ་རྒྱ་མཚོའི་ཕྱག་སྲོལ་གྱི་རི་མོ་ཡང་སྨན་ཐང་ཆེན་མོའི་ལུགས་ཞེས་པ་ཡིན། “སྨན་ལུགས་རི་མོའི་ཁྱད་ཆོས་ནི་བྱིའུ་སྒང་ལུགས་ཀྱི་བྲིས་རྒྱུན་གྱི་ལྷ་སྐུའི་བྲིས་ཚུགས་ལ་ལེགས་བཅོས་མཛད་ཐོག ད་དུང་སྔོན་གྱི་བོད་ཀྱི་སྲོལ་རྒྱུན་རི་མོའི་ཚད་རྣམས་ཁོང་ཉིད་ནས་རི་མོ་འབྲི་བའི་བརྒྱུད་རིམ་ནང་ཉམས་ཞིབ་དང་དཔྱད་པ་མཛད་པ་ལས་སྐྱོན་མི་ཉུང་བ་ཞིག་གསལ་རྟོགས་བྱུང་ནས་སྔོན་གྱི་ཆ་ཚད་ཀྱི་རིགས་པའི་གཞུང་ལུགས་དག་ལ་དགག་གཞག་མཛད་དེ་《སྐུ་གཟུགས་ཀྱི་ཆ་ཚད་ཡིད་བཞོན་ནོར་བུ་》ཞེས་པའི་གསུང་རྩོམ་མཛད། གསུང་རྩོམ་དེ་ནི་ད་ལྟའི་ཆར་མཁས་པ་མང་པོས་ཡང་དག་ཚད་ལྡན་ཞིག་ཏུ་འཛིན་ནས་བེད་སྤྱད་གནང་བ་མ་ཟད། རིགས་པའི་གཞུང་ལུགས་ཁུངས་བཙན་ཡིན་པ་ཞིག་ལུང་འདྲེན་མཛད་ཀྱི་ཡོད། དེ་བཞིན་སྨན་བླ་དོན་གྲུབ་རྒྱ་མཚོས་སྨན་ལུགས་གྲུབ་མཐའ་གསར་གཏོད་མཛད་པའི་ཁྱད་ཆོས་གཙོ་བོ་ནི་ལྷ་ཞི་བ་རྣམས་ཀྱི་འགྱིང་སྟབས་དང་ཕྱག་ཞབས་རྣམས་བྱིའུ་སྒང་པའི་ལུགས་ཀྱི་བྲིས་རྒྱུན་ལས་མཉེན་ཆ་དོད་ལ་སྤྱང་ཤ་དོད་པ། ལྷ་མོ་རྣམས་ཀྱི་ཞལ་ཁྱིམ་སྒོང་དབྱིབས་ལྟ་བུའི་རྣམ་པ་ལ་སྤྱན་ཕྲ་ཞིང་ཞལ་འཛུམ་པ། སྐེད་སྐབས་ཕྲ་ཞིང་། སྟོད་ཞུམ་ལ་སྨད་རྒྱས་པའི་ཤ་ཉམས་ཀྱིས་མཛེས་པ། སངས་རྒྱས་དང་བླ་སྐུ་རྣམས་ཀྱི་བཞུགས་སྟབས་ལྷོད་ཅིང་བྱིན་ཆགས་པ། སྤྱན་གཉིས་གཞུ་དབྱིབས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང་། ཐུགས་རྒྱུད་སྙིང་རྗེ་ཆེན་པོའི་རང་བཞིན་ལྡན་པས། མི་སུ་འདྲ་ཞིག་གིས་མཇལ་ཡང་དད་གུས་སྤྲོ་གསུམ་སྐྱེ་ནུས་པའི་ཉམས་འགྱུར་ལྡན་ཡོད་ལ། ཁྲོ་བོ་རྣམས་ནི་དེ་བས་འགྱེང་སྟབས་འཇིགས་ཟིལ་ཆེ་ལ་རྔམས་པའི་ཉམས་དང་ལྡན་པ། སྐུ་གཟུགས་སྦོམ་ཞིང་ཐུང་ལ་གསུས་ཆེ་བ། སྤྱན་གཉིས་དམར་ཤས་ཆེ་ལ། ཞལ་གདངས་མཆེ་བ་བརྩེགས་ཤིང་། འཇིགས་སུ་རུང་བའི་རྣམ་པས་དགྲ་གེགས་རྣམས་ཚར་བཅད་ཚུར་འདུས་ཀྱི་ཉམས་སྣང་མངོན་པ། མི་རྣམས་ཀྱིས་མཇལ་བ་ཙམ་གྱིས་འཇིསག་སྐྲག་དང་དད་སེམས་མཉམ་དུས་སྐྱེ་བའི་ཚོར་སྣང་ལྡན་ཡོད། ལྷག་པར་དུ་ཐང་གའམ་ལྡེབས་རིས་ཀྱི་རྒྱབ་ལྗོངས་སུ་ཡུལ་སྣང་གི་བཀོད་པ་གསར་དུ་བསྣན་ཏེ་གཙོ་ལྷའི་དབུ་ཐོད་དུ་བཞུགས་པའི་བླ་སྐུ་དང་སངས་རྒྱས་རྣམས་སྤྲིན་ཕུང་གི་དབུས་སུ་གནས་པ། བར་ཆའི་ལྷ་སྐུ་རྣམས་གངས་རི་དང་། སྤང་རི། སྤང་ལྗོངས། ལྗོན་ཤིང་། མེ་ཏོག ལྷུང་ལྷུང་དུ་བབ་པའི་ཆུ་རྒྱུན་སོགས་ཤིན་ཏུ་ཉམས་དགའ་བའི་གནས་སུ་འཁོད་པ། གཤམ་ཆར་སྲུང་མ་རྣམས་བྲག་རི་དང་། ཁྲག་མཚོ་མེ་རླུང་གི་དབུས་སུ་གནས་པ་སོགས་འཚོ་བ་དངོས་དཔེ་གཞིར་བྱས་ཐོག་རྣམ་པ་འགྱུར་བའི་སྒོ་ནས་མཛེས་ཆོས་གཙོར་བཟུང་གིས་འཆར་ཡན་རིང་ལུགས་ཀྱི་འབྲི་སྟངས་སྤྱད་ཡོད། ཚོན་མདངས་ཐོག་ནས་བརྗོད་ན་ཡང་ཚོན་མདངས་འཇམ་ཤ་དོད་ཅིང་། སྣུམ་བརྗིད་ཆེ་བ། གསེར་རིས་བཅད་ཁ་ཕྲ་ལ་རྒྱན་རིས་ཕུན་སུམ་ཚོགས་པ། བཅད་རྒྱག་སྟངས་མི་འདྲ་བ་རྣམ་པ་ལྔ་བེད་སྤྱད་དེ་དངོས་གཟུགས་སོ་སོའི་ངོ་བོ་གསལ་སྟོན་བྱས་པ། བྱ་དང་རི་དྭགས་རྣམས་རང་རང་སོ་སོའི་སྤུ་རིས་དང་བཟོ་དབྱིབས་འབྲི་ཐབས་དངོས་བྲིས་ལ་ཕྱོགས་པ་བྱས་ཏེ། གསོན་ཉམས་དོད་པ་བཅས་སྨན་ཐང་ཆེན་པོའི་ལུགས་ཞེས་སྙན་པའི་གྲགས་པ་ནོར་འཛིན་གྱི་ཁྱོན་ཡོངས་སུ་ཁྱབ་པར་གྱུར་བ་དེ་ནི་སྨན་ལུགས་རྙིང་མའི་ཆེས་ཕུན་སུམ་ཚོགས་པའི་བྲིས་རྒྱུན་གྱི་ཁྱད་ཆོས་གཙོ་བོ་རྣམས་ཡིན།”
          བོད་ཀྱི་རི་མོའི་ཁྲོད་རང་བྱུང་གི་ཡུལ་ལྗོངས་ཞིབ་འབྲི་བྱེད་པ་འདི་སྤྱི་ལོའི་དུས་རབས་༡༥པའི་ནང་སྨན་ཐང་ལུགས་ཀྱི་སྲོལ་དབུ་ཚུགས་པ་ནས་བྱུང་། དེས་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་གསར་རྩོམ་བརྒྱུད་རིམ་ཁྲོད་རང་འགུལ་རང་བཞིན་དང་། རང་གི་ཡུལ་མཁས་ཀྱི་འདུ་ཤེས་རི་མོའི་ཁྲོད་དང་ལེན་བྱས་ཤིང་། ཐོག་མའི་དབྱིབས་རྩིས་ཀྱི་རི་མོའི་བཀོད་པ་འདི་རང་བྱུང་གི་གཤིས་ལུགས་དང་བསྟུན་ནས་གཏན་འཇགས་ཀྱི་རི་མོའི་འབྲི་ལུགས་སུ་བསྒྱུར་ཡོད། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་དེ་རྣམས་ནི་གོང་ཞུས་ཀྱི་རི་མོའི་འབྲི་ལུགས་ཚད་ལྡན་ཅན་དུ་བསྒྱུར་བའི་དཔེ་གསོན་པོ་ཞིག་ཡིན་པ་ལས་སྨན་ལུགས་ཀྱི་ཡུལ་སྣང་བཀོད་པ་གསལ་ལ། ཚོན་མདངས་ཀྱང་སྤང་ཐིང་ཤས་ཆེ་ལ་འཇམ་ཤ་དོད་པ། སྣུམ་བརྗིད་ཆེ་བ་སོགས་ཀྱི་སྨན་ལུགས་ཁྱད་ཆོས་ལྡན་པ་མ་ཟད། བཅད་རྒྱག་སྟངས་མི་འདྲ་བ་རྣམ་པ་ལྔ་བེད་སྤྱོད་ཡོད་པ་ལས་འཇམ་བཅད་ནི་གྲུབ་ཆེན་རྣམས་ཀྱི་ཤ་བཅད་ལས་ཚོན་མདོག་སླ་ལ་ཕྲ་བ་ཞིག་མངོན་གསལ་དོད་པ་དང་། རྩུབ་བཅད་ནི་སྲིན་ཡུལ་གྱི་བྲག་རི་གཡང་གཟར་རྣམས་པིར་ཁ་སྦོམ་ཕྲ་མང་བ་ལས་གློ་བུར་སྦོམ་ལ་གློ་བུར་ཕྲ་བའི་རྣམ་པ་མངོན། ན་བཟའི་བཅད་ནི་རིགས་ལྡན་རྒྱལ་པོ་རྣམས་ཀྱི་གྱོན་ཆས་ལས་འབུར་སར་སྦོམ་ལ་ཀོང་སར་ཕྲ་བ་དང་། ན་བཟའི་སུལ་ཁུག་ལ་ཤིན་ཏུ་སྦོམ་པ། བཅད་སྣེ་ཕྲ་ལ་ཡལ་བ་ལྟ་བུའི་ཁྱད་ཆོས་མངོན། ལོ་མའི་བཅས་ལ་ནི་ཕྱི་སྦོམ་དང་ཕྲ་བ་འབུན་བཅད་ནི་ཅུང་ཟད་སྦོམ་པ་གྲིབ་གཟུགས་མཚོན་པ་སོགས་བཅད་རྣམ་པ་ལྔ་ཚང་མ་བེད་སྤྱད་ཡོད་པ་ནི་སྨན་ལུགས་དང་ཡོངས་སུ་མཐུན་པ་མ་ཟད། གསེར་རིས་བཅད་ཁ་ཕྲ་ལ་སྐུའི་རྒྱབ་ཡོལ་དུ་འོད་ཟེར་རྒྱག་པ། རྒྱན་རིས་ཕུན་སུམ་ཚོགས་པ། བྱ་དང་རི་དྭགས་སོགས་རང་རང་གི་སྤུ་རིས་ལས་སྤུ་སེས་རྒྱག་པ་སོགས་ལས་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་རིས་དེ་ཚོའི་རི་མོའི་བྲིས་ལུགས་ནི་སྨན་ལུགས་རྙིང་མའི་བྲིས་རྒྱུན་ཡིན་པ་གསལ་བཤད་ཐུབ།
གཉིས་པ། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་རི་མོའི་ཁྱད་ཆོས་གླེང་བ།
          (༡)དེ་ཡང་རྫོང་རྒྱབ་ཀླུ་ཁང་ནི་གསང་སྔགས་ཀྱི་གཞུང་ནས་བཤད་པའི་ཀླུའི་དཀྱིལ་འཁོར་གྱི་བཀོད་པ་དང་མཐུན་པར་ཐོག་བརྩེགས་གསུམ་ལྡན་ཞིག་ཡིན་པ་ལ་ཐོག་བརྩེགས་ཁག་སོ་སོའི་ནང་ལྡེབས་བྲིས་ནང་དོན་ཁག་མི་འདྲ་བ་བཀོད་འབྲི་མཛད་ཡོད་པ་མ་ཟད། ལྡེབས་བྲིས་དེ་རྣམས་ཀྱི་རི་མོའི་བྲིས་རྒྱུན་ཁག་ལས་ཚོན་མདངས་བྱེད་སྟངས་དང་། བཅད་རྒྱག་སྟངས། མི་སྣའི་རྣམ་འགྱུར་འབྲི་སྟངས། ད་དུང་ཡུལ་ལྗོངས་ཁག་སོ་སོའི་ནང་གི་རྩི་ཤིང་དང་། མེ་ཏོག་བྲག་རི་སོགས་ཀྱི་འབྲི་རྒྱུན། རི་མོའི་བཀོད་པ་རྒྱག་སྟངས། བཅད་ཀྱི་རྣམ་པའི་པིར་ཁའི་ལྷུག་ལྷོད། བྲག་དང་ལྗོངས་ཤིང་སོགས་ཀྱི་མཐའ་རྩར་གསེར་རིས་ཀྱི་ཁ་བཅད་རྒྱག་སྟངས། ལྷག་པར་དུ་རྒྱན་རིས་ཀྱི་བཀོད་པ་ལས་སྙན་རྒྱན་དང་། མགུལ་རྒྱན། རིན་པོ་ཆེའི་དབུ་རྒྱན་སོགས་ལ་སྐྱོར་འབུར་གྱི་རི་མོ་དམིགས་བསལ་ཅན་ཞིག་བཀོད་ཡོད་པ་མ་ཟད་སྐྱོ་འབུར་རྒྱག་པའི་སྲོལ་འདི་རྣམས་རྫོང་རྒྱབ་ཀླུ་ཁང་གི་ཐོག་བརྩེགས་རིམ་པ་གསུམ་པོའི་ནང་གི་ལྡེབས་བྲིས་ཚང་མའི་ནང་མཇལ་རྒྱུ་ཡོད། གོང་བཤད་སྐྱོ་འབུར་རྒྱག་པའི་ཐབས་ལམ་འདི་རྣམས་ལས་གསལ་བཤད་ཐུབ་པར་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་རྣམས་དུས་གཅིག་ཏུ་བྲིས་པ་གསལ་ལ་པིར་མཁན་ཡང་མི་གཅིག་གིས་བྲིས་པར་སེམས། ཡིན་ཡང་རྫོང་རྒྱབ་ཀླུ་ཁང་ནང་གི་ལྡེབས་རིས་རྣམས་པིར་ཐོགས་མཁན་པོ་སུ་ཞིག་གིས་བྲིས་བཞེངས་མཛད་པ་ལོ་རྒྱུས་ཡིག་ཆ་ཁག་དང་། དགོན་པའི་དཀར་ཆག་སོགས་ད་ལྟ་བར་ཐབས་ལམ་གང་ཡོད་ཀྱིས་བཙལ་འཚོལ་བྱས་ཀྱང་ལག་སོན་མ་བྱུང་བས། འདིར་ཁ་ཚོན་གཅོད་པར་དཀའ། སྔོན་གྱི་རྒན་རབས་རྣམས་ཀྱི་ཞལ་རྒྱུན་ལྟར་ན་ལྡེབས་བྲིས་དེ་དག་ནི་སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་ཕྱག་བྲིས་ཡིན་ཟེར་བ་ལས། གོང་བཀོད་ལྟར་ལོ་རྒྱུས་ཡིག་ལམ་དུ་བཀོད་པ་ད་ལྟ་མཐོང་རྒྱུ་མེད། ཡིན་ནའང་མ་མཐོང་ཕྱིར་ན་མེད་པ་མ་ཡིན་པས་ཁོ་བོས་འདིར་སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་﹙མཚན་གཞན་ལ་ལོ་ཆེན་དྷརྨཤྲཱི་ནི་ཡང་ཟེར་﹚ཕྱག་བྲིས་ཡིན་ཟེར་རྒན་པོའི་ངག་རྒྱུན་ཙམ་ལས། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་ཁོང་གིས་བཞེངས་གནང་མཛད་པ་ལོ་རྒྱུས་ཁུངས་བཙན་ཞིག་ཡིན་པ་ཤིན་ཏུ་ནས་བརྗོད་དཀའ། སྐབས་འདིར་ཁོ་བོའི་དགེ་བའི་བཤེས་གཉེན་ཆེན་པོ་བསྟན་པ་རབ་བརྟན་ལགས་ནས་དུས་ཡུན་ལོ་དགུ་ཙམ་རིང་དཀའ་སྤྱད་འབད་འཐབ་ཀྱིས་བརྩམས་གནང་བའི་《བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་》ཞེས་པའི་ནང་“ལོ་ཆེན་དྷརྨཤྲཱི་ནིས་བྲིས་བཞེངས་མཛད་པའི་ཁོང་གི་ཕྱག་བྲིས་ཕྱག་བསྟར་མ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་པ་ནི་སྨིན་གྲོལ་གླིང་གསང་སྔགས་ཕོ་བྲང་གི་འདུ་ཁང་ཆེན་མོའི་རྒྱང་ཐོང་གཡས་གཡོན་གཉིས་ལ་གཡས་ངོས་སུ་སྟོན་པ་ཤཱཀྱ་ཐུབ་པ་གཙོ་འཁོར་གསུམ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བ། གཡོན་ངོས་སུ་སློབ་དཔོན་པདྨ་འབྱུང་གནས་ལ་རིག་འཛིན་ཆེན་པོ་བརྒྱད་དང་གཏེར་བདག་གླིང་པ་སོགས་ཀྱིས་བསྐོར་བ་དེ་བཞིན་སྒོ་འཕྱོར་འོག་ཏུ་གུ་རུ་སྣང་སྲིད་ཟིལ་གནོན་གང་གཟིགས་མ་ལ་སོགས་ངོ་མཚར་དཔལ་གྱིས་ཕྱུག་པའི་ལྡེབས་བྲིས་དེ་དག་ནི་རང་ཅག་ཕྱི་རབས་པ་ཚོའི་མིག་རྒྱན་དུ་གྱུར་ཡོད།”ཅེས་པའི་ལོ་རྒྱུས་ཚད་ལྡན་དཔང་ཡིག་ལས། ཁོ་བོར་སྐོམ་པ་ཅུ་འདོད་ལྟར་དང་། ལོང་བར་སླར་འོད་ཟེར་ཐོབ་པའི་དཔེ་ལྟར་བློ་ཁ་གསལ་ནས་ལྡེབས་བྲིས་ཁག་གཉིས་དབར་ཉམས་ཞིབ་དང་དཔྱད་པ་བྱས་པ་ལས། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་ནི་ལོ་ཆེན་དྷརྨཤྲཱི་ནིའི་ཕྱག་བྲིས་རྣལ་མ་ཡིན་པ་རེ་ཞིག་དེ་ཙམ་དུ་བཞག་ན་མི་འགྲིག་པ་མེད་པར་སེམས། ཡིན་ཡང་བློ་རྒྱ་ཡངས་པའི་མཁས་དབང་རྣམས་ཀྱིས་མུ་མཐུད་ཡང་དག་པའི་དཔྱད་པ་མཛད་རྒྱུའི་རེ་བ་ཤིན་ཏུ་ཆེ། རི་མོའི་བྲིས་བྱ་དེ་རྣམས་བྲིས་མཁན་གྱི་པིར་མཁན་ནི་སྤྱིར་བཏང་གི་ལྷ་བྲིས་པ་ཞིག་མ་ཡིན་པ་རི་མོའི་ཚད་ཤིན་ཏུ་མཐོ་པོ་ཡོད་པ་བརྩམ་བྱ་དེ་དག་གི་བྲིས་རྩལ་ལས་མཐོང་ཐུབ་པ་ནི་གསུམ་ཐོག་ལྷ་ཁང་ནང་རྫོགས་ཆེན་གྱི་རྩ་རླུང་སྐོར་བཀོད་པའི་ལྡེབས་བྲིས་རི་མོའི་རྩལ་ལམ་རི་མོའི་རྣམ་པའི་ཐོག་ནས་པིར་མཁན་འདི་གཅིག་ནས་རྩ་རླུང་རིག་པའི་ནན་ཏན་གྱི་ཆོ་ག་གཞིར་བཟུང་དབང་དང་ལུང་ཞུས་པའི་མཁས་པ་ཆེན་པོ་ཞིག་ཡིན་པ་ར་སྤྲོད་ཐུབ་ལ། གཉིས་ནས་རི་མོའི་ཉམས་འགྱུར་དང་ཚུགས་དེ་བཞིན་འགྱིངས་དང་རྣམ་འགྱུར་སོགས་འཚོ་བ་དངོས་གསལ་སྟོན་ཐུབ་པས་པིར་མཁན་འདི་ནི་སྲོལ་རྒྱུན་རི་མོའི་གཞུང་ལུགས་དང་ལག་ལེན་ཐད་དམིགས་བསལ་ཅན་གྱི་མཛད་པ་པོ་ཞིག་ཡིན་པ་གསལ་ཤེས་ཐུབ།
          གོང་གི་ལེ་ཚན་ནང་བརྗོད་པ་ལྟར་སྨན་རྙིང་གི་བྲིས་རྒྱུན་ཡིན་པའི་རྫོང་རྒྱབ་ཀླུ་ཁང་ནང་གི་ཁྱོན་ཐོག་བརྩེགས་གསུམ་ལ་དབྱེ་བའི་ཐོག་བརྩེགས་གཉིས་པའི་ལྡེབས་བྲིས་ཀྱི་བརྩམས་བྱའི་ནང་དོན་པད་མ་འོད་འབར་གྱི་རྣམ་ཐར་དང་འགྲོ་བ་བཟང་མོའི་རྣམ་ཐར་ཁག་གཉིས་ལྷ་ཁང་གཅིག་ནང་དུས་གཅིག་ཏུ་མཇལ་རྒྱུ་ཡོད་ལ་བོད་ཀྱི་དགོན་སྡེ་གཞན་དུ་དུས་དང་རྣམ་པ་ཀུན་ཏུ་མཇལ་རྒྱུ་ཡོད་པའི་སྟོན་པའི་འཁྲུངས་རབས་དང་མཛད་བརྒྱ་བཞིན་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་ཀྱང་མུ་འབྲེལ་རི་མོའི་བྲིས་རྒྱུན་གྱི་རྣམ་པ་སྤྱད་ནས་བྲིས་པ་གང་ཞིག་ད་དུང་གཞན་དགོན་སྡེའི་ལྡེབས་བྲིས་དང་མི་འདྲ་བར་རི་མོའི་ནང་དོན་ཁག་ལྡེབས་བྲིས་སྟེང་དུ་སྟབས་བདེ་བའི་གསལ་བཤད་བོད་ཡིག་ནས་ལག་བྲིས་ཀྱིས་ཡི་གེ་བྲིས་འདུག ལྷག་པར་དུ་ད་ལྟ་འོད་སྟོང་འཕྲོ་བའི་དུས་བཟང་འདིར་གཞན་མི་རིགས་དང་འདྲ་བར་གངས་རིའི་ལྗོངས་ན་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་སྐབས་དང་བསྟུན་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྒྱུ་རྩལ་སོགས་ལ་ཞིབ་འཇུག་གནང་མཁན་གྱི་སྐྱེ་བོ་རྣམས་ལ་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་ཀྱིས་དཔྱད་གཞི་ཤིན་ཏུ་ལེགས་པོ་ཞིག་མཁོ་འདོན་བྱ་ཡོད་ལ། ལྷག་པར་རྫོགས་ཆེན་རྩ་རླུང་རིག་པའི་གནས་ལ་ཞིབ་འཇུག་གནང་མཁན་རྣམས་ལ་འཚོ་བཅུད་ལྡན་པའི་ཞིམ་ཟས་གཅིག་སླར་མཁོ་འདོན་བྱས་པ་གསོས་སུ་འགྱུར་ངེས།
          རྫོང་རྒྱབ་ཀླུ་ཁང་གི་ཁྱོན་ཡོངས་ཀྱི་ལྡེབས་བྲིས་རི་མོའི་བྲིས་བྱ་ཁག་ནི་བོད་ཀྱི་རིག་གནས་ལོ་རྒྱུས་དང་། སྐྱེས་རབས་རྣམ་ཐར། རྫོགས་ཆེན་གྱི་རྩ་རླུང་། དེ་བཞིན་ཤམྦྷ་ལའི་རིགས་ལྡན་རྒྱལ་པོ་སོགས་ནང་དོན་ཁྱད་འཕགས་ཅན་བཀོད་པའི་རི་མོའི་བརྩམ་བྱ་ཕུན་སུམ་ཚོགས་པོ་ཞིག་ཡིན། དེ་ཡང་ལྡེབས་བྲིས་ཐོག་གི་རི་མོའི་མཚོན་བྱེད་ཀྱི་ནང་དོན་བཀོད་སྒྲིག་ཐད་ནས་བརྗོད་ན། 《པདྨ་འོད་འབར་》དང་《འགྲོ་བ་བཟང་མོའི་རྣམ་ཐར་》གྱི་ནང་དོན་བཀོད་པའི་ལྡེབས་བྲིས་དེ་རྣམས་ནི་དབྱིན་ཡིག་“Z”ལྟ་བུའི་དབྱིབས་ལྟར་གྱང་ངོས་དུམ་བུ་ལྔའི་ཐོག་ནང་དོན་རིམ་པ་ལྔར་བགོས་ནས་བཀོད་ཡོད་པ་དང་། གྱང་ངོས་སྟེང་གི་ལྡེབས་རིས་གཙོ་ཆེའི་ཁག་སྤྲིན་པ་དང་། ཆུ། རྩི་ཤིང་མེ་ཏོག རི་སོགས་བེད་སྤྱད་ནས་བར་གྱི་མཚམས་བཅད་འདུག་པ་དང་། སྤྱི་ཡོངས་ཀྱི་རི་མོའི་བཀོད་པ་ལ་དེས་སྐྱོན་ཆད་བྱུང་མེད་ལ་རི་མོའི་བཀོད་ཆ་མཛེས་པ་མུ་འབྲེལ་ཕན་ཚུན་བར་གྱི་འབྲེལ་བ་འཚམས་པའི་ཁྱད་ཆོས་ལྡན་པ། གསུམ་ཐོག་ལྷ་ཁང་ནང་གི་སློབ་དཔོན་པདྨས་དྲེགས་པ་དམ་ལ་བཏགས་པའི་ནང་དོན་བཀོད་འདུག་པ་ལས། ལྡེབས་བྲིས་རྣམས་གཞུང་དུ་བང་རིམ་གསུམ་དང་ཕྲེད་དུ་རིམ་པ་གསུམ་ལས་དྲེག་པ་གསུམ་པོ་དམ་ལ་མ་བཏག་གོང་གི་རྣམ་པ། དམ་ལ་འདོགས་པའི་རྣམ་པ། དམ་ལ་བཏགས་ཟིན་པའི་རྣམ་པ་བཅས་ལས་རི་མོའི་བཀོད་པ་ཤིན་ཏུ་ཕུན་སུམ་ཚོགས་ལ་ཁ་གསལ་བའི་ཁྱད་ཆོས་ཟབ་མོ་ལྡན་ཡོད།
          ﹙༢﹚ལྡེབས་བྲིས་ཀྱི་ཚོན་མདོག་ཁྱད་ཆོས་ལས། ཚོན་མདོག་གིས་མིའི་སེམས་ལ་སྤྲད་པའི་ཚོར་སྣང་བརྗོད་པ་ལ་《པདྨ་འོད་འབར་》གྱི་ནང་དོན་བཀོད་པའི་ལྡེབས་བྲིས་སུ་ཚོན་མདོག་གི་ཁྱད་པར་ལས་མི་ཡུལ་གྱི་ཡུལ་ལྗོངས་བཀོད་སྐབས་ཚོན་དྭངས་མང་ཆེ་བ་སྤང་མདོག་བཏང་སྟེ་བློ་སེམས་ཞི་ཞིང་སྤྲོ་བ་བརྟས་པའི་ཚོར་ཉམས་འདོན་པ་དང་སྲིན་ཡུལ་རྣམས་ལ་དམར་སྨུག་གི་ཚོན་མདོག་ལས་འཇིགས་སྐྲག་སྟེར་བའི་ཚོར་ཉམས་འདོན་པ་བཅས་མི་ཡུལ་དང་སྲིན་ཡུལ་གྱི་ཁྱད་པར་ཡང་མཚོན་མདོག་ལས་མངོན་ཡོད་ལ་《འགྲོ་བ་བཟང་མོའི་རྣམ་ཐར་》བཀོད་པའི་ལྡེབས་བྲིས་དེ་རྣམས་ཀྱི་གཞི་ཚོན་ནི་སྤང་ཐིང་ཤད་ཆེ་ལ་ཡུལ་ལྗོངས་ཐོག་གི་ཁང་བཟང་དང་མི་རྣམས་ཀྱི་ན་བཟའི་རིགས་རྣམས་སྤྱིར་ཚོས་གཞི་དམར་པོ་དང་ལི་ཁྲི་བེད་སྤྱད་པ། ནམ་མཁའ་ནི་སྔོ་ཞིང་དྭངས་ལ་རྡུལ་གྱི་དྲི་མ་ཙམ་ཡང་མེད་པར་མཁའ་རླུང་གཙང་མའི་ཚོར་བ་མངོན་པ་དང་ས་གཞི་ནི་ཐལ་རྡུལ་གྱི་དྲི་མ་ཙམ་ཡང་མེད་པར་ཆར་ཟིམ་བབས་པའི་རྗེས་ཀྱི་སྔོ་ལྗང་ཅན་གྱི་སྤང་ལྗོངས་སྟེང་དུ་སྨིག་རྒྱུའི་རི་མོ་མཐོང་བའི་ཚོར་བ་མངོན་པ་བཅས་ལས་ལྡེབས་བྲིས་དེ་ཚོའི་ཚོས་གཞི་ནི་གངས་ལྗོངས་ཡུལ་ནས་ཐོན་པའི་རྡོ་ཚོན་ནམ་ཡོངས་གྲགས་བོད་ཚོན་བེད་སྤྱད་ཡོད་ལ་ཚོན་མདངས་ཀྱང་སྐམ་མདངས་བེད་སྤྱད་ནས་ཁྲ་འཇམ་དཀྲུག་བརྒྱབ་ཡོད།
          དེ་ནི་གོང་དུ་བརྗོད་པ་ལྟར་སྨན་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་ཏེ་རྒྱབ་ལྗོངས་ཀྱི་ཡུལ་ལྗོངས་ལ་སོགས་པ་སྤྱིར་ཚོན་མདོག་སྤང་ཐིང་ཤས་ཆེ་བ་དང་ལྡེབས་བྲིས་ཐོག་གི་ཁང་བཟང་། མེ་ཏོག མི་སྣའི་ན་བཟའ་སོགས་ལ་སྤྱིར་ཚོན་མདོག་དམར་པོའི་རིགས་ཤད་ཆེ་བའི་ཁྱད་ཆོས་ལྡན་པ། ཚོན་མདོག་ཕུན་སུམ་ཚོགས་པ། ཚོན་མདངས་འཇམ་ཤ་དོད་པ། ཁམས་མདངས་ལ་སྲབ་ཐུག་སྙོམ་པ་བཅས་དང་། ལྷག་དོན་དུ་ཚོན་མདངས་ཀྱི་ལག་རྩལ་འབུར་དུ་མངོན་པ་ནི་རྫོང་རྒྱབ་ཀླུ་ཁང་འོག་ཐོག་བྱང་ངོས་ཀྱི་ལྷ་ཁང་ནང་བཀོད་པའི་རིགས་ལྡན་རྒྱལ་པོ་དང་བཙུན་མོ་སོགས་ཀྱི་ཞལ་རས་ཀྱི་ཤ་མདངས་དང་། ཐོག་བརྩེགས་གསུམ་པའི་རྒྱ་གར་གྱི་གྲུབ་ཆེན་ཁག་གི་ཞལ་རས་དང་སྐུ་གཟུགས། དེ་བཞིན་ལྡེབས་བྲིས་སྤྱིའི་ཐོག་བཀོད་པའི་མེ་ཏོག་སོགས་ཀྱི་ཚོན་མདངས་འཇམ་ཤ་དོད་པ་ཚོན་ཁང་སྙོམ་པ། མི་སྣའི་ཞལ་རས་དང་ལུས་ཀྱི་ཤ་གནད་མངོན་པའི་ཤ་མདངས་རྒྱས་པའི་སྐབས་སུ་མདངས་རིས་མཐོང་རྒྱུ་མེད་པའི་ཁྱད་ཆོས་སོགས་ལྡན་འདུག
          ﹙༣﹚བཅད་ཀྱི་ཁྱད་ཆོས་བརྗོད་པ་ལས་བཅད་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་སྙིང་བཅུད་ཡིན་པས་ཕྱི་སྣོད་ཀྱི་དངོས་པོ་ཕྲ་རགས་ཐམས་ཅད་དང་། ནང་བཅུད་ཀྱི་སྲོག་ལྡན་སྣ་ཚོགས། སྐྱེ་བོ་དྲག་ཞན་བར་མའི་རྒས་གཞོན། ན་བཟའ་རྒྱན་གོས་ཡོད་ཚད་ཚང་མ་བཅད་ལ་བརྟན་ནས་གཟུགས་བརྙན་གྱི་རྣམ་པ་ཇི་མ་ཇི་བཞིན་ཕྲ་ལྷམ་མེར་གསལ་ཐབས་བྱས་ཡོད་ལ། པིར་མཁན་རང་ཉིད་ཀྱི་བསམ་བློའི་འགུལ་ཤུགས་ཀྱང་ངེས་གཏན་ཞིག་བསྣན་འདུག སྤྱིར་བོད་ཀྱི་རི་མོའི་འབྲི་ལུགས་ཐད་ལ་བཅད་ཀྱི་རྣམ་པ་ལྔ་པ་དབྱེར་བ་ལས་པིར་མཁན་གྱིས་དེ་རྣམས་ལྷུག་པོར་བེད་སྤྱད་ཡོད་པ་མ་ཟད། བཅད་རྣམས་པིར་ཁ་འཁྱུག་པ་དང་། བཅད་མདའ་སྙོམས་པ། བཅད་རིས་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ལྷག་པར་དུ་སྲིན་ཡུལ་གྱི་ཡུལ་ལྗོངས་བཀོད་པ་ལ། གང་ཞིག་པིར་མཁན་གྱི་རྣམ་དཔྱོད་རྩལ་ལ་བརྟེན་ནས་བཅད་རྣམས་རྩིང་ཞིང་པིར་ཁ་ཕྲ་སྦོམ་གྱི་འགྱུར་བ་འདྲ་མིན་ལ་བརྟེན་ནས། བྲག་རི་དེ་རྣམས་ཤིན་ཏུ་ནས་མཁྲེགས་ལ་རྩུབ་པའི་གཡང་གཟར་གྲོག་རོང་གི་རྣམ་པ་ཞིག་རང་བཞིན་ངང་ནས་འཆར་ཐུབ་པ་མ་ཟད། བཅད་ལ་བརྟེན་ནས་སྲིན་ཡུལ་གྱི་སྲིན་པོ་རྣམས་ཀྱང་རྒྱུན་པར་མི་རྣམས་ཀྱི་བློ་ཡུལ་དུ་ཆགས་བཞིན་པའི་གཟུགའ་བརྙན་གྱི་རྣམ་པ་ཞིག་མངོན་ཡོད་པ་ནི་སྲིན་པོའི་མགོ་སྐྲ་རྣམས་འཛིང་ཤིང་སེང་གེའི་རལ་པ་དང་གཉིས་སུ་མ་མཆིས་པ། མགོ་ཐོད་དུ་ཐོད་སྐམ་གྱིསས་བརྒྱན་པ། མིག་སྤུ་གཟེངས་ལ་མིག་འབུར་ཚུགས་སུ་བལྟ་བ། ཁ་གདངས་མཆེ་བ་གཙིགས་ལ་ལུས་པོའི་ཤ་གནད་འབུར་ཚུགས་སུ་མངོན་ལ་མི་ལྤགས་ཀྱི་གོས་གྱོན་པ་སོགས་མཐོང་བ་ཙམ་གྱིས་སེམས་ནང་དངངས་འཚབ་སྐྱེས་ཞིང་ཟིལ་རྔམས་ལྡན་པ་ཞིང་སྣང་། 《ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་།》ནང་གསལ་བ་ལས་“སྲིན་པོ་ནི་ལྷོ་ནུབ་རྔ་ཡང་གླིང་སོགས་སུ་ཡོད་པའི་སེམས་ཅན་གྱི་རིགས། མིའི་ཤ་ཟ་ཞིང་ཁྲག་འཐུང་བ་དང་། རུས་པ་ཁྱུར་མིག་ཟ་བའི་གཅན་གཟན་ལྟ་བུ་ལ ། རྒྱན་དུ་རུས་པ་དང་མི་མགོ་སྐམ་རློན་གྱི་ཕྲེང་བ་སོགས་འདོགས་པ། གོས་སུ་མི་ལྤགས་དང་སྟག་ལྤགས་རློན་པ་གྱོན་པ།  སྦྱོར་སྒྲོལ་གྱི་ལས་སོགས་མངོན་དུ་སྤྱོད་པ་ལ་འཛེམ་པ་མེད་པ། མི་སྡུག་སྲིན་པོ་ཁྲོས་པའི་གཟུགས་ཞེས་མཐོང་བ་ཙམ་གྱིས་དངངས་སྐྲག་སྐྱེ་བ་ཞིག་ཡོད་པར་བཤད་པ་དེའོ།”ཞེས་གསུངས། འཇིག་རྟེན་མིས་ཐ་སྙད་དེ་གོ་བ་ཙམ་གྱིས་རང་བཞིན་གྱི་འཇིགས་སྣང་ཞིག་སྐྱེས་ཐུབ་པ་མ་ཟད། རང་སོར་ལུས་པོ་འདར་ཞིང་སེམས་མེད་དུ་ལུས་པ་ལྟ་བུའི་སྣང་བ་ཞིག་སྤྲད་སྲིད། སྐབས་དེར་ལྡེབས་བྲིས་ཐོག་བཀོད་པའི་སྲིན་པོའི་གཟུགས་བརྙན་ནི་གོང་སྨོས་ཀྱི་རྣམ་པ་དང་སྤྱོད་པ་མངོན་སུམ་དུ་པིར་རྩེ་ལས་ཐོན་ཏེ་ཛ་དྲག་ཅིང་རྔམ་བརྗིད་དང་ལྡན་པ་ཞིག་བཀོད་ཡོད་ལ། ད་དུང་ལྡེབས་བྲིས་ཐོག་སྲིན་པོ་ན་ཟུག་དྲག་པོས་མནར་ནས་ཤི་ལ་ཁད་པའི་རྣམ་པ་ཞིག་བྲིས་ཡོད་པ་དེ་མཐོང་དུས་པིར་མཁན་རང་ཉིད་སོ་སོའི་བློའི་རྣམ་དཔྱོད་དང་ཐུགས་རྩལ་ལ་བརྟེན་ནས་འགྲོ་དྲུག་སེམས་ཅན་གྱི་ཁོངས་སུ་གཏོགས་པའི་སྲིན་པོའི་རིགས་ནད་ཀྱིས་མནར་བ་ལས་རྒྱུན་གྱི་ཟིལ་ཤུགས་ཡོངས་སུ་ཉམས་ནས་གདོང་གི་རྣམ་འགྱུར་ཡ་ང་བ་ཞིག་བཀོད་ཡོད་ལ་འཁོར་བའི་སེམས་ཅན་གྱི་སྤྱི་མཐུན་ལྟར་སྡུག་བསྔལ་གྱི་རྒྱུ་དང་ཕྲད་པའི་སྐབས་འཇིགས་རུང་སྙིང་རྗེ་དང་བྲལ་བའི་སྲིན་པོ་ཡང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་བཟོད་པར་དཀའ་བའི་ཡ་ང་སྙིང་རྗེའི་ཡུལ་དུ་འགྱུར་བའི་རྣམ་པ་ཞིག་བསྟན་ཡོད། དེ་བཞིན་རྫོང་རྒྱབ་ཀླུ་ཁང་གི་ཐོག་བརྩེགས་གསུམ་པའི་ལྡེབས་བྲིས་རྩ་རླུང་ལུས་སྦྱོང་སྐོར་གྱི་རི་མོ་ནི་ཤིན་ཏུ་ནས་གསོན་ཉམས་དོད་ཅིང་། འགྱིང་དང་རྣམ་འགྱུར་ཁག་ཆེད་དམིགས་བསལ་ཅན་གྱི་རྣམ་པ་མངོན་པ་མ་ཟད། ལུས་ཀྱི་ཉམས་འགྱུར་དང་། འགུལ་སྐྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་པ། ལུས་ཀྱི་སྟངས་སྟབས་སོགས་བདེ་ཞིང་འཁྱུགས་པ་ནི་ལུས་སྦྱོང་པས་རང་གི་ལུས་ཀྱི་རྣམ་པ་ངོམས་པ་དང་གཅིག་མཚུངས་སུ་གནས།
          ﹙༤﹚རྒྱན་རིས་གསེར་རིས་བརྗོད་པའི་སྐབས་སུ་འབབ་པ་ལ། རྫོང་རྒྱབ་ཀླུ་ཁང་ཐོག་བརྩེགས་དང་པོའི་བྱང་ངོས་ལྷ་ཁང་ནང་གི་རིགས་ལྡན་རྒྱལ་པོ་རྣམས་བཀོད་པའི་ལྡེབས་རིས་ཁྲོད་ན་བཟའི་གསེར་རིས་རྣམས་བཅད་ཁ་ཕྲ་ལ་ཕུན་ཚོགས་པ། སྙན་རྒྱན་དང་། མགུལ་རྒྱན། རིན་པོ་ཆེའི་དབུ་རྒྱན་སོགས་ལ་སྐྱོ་འབུར་གྱི་ཐབས་ནས་རྒྱན་སྤྲོས་གྲ་རྒྱས་བྱས་འདུག་པ་ལ་སྐྱོ་འབུར་ཐོག་གསེར་བཏང་བ་དང་། ལྷག་པར་དུ་ཐོག་བརྩེགས་གཉིས་པའི་ལྡེབས་བྲིས་ནང་དོན་ཐད་《པདྨ་འོད་འབར་གྱི་རྣམ་ཐར་》དང་《འགྲོ་བ་བཟང་མོའི་རྣམ་ཐར་》བཀོད་ཡོད་པ་ལས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོའི་ཞལ་རས་ལ་ཞལ་གསེར་བཏང་ནས་གཙོ་ཕལ་གྱི་དབྱེ་བ་ཁ་གསལ་བ། ལྷག་དོན་དུ་ལྡེབས་རིས་སྤྱིའི་ཐོག་གི་བྲག་རི་དང་ལོ་མའི་ཁ་བཅད་སོགས་ལས་གསེར་རིས་ཕུན་སུམ་ཚོགས་ལ་ཞིབ་ཚགས་པ་ཞིག་མངོན།
          ﹙༥﹚ལྗོན་ཤིང་གི་རིགས་རང་བྱུང་གི་རྣམ་པར་ཉམས་ཞིབ་གཟབ་ནན་བྱས་ཡོད་པར་བརྟེན་འབྲི་ཆ་ཕུན་སུམ་ཚོགས་པའི་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་ནང་ཁྱད་ཆོས་དམིགས་བསལ་ཅན་ཞིག་ཡིན་ལ། པིར་མཁན་གྱིས་ལྡེབས་བྲིས་སྤྱི་ཡོངས་ཀྱི་ནང་རྩི་ཤིང་རིགས་ཀྱི་མཚོན་ཐབས་ནི་བློ་བཀོད་ཕུན་སུམ་ཚོགས་ཤོས་ཤིག་ཡིན། ལྡེབས་བྲིས་ཐོག་གིས་མཚོན་ཐབས་རིགས་ཀྱི་ཕུན་སུམ་ཚོགས་ལོས་དང་། ཆོས་ཉིད་རང་བཞིན། དེ་བཞིན་སྐྱེ་དངོས་ཀྱིས་མཛེས་རྒྱན་སྤྲོད་ལུགས་སོགས་ཀྱི་ཐོག་ནས། པིར་མཁན་གྱིས་གསར་རྩོམ་བྱེད་པའི་བརྒྱུད་རིམ་ནང་དེ་རིགས་ཀྱི་མཚོན་ཐབས་གལ་ཆེན་པོར་བཟུང་ཡོད། རྩི་ཤིང་མེ་ཏོག་གི་རིགས་འབྲི་བ་ནི་ལྡེབས་བྲིས་ཁྲོད་ཆེ་མང་བ་ཞིག་ཡིན། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་སུ་ཡང་རྩི་ཤིང་མེ་ཏོག་སོགས་ཧ་ཅང་གི་མང་པོ་དང་ཕུན་སུམ་ཚོགས་པོ་བྲིས་ཡོད། ལྷག་དོན་དུ་ཐོག་བརྩེགས་གཉིས་པའི་ལྷ་ཁང་ནང་གི་ལྡེབས་བྲིས་སུ་ལྗོན་ཤིང་གི་རིགས་ནི་དེ་བས་ཕུན་སུམ་ཚོགས་པ་དང་གྲ་རྒྱས་པ་ཞིག་བྲིས་ཡོད་པ་ལས། ལྗོན་ཤིང་དེ་རྣམས་ནི་རང་བྱུང་དངོས་འབྲིའི་རྣམ་པའི་ཐོག་ནས་ཕྱོགས་བསྡོམས་བྱས་པས་དེ་དག་སྐྱེ་ལུགས་ཀྱི་ཆོས་ཉིད་མཚོན་པ་མ་ཟད། སྒྱུ་རྩལ་གྱི་བརྩམས་བྱ་ཡང་མང་པོ་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་བྱུང་བ་རེད། སྒྱུ་རྩལ་གྱི་གསར་རྩོམ་བྱས་པའི་འབྲས་བུ་ཡང་མངོན་ལ་པིར་མཁན་གྱིས་ལྡེབས་བྲིས་དེ་གཉིས་པོའི་ནང་དོན་ལས་ཚ་བའི་ཡུལ་དུ་རྩི་ཤིང་མེ་ཏོག་མང་བ་ལ་བརྟེན་ནས་ལྡེབས་བྲིས་ཐོག་ཤིང་སྣ་ཕུན་སུམ་ཚོགས་པ་བྲིས་པ་ཡིན་ནམ་སྙམ།
          རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་དེ་རྣམས་ནི་གོང་བརྗོད་ལྟར་འབྲི་རྩལ་ཟབ་ཅིང་ནན་ལ་ཞིབ་ཚགས་པ། མི་སྣ་དང་ཡུལ་ལྗོངས་བཀོད་པ་གཉིས་ཕན་ཚུན་འཚམས་པ། མཛེས་བཀོད་དང་རྒྱན་རིས་ཕུན་སུམ་ཚོགས་པ། མི་སྣའི་རྣམ་འགྱུར་གྱིས་བསམ་པའི་བརྩེ་དུང་ལེགས་པོ་མཚོན་ཐུབ་པ་སོགས་བཟོ་བཀོད་དེ་རིགས་ནི་རང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་ནི་རང་ཅག་ཚོའི་འདྲེན་བྱེད་ཀྱི་ཡུལ་དུ་ལྷམ་མེར་གསལ།
གསུམ་པ། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་དེ་བོད་ཀྱི་རི་མོའི་ལོ་རྒྱུས་ཐོག་གི་གནས་བབ་བརྗོད་པ།
          རང་རེའི་ཁ་བའི་ལྗོངས་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་གི་རི་མོ་མཁས་ཅན་མང་དག་ཞིག་གིས་དུས་ཡུན་རིང་པོའི་ནང་གསར་རྩོམ་དང་། ལག་ལེན་གྱི་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་དང་བསྡུ་རུབ་བྱས་པ་བརྒྱུད་སྒྱུ་རྩལ་གྱི་སྙིང་བཅུད་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་ཏེ་འཕེལ་རྒྱས་གཏོང་གནང་མཛད་པ་དང་འབྲེལ་ཁྱད་ཆོས་མངོན་པར་གསལ་བའི་རི་མོའི་གྲུབ་མཐའ་ཁག་ཀྱང་རིམ་བཞིན་ཐོན་པ་མ་ཟད། སྒྱུ་རྩལ་གྱི་བརྩམས་བྱ་དེ་དག་ཐོག་ནས་བོད་ཀྱི་དུས་རབས་སོ་སོའི་ནང་གི་རི་མོའི་ཁྱད་ཆོས་མངོན་ཐུབ་ལ། བོད་ཀྱི་རི་མོའི་ལོ་རྒྱུས་ཐོག་མེད་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཤིག་ཀྱང་ཡིན། དེར་བརྟེན་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་སྒྱུ་རྩལ་ལས་དུས་རབས་༡༨ནང་བོད་ཀྱི་རི་མོའི་ཁྱད་ཆོས་མཚོན་ཐུབ་ལ་དུས་རབས་༡༧དང་༡༨ནི་སྨན་ལུགས་བྲིས་རྒྱུན་ཆུ་ཚད་རྩེར་སོན་པའི་དུས་ཞིག་ཡིན། དུས་རབས་༡༧ཕོ་བྲང་པོ་ཏ་ལའི་ཕོ་བྲང་དཀར་པོ་དང་དམར་པོ་གཉིས་བཞེངས་རྗེས་ལྡེབས་བྲིས་སུ་སྨན་ལུགས་ཀྱི་བྲིས་རྒྱུན་རི་མོའི་པིར་མཁན་ཕུལ་དུ་བྱུང་བ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དང་། ལྷོ་བྲག་བསྟན་འཛིན་ནོར་བུ། དབུ་ཆེན་སྨན་ཐང་པ་མགོན་པོ་ཚེ་དབང་། ཕོ་བྲང་ཕུན་ཚོགས། ལྷ་ས་རགས་ཁ་བ་འཇམ་དབྱངས་དབང་པོ་སོགས་རི་མོ་སྐད་གྲགས་ཅན་མང་པོ་ཟམ་མི་ཆད་པར་བྱོན་པ་མ་ཟད། ཁོང་རྣམ་པའི་བརྩམས་ཆོས་ཀྱང་བོད་ཁུལ་ཕལ་མོ་ཆེར་ཁྱབ་སྟེ་དུས་ད་ལྟ་ཡང་མི་ཚོས་གནས་གང་སར་སྨན་བྲིས་ཀྱི་བརྩམས་ཆོས་མཇལ་ཐུབ། སྨན་ལུགས་ཀྱི་བྲིས་རྒྱུན་ནི་དགའ་ལྡན་ཕོ་བྲང་སྐབས་ཀྱི་ཚད་ལྡན་གྱི་འབྲི་རྒྱུན་ཞིག་ཏུ་གྱུར་བ་ནི་ཕྱིས་སུ་“གཞུང་བྲིས་”ཞེས་འབོད་སྲོལ་ཡང་ཆགས་པ་ལྟར་གཞུང་ཕྱོག་ནས་ཐད་ཀར་སྨན་ལུགས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བས། ས་ཕྱོགས་གང་སར་སྨན་ལུགས་ཀྱི་བྲིས་རྒྱུན་དར་ཏེ་གྲུབ་མཐའ་གཞན་ལས་ཀྱང་འགྲོ་དོན་ལྷག་པར་ཆེ་བ་བྱུང་། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་དེ་རྣམས་ནི་དུས་རབས་༡༨པའི་ནང་བོད་ཀྱི་སྨན་ལུགས་རི་མོའི་བྲིས་རྒྱུན་གྱི་བརྩམ་བྱ་ཞིག་ཡིན་པ་མ་ཟད་བརྩམ་བྱ་དེ་དག་གི་ནང་དོན་དང་རི་མོའི་ཁྱད་ཆོས་ལ་ཆེས་མཐོའི་ཞིབ་འཇུག་གི་རིན་ཐང་ལྡན་པ་ནི་ལྡེབས་བྲིས་དེ་དག་ལས་སྨན་ལུགས་བྲིས་རྒྱུན་གྱི་ལོ་རྒྱུས་འཕེལ་རིམ་ཤེས་རྟོགས་ཐུབ་ལ། ལྷག་དོན་དུ་ལྡེབས་བྲིས་དེ་ཚོའི་ནང་དོན་འགའ་རེ་ནི་ད་ཡོད་བོད་ཀྱི་རི་མོའི་ལོ་རྒྱུས་ཐོག་ཡིན་པས་བོད་ཀྱི་རི་མོའི་ལོ་རྒྱུས་ཐོག་ཆེས་མཐོང་དཀའ་བའི་བརྩམ་བྱའི་ནང་དོན་ཞིག་ཡིན་པས་བོད་ཀྱི་རི་མོའི་ལོ་རྒྱུས་ཐོག་ནང་དོན་གསར་པ་ཞིག་ཁ་སྣོན་བྱས་ཡོད་པ་མ་ཟད། བོད་ཀྱི་ཆོས་ལུགས་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཚོར་རྩ་ཆེའི་དཔྱད་གཞི་ཞིག་མཁོ་འདོན་བྱས་ཡོད།
          མཇུག་བསྡུའི་གཏམ།
          དེ་ཡང་ལྷ་སའི་རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ་འདིའི་ནང་རྫོང་རྒྱབ་ཀླུ་ཁང་གི་མིང་གི་བྱུང་ཚུལ་དང་། ལྷ་ཁང་དེ་ཐོག་མར་ཕྱག་བཏབ་པའི་དུས་ཚོད་སོགས་འབྲེལ་ཡོད་ཀྱི་ལོ་རྒྱུས་ཁག་ལ་དཔྱད་པ་རགས་རྩོམ་བྱས་རྗེས། རྫོང་རྒྱབ་ཀླུ་ཁང་གི་ལྡེབས་བྲིས་ནང་དོན་དང་ཁྱད་ཆོས་ལ་དཔྱད་གཞིའི་རྒྱུ་ཆ་གཞིར་བཟུང་ལུང་རིགས་གཉིས་ཀྱི་དཔྱད་པ་ཅུང་ཞིབ་ཚགས་བྱས་ཡོད། དེ་ཡང་ལྡེབས་བྲིས་བྱུང་བའི་དུས་ཚོད་ཀྱི་གོ་རིམ་གཞིར་བཟུང་ཐོག་བརྩེགས་དང་པོའི་ལྷ་ཁང་ནུབ་མ་དང་། ཐོག་བརྩེགས་གཉིས་པའི་ལྷ་ཁང་། ཐོག་བརྩེགས་གསུམ་པའི་ལྷ་ཁང་བཅས་སུ་ཡོད་པའི་ལྡེབས་བྲིས་རྣམས་དུས་སྔ་བའི་ལྡེབས་བྲིས་དང་། ནང་སྒོའི་གཡས་གཡོན་གྱི་ལྡེབས་བྲིས་དེ་དག་དུས་ཕྱིས་ཀྱི་ལྡེབས་བྲིས་ཡིན་པར་བཞག་ནས་གཙོ་བོ་དུས་སྔ་བའི་ལྡེབས་བྲིས་དེ་རྣམས་ཀྱི་ནང་དོན་དང་རི་མོའི་ཁྱད་ཆོས་སོགས་ལ་གང་ནུས་ཀྱིས་དཔྱད་པ་བྱས་ཡོད།
          སྤྱིར་ན། དཔྱད་གཞིའི་ཡིག་ཆའི་ཚད་བཀག་དང་རང་གི་ཡོན་ཚད་དམན་པས། ཚད་མཐོ་ས་ནས་གླེང་ན། ངོ་སྤྲོད་དང་གསལ་བཤད་ཙམ་ལས་ཞིབ་འཇུག་མཐར་ཕྱིན་པ་ཡོང་དཀའ་བས་མཁྱེན་དཔྱོད་ཡངས་པའི་མཁས་དབང་རྣམས་ནས་དཔྱད་རྩོམ་ནང་གི་ནོར་འཁྲུལ་གྱི་ཆ་དག་ལ་སྐྱོན་བཅོས་དང་བཀའ་སློབ་དགོངས་འཆར་ལྷུག་སྩོལ་ཡོང་བར་མཁྱེན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716