སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་སྲོལ་རྒྱུན་ལྡེབས་རིས་འབྲི་ཚུལ་ལ་དཔྱད་པ།
སྤེལ་དུས། 2017-12-04   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  ནོར་བུ་སྲིད་ཐར།
          གནད་བསྡུས། བོད་ཀྱི་སྲོལ་རྒྱུན་ལྡེབས་རིས་སྒྱུ་རྩལ་ནི་འཛམ་གླིང་གི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་གནང་མཁན་ཚང་མས་དམིགས་བསལ་གྱི་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཡིན་པ་མ་ཟད།དེའི་སྙན་གྲགས་གོ་ལའི་ཁྱོན་ལ་ཁྱབ་ཞེས་བརྗོད་ཆོག འོན་ཏེ་གཞོན་སྐྱེས་རི་མོ་བ་མང་པོས་སྔར་སྲོལ་བཟང་པོ་རྣམས་ལ་ཇི་བཞིན་མི་བརྩི་བར་ལྡེབས་རིས་འབྲི་བཞེངས་ཀྱི་ལས་རིམ་ཁག་གང་དྲན་སྟབས་བདེ་ཁོ་ན་བྱས་པར་བརྟེན།སྲོལ་རྒྱུན་གྱི་ཕྱག་སྲོལ་མང་པོ་ཞིག་ཉམས་འགྲིབ་ཏུ་འགྲོ་བའི་སྣང་ཚུལ་ཚབ་ཆེན་ཐོན་བཞིན་ཡོད། དེས་ན་སློབ་དཔོན་དམ་པའི་རྩ་ཆེའི་མན་ངག་དང་ལོ་མང་ལྡེབས་རིས་སྒྱུ་རྩལ་གྱི་ལས་ཀ་བྱས་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་ཀྱིས་ལྡེབས་རིས་དར་ཚུལ་དང་། འབྲི་ཡུལ་གྱི་ཞལ་བ། ལྡེབས་རིས་དངོས་ཀྱི་འབྲི་ཚུལ། སྔ་ཕྱིའི་ལས་རིམ་སོགས་ཀྱི་སྐོར་ལ་དཔྱད་གླེང་བྱས་ཡོད།
          གནད་ཚིག ལྡེབས་རིས། ཞལ་བ། སྐྱ་རིས། སྐྱོ་འབུར། ཚོན་མདངས། མཇུག་སྐྱོངས། འཛུགས་བར་གྲོལ་གསུམ།
          གླེང་གཞི། ལྡེབས་རིས་སྒྱུ་རྩལ་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་བརྩམ་བྱ་གལ་ཆེན་ཞིག་ཡིན་ཅིང་།དེ་ནི་གྱང་ལྡེབས་སུ་འབྲི་དགོས་ཀྱི་ཡོད་པར་བརྟེན་ལྡེབས་རིས་ཞེས་མིང་ཐོགས། ལྡེབས་རིས་སྒྱུ་རྩལ་གྱི་ལོ་རྒྱུས་ཡུན་རིང་ལ་སྒྱུ་རྩལ་དང་། རྒྱུ་ཆ། ནང་དོན་སོགས་ལས་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་མངོན་གསལ་དུ་མཐོང་རྒྱུ་ཡོད་པར་བརྟེན། འཛམ་གླིང་གི་རི་མོའི་སྒྱུ་རྩལ་གར་སྟེགས་ཐོག་གནས་བབ་ངེས་ཅན་བཟུང་ཐུབ་ཡོད། དེར་བརྟེན་ད་ལྟ་མཇལ་ཡུལ་དུ་བཞུགས་པའི་ལྡེབས་རིས་ཀྱི་བརྩམ་བྱ་དེ་རྣམས་ལ་རྒྱལ་ཁབ་ཕྱི་ནང་གང་ས་ནས་དཔལ་འབྱོར་གྱི་འགྲོ་སོང་དང་ལུས་པོའི་དཀའ་ངལ་སོགས་ལ་མ་འཛེམ་པར་ལྟ་སྐོར་དང་། ཞིབ་འཇུག སློབ་སྦྱོང་སོགས་གནང་བར་ཕེབས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་ང་ཚོའི་དགའ་འོས་པའི་བྱ་བ་ཞིག་དང་སྤོབས་པ་སྐྱེ་འོས་པ་ཞིག་ཀྱང་རེད། འོན་ཏེ་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ལྡེབས་རིས་འབྲི་ཡུལ་གྱི་གྱང་ཇི་ལྟར་བཟོ་དགོས་མིན་དང་། ལྡེབས་རིས་གང་འདྲ་འབྲི་དགོས་མིན་གྱི་སྔ་ཕྱིའི་རིམ་པ། འཆར་བཀོད་བྱེད་ཚུལ། རྒྱུ་ཆ་ཇི་ལྟར་སྤྱོད་དགོས་མིན་སོགས་ཀྱི་ལག་ལེན་རྒྱུན་འཛིན་དང་སློབ་འཁྲིད་གནང་ཐུབ་མཁན་ཇི་ཙམ་ཡོད་མིན་ཐད་དོ་སྣང་དང་ཐུགས་འཁུར་ཆེན་པོ་བྱ་དགོས་པར་གྱུར་ཡོད། རྒྱུ་མཚན་ནི།མི་མང་པོས་ལྡེབས་རིས་འབྲི་རྒྱུ་ནི་ཐང་ཁ་འབྲི་རྒྱུ་དང་གཅིག་མཚུངས་ཙམ་ལས་ལྡེབས་རིས་འབྲི་རྒྱུར་དམིགས་བསལ་གྱི་བྱ་ཐབས་མེད་པར་ངོས་འཛིན་པ་དང་།དེང་དུས་གསར་བསྐྲུན་བྱས་དང་བྱ་བཞིན་པའི་དགོན་སྡེ་མང་པོའི་ལྡེབས་རིས་འབྲི་བཞེངས་ཀྱང་སྦྱིན་བདག་དང་ལག་རྩལ་པ་གཉིས་ཀས་སྟབས་བདེ་ཁོ་ན་གཙོར་བཟུང་ལས་དེའི་དགེ་སྐྱོན་ལ་བསམ་བློ་མི་གཏོང་བར་ལྡེབས་རིས་རས་གཞིའི་སྟེང་བྲིས་ནས་གྱང་ལ་སྦྱོར་བ་ལས། སྔར་སྲོལ་གྱི་ཕྱག་ལེན་བཞིན་ལྡེབས་རིས་འབྲི་བཞེངས་གནང་མཁན་ཉུང་བ། དེ་བཞིན་ཆེད་དུ་ལྡེབས་རིས་སྐོར་ལ་ཞིབ་འཇུག་གཏིང་གཟབ་བྱས་པའི་དཔྱད་རྩོམ་མཐོང་དཀོན་པ་སོགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྔར་གྱི་ལྡེབས་རིས་འབྲི་བཞེངས་ཀྱི་ཕྱག་སྲོལ་རིན་ཐང་བྲལ་བ་དེ་མི་རིང་བར་རྒྱུས་མངའ་རྩ་བ་ནས་མེད་པར་གྱུར་རྒྱུ་འདོན་མི་ཟ་བར་མཐོང་། དེས་ན་བོད་ཀྱི་སྲོལ་རྒྱུན་ལྡེབས་རིས་འབྲི་བཞེངས་ཀྱི་ཕྱག་སྲོལ་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུད་འཛིན་ངང་གོང་འཕེལ་ཡོང་ཆེད་གཞོན་སྐྱེས་ཀྱི་རི་མོ་བ་ལྡེབས་རིས་སྒྱུ་རྩལ་གྱི་ལས་ལ་འཇུག་པར་སྤྲོ་བ་རྣམས་ཀྱི་སློབ་གཞི་དང་། ལྡེབས་རིས་ཀྱི་རིག་གཞུང་ལོ་རྒྱུས་ཐད་ཞིབ་འཇུག་གནང་མཁན་རྣམས་ལ་དཔྱད་གཞིར་ཕན་རེའི་བསམ་པས་ཀུན་ནས་བསླངས་ཏེ། སློབ་དཔོན་གྱིས་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བའི་རྩ་ཆེའི་མན་ངག་དང་ལག་ལེན་དངོས་ལས་ཐོབ་པའི་ཉམས་མྱོང་ཕྱོགས་བསྡོམས་དང་སྦྲགས་དེའི་ཐད་ཞིབ་འཇུག་བྱས་པའི་མཇུག་འབྲས་རྣམས་དོན་ཚན་ཆེ་བ་དྲུག་ལ་དབྱེ་ནས་ཡི་གེའི་ལམ་དུ་འགོད་པ་ལ།
          དང་པོ། ལྡེབས་རིས་ཀྱི་ཐ་སྙད་ཐོགས་ཚུལ་དང་དར་ཚུལ་རགས་གླེང་།
          གཅིག ལྡེབས་རིས་ཞེས་པའི་ཐ་སྙད་ཇི་ལྟར་བྱུང་ཚུལ། ལྡེབས་རིས་ནི་གྱང་ལྡེབས་སམ་ཤིང་བཟོས་གྱང་ཚབ་སོགས་ཀྱི་སྟེང་རི་མོའི་ནང་དོན་གང་རུང་ཞིག་ཚོན་ཁྲའམ། ཚོན་གཉིས་མ་སོགས་རི་མོའི་འབྲི་ཐབས་སྣ་ཚོགས་སྤྱད་དེ་བྲིས་པའི་རི་མོའི་རིགས་ལ་ཟེར་ཞིང་།   དེ་ནི་བྱ་བའི་ཡུལ་གྱང་ལྡེབས་སུ་བྱ་བ་རི་མོའི་ལས་བྱས་པ་ལ་བརྟེན་ནས་ལྡེབས་རིས་ཞེས་རྗེས་གྲུབ་ཏུ་ཐོགས་པ་ཞིག་ཡིན། འདི་ལྟ་བུའི་རི་མོ་འབྲི་ཚུལ་ནི་འཛམ་གླིང་གི་ཡུལ་གྲུ་མང་པོར་དར་ཡོད་མོད།   རང་རེའི་བོད་ཀྱི་ལྡེབས་རིས་ལྟ་བུའི་ལག་རྩལ་དང་། བརྗོད་བྱ། རྒྱུ་ཆ། བེད་སྤྱོད།    ཁྱབ་ཁོངས་སོགས་གང་ཐད་ལ་བོད་མི་རིགས་ཀྱི་དམིགས་བསལ་རིག་གནས་ཀྱི་ཁྱད་ཆོས་མང་པོ་ལྡན་ཡོད་པ་ནི་ཀུན་གྱིས་མཁྱེན་ཆོས་ལྟར་ལགས། 
          གཉིས། ལྡེབས་རིས་ཇི་ལྟར་དར་ཚུལ་རགས་བསྡུས། ལྡེབས་རིས་འབྲི་སྲོལ་ཇི་ལྟར་དར་བའི་ཚུལ་ལ་འཛམ་གླིང་གི་ཡུལ་གྲུ་ཁག་དང་མི་རིགས་སོ་སོའི་ལོ་རྒྱུས་དང་ཤོད་རྒྱུན་མི་འདྲ་བ་མང་དུ་ཡོད་པ་ནི་སྨྲ་མི་དགོས་ཤིང་།     རང་ཅག་ཁ་བ་གངས་ཅན་གྱི་ལྗོངས་ལ་མཚོན་ན།    ཐོག་མར་མིའི་འགྲོ་བ་བྱུང་བ་དང་དེ་ནས་ལོ་རྒྱུས་ཀྱི་དུས་རིམ་མང་པོ་ཞིག་འདས་རྗེས་ཀྱི་རྡོ་ཆས་གསར་མའི་དུས་རབས་སུ་བྱུང་བའི་རྡོ་ཆས་དང་རུས་ཆས།   རྫ་ཆས་སོགས་ཀྱི་སྟེང་རི་མོའི་འབྲི་ཚུལ་སྣ་ཚོགས་པ་ཞིག་བྱུང་བ་སོགས་ལ་དཔྱད་ཚེ།      དུས་དེ་ཙམ་ནས་གངས་ཅན་གྱི་ཡུལ་གྲུ་འདིར་མཛེས་རིས་སྒྱུ་རྩལ་དར་འགོ་ཚུགས་ཟིན་པ་མ་ཟད་ཆུ་ཚད་ཀྱང་ངེས་ཅན་ཞིག་ལ་སླེབས་ཡོད་པ་ཤེས་ཐུབ།     དེ་ནས་རིམ་བཞིན་གཡུང་དྲུང་བོན་གྱི་བསྟན་པ་དར་ཁྱབ་བྱུང་བའི་སྐབས་སུ་ཡང་།   བོན་ཆོས་དང་འབྲེལ་བའི་རི་མོའི་སྒྱུ་རྩལ་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཡོད་ཅེས་བོན་གྱི་ལོ་རྒྱུས་ནང་བཀོད་ཡོད།   འོན་ཏེ་སྐབས་དེ་དག་གི་བརྩམ་བྱ་ད་བར་ཁོ་བོས་མིག་ལམ་དུ་མ་གྱུར་བས་འདིར་རྒྱས་བཤད་ཞུ་སྤོབས་བྲལ། རིམ་བཞིན་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་དང་ཉི་ཤུ་རྩ་དྲུག་པར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་ཕོ་བྲང་ཡུཾ་བུ་བླ་སྒང་གསར་བཞེངས་གནང་བ་དང་།    ཕོ་བྲང་ནང་གི་གྱང་ལྡེབས་སུ་གཉའ་ཁྲི་བཙན་པོ་རྒྱལ་པོའི་ཁྲིར་འཁོད་ཚུལ་གྱི་ལྡེབས་རིས་རྣམས་བོད་མི་རང་གིས་བྲིས་པའི་སྐོར་ལོ་རྒྱུས་ཀྱི་དེབ་ཐེར་ཁག་གཅིག་དང་དམངས་ཁྲོད་དུ་ཤོད་སྲོལ་ཡོད་པར་གཞིགས་ན།   དུས་དེ་ཙམ་ནས་བཟུང་གངས་ལྗོངས་འདིར་ལྡེབས་རིས་འབྲི་སྲོལ་བྱུང་བར་དཔོག་ནུས། དེ་རྗེས་བོད་རྒྱལ་རིམ་བྱོན་གྱིས་སོ་སོའི་མཛད་འཕྲིན་དང་མཐུན་པའི་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཡོད་ལ།      ལྷག་པར་སྤྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་དུ་ནང་ཆོས་དར་སྤེལ་བཏང་གནང་བ་དང་།      ལྷ་ལྡན་གཙུག་ལག་ཁང་གི་གཙོས་ཁྲ་འབྲུག་གཙུག་ལག་ཁང་ལ་སོགས་པའི་གཙུག་ལག་ཁང་དང་ལྷ་ཁང་མང་པོ་གསར་བཞེངས་མཛད་དེ་གཙུག་ལག་ཁང་དང་ལྷ་ཁང་དེ་ཚོའི་ནང་གི་གྱང་ལྡེབས་སུ་ནང་ཆོས་དང་འབྲེལ་བའི་ཚར་དུ་དངར་བའི་ལྡེབས་རིས་མང་པོ་འབྲི་རུ་བཅུག་གནང་བ་ནས་ད་བར་རྒྱུད་འཛིན་དང་འཕེལ་རྒྱས་བྱུང་ཡོད་པར་སྙམ།
          གཉིས་པ། ལྡེབས་རིས་འབྲི་ཡུལ་གྱི་ཞལ་བའི་སྐོར།
          གཅིག   ལྡེབས་རིས་འབྲི་ཡུལ་གྱི་ཞལ་བའི་གནས་བབ། ཞལ་བ་ནི་ལྡེབས་རིས་ཀྱི་སྤུས་ཚད་གང་འདྲ་ཞིག་ཡོང་མིན་གྱི་རྩ་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།   དེར་བརྟེན་ཞལ་བའི་ས་རྒྱུ་དང་།  གོ་རིམ། ལག་ལེན་སོགས་ཚད་དང་ལྡན་པ་དགོས་རྒྱུར་དམིགས་བསལ་གྱི་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད་ལ། ཞལ་བ་རྒྱག་མཁན་གྱི་ལག་རྩལ་དང་ཉམས་མྱོང་ཆེ་བ་ཁག་གཅིག་ལ་ཞལ་དཔོན་ནམ་ཞལ་དཔོན་ཆེ་མོ་བ་ཞེས་པའི་མིང་ཐོབ་ཀྱང་གནང་སྲོལ་ཡོད།     དེ་ཡང་མེས་པོའི་སྲོལ་རྒྱུན་ལྟར་ན་ལྡེབས་རིས་འབྲི་ཡུལ་གྱི་ཞལ་བ་ཚད་ལྡན་རྣམས་ལ་ཞལ་བ་རིམ་པ་གསུམ་རྒྱག་དགོས་ཀྱི་ཡོད་པ་སྟེ། ཐོག་མར་རྨིག་འདག་དང་།  བར་དུ་རྩུབ་ཞལ།    མཐའ་མར་འཇམ་ཞལ་བཅས་ཡིན། 
          གཉིས།    རྨིག་འདག་རྒྱག་ཚུལ། ཐོག་མར་རྩིག་ངོས་ཀྱི་སྲུབས་ཀ་འགོག་ཆེད་རྨིག་འདག་རྒྱག་དགོས་ཅིང་། རྨིག་འདག་གི་ས་རྒྱུ་ནི། ས་རྩི་ཅུང་ཆེ་ཙམ་ཡོད་པ་ཞིག་དགོས་ལ། སོལ་བ་ཞིབ་ཞིབ་བསྲེས་ཏེ་ཟེ་ཚྭ་འགོག་ཐབས་བྱེད་སྲོལ་ཀྱང་ཡོད། ས་དེ་འདག་བག་བཟོས་ཏེ་རྩིག་པའི་སྲུབས་དང་། རྩིག་ངོས་ཀྱོང་ས་རྣམས་སུ་བྱུགས་ཏེ་ངོས་སྙོམས་པོ་བཟོ་དགོས་པ་དེ་རེད། 
          གསུམ། རྩུབ་ཞལ་རྒྱག་ཚུལ། རྨིག་འདག་སྐམ་རྗེས་རྩུབ་ཞལ་རྒྱག་དགོས། རྩུབ་ཞལ་གྱི་ས་རྒྱུ་ནི་འཇམ་ཞལ་རྒྱག་ཆེད་བཙགས་པའི་བྱེ་མའི་བཙག་རོ་འམ་བྱེ་མ་ཧྲོབ་ཙམ་དེ་དང་། རྨིག་འདག་རྒྱག་བྱེད་ཀྱི་ས་རྩི་ཅུང་ཆེ་ཙམ་ཡོད་པ་དེ་གཉིས་ཡིན། འདིའི་སྐབས་ཁ་ཤས་ཀྱིས་གཟན་པ་འམ་རྩྭ་དྲེས་མ་ཕྲན་བུ་བསྲེས་ཏེ་ཞལ་བ་མ་གས་པའི་ཐབས་ལ་འབད་དགོས།      ས་དེ་གཉིས་མང་ཉུང་ཇི་ལྟར་བསྲེ་དགོས་མིན་ནི།    འཇམ་ཞལ་རྒྱག་ཆེད་བཙགས་པའི་བྱེ་མའི་བཙག་རོ་འམ་བྱེ་མ་ཧྲོབ་ཙམ་དེ་གསུམ་ཆ་གཉིས་དང་། རྨིག་འདག་རྒྱག་བྱེད་ཀྱི་ས་རྩི་ཅུང་ཆེ་ཙམ་ཡོད་པ་དེ་གསུམ་ཆ་གཅིག་མཉམ་དུ་བསྲེ་དགོས། ས་རྒྱུ་དེ་ཚོ་མཉམ་དུ་ལེགས་པར་བསྲེས་ཏེ་འདག་བག་སྐམ་རློན་འཚམས་པོ་གཡོས་ཏེ་རྩུབ་ཞལ་རྒྱག་རྒྱུ་དང་།    སྐབས་དེར་ངེས་པར་དུ་ཐིག་ཤིང་བེད་སྤྱོད་བྱས་ཏེ་གྱང་ངོས་སྙོམས་པོ་བཟོ་རྒྱུ་གལ་ཤིན་ཏུ་ཆེ། 
          བཞི། འཇམ་ཞལ་རྒྱག་ཚུལ། རྩུབ་ཞལ་སྐམ་ཟིན་ནས་འཇམ་ཞལ་རྒྱག་དགོས། འཇམ་ཞལ་རྒྱག་བྱེད་ཀྱི་ས་རྒྱུ་ནི་རི་འདབས་ཀྱི་ཆུ་རྒྱུག་ཤུལ་ལས་བྱུང་བའི་བྱེ་མ་དང་ས་རྦ་དཀར་གཉིས་ཡིན་ཅིང་། རྦ་དཀར་ཞེས་པའི་ས་དེ་ནི་ཨར་ཀའི་ས་རྒྱུ་དང་འདྲ་པོ་ཡོད་པ་དང་། ས་རྒྱུ་དེ་ནི་ཨར་ཀ་ཐོན་ས་ནས་འཚོལ་དགོས། ས་དེ་གཉིས་མང་ཉུང་ཇི་ལྟར་བསྲེ་དགོས་ཤེ་ན། རི་འདབས་ཀྱི་ཆུ་རྒྱུག་ཤུལ་ལས་བྱུང་བའི་བྱེ་མ་དེ་ལེགས་པར་བཙགས་ཟིན་པའི་བྱེ་མ་ཞིབ་པ་དེ་གསུམ་ཆ་གཉིས་དང་། རྦ་དཀར་ཞིབ་པ་གསུམ་ཆ་གཅིག་མཉམ་དུ་བསྲེ་དགོས། ས་རྒྱུ་དེ་གཉིས་ལེགས་པར་གཡོས་ཏེ་འཇམ་ཞལ་རྒྱག་དགོས། འཇམ་ཞལ་ནི་འཁོད་སྙོམས་ལ་མཐུག་པོ་མིན་པ་དང་། དབུར་ཐེངས་མང་བརྒྱབ་སྟེ་མེ་ལོང་གི་ངོས་ལྟར་འཇམ་པོ་བཟོ་དགོས། དབུར་རྒྱག་སྐབས་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་སྟེ།    སྐམ་དབུར་རྩ་བ་ནས་ཐེབས་མི་རུང་། རྒྱུ་མཚན་ནི། ལྡེབས་རིས་འབྲི་སྐབས་ཐོག་མར་རྩ་དམ་ནས་ས་ངང་པ་དང་། དཀར་གདན།    ཚོན་ཁ། སྐྱོབ་སོགས་སྤྱིན་ཆུ་ཡོད་པ་རིམ་པ་དྲུག་ཙམ་བྱུགས་དགོས་རྐྱེན། སྐམ་དབུར་ཐེབས་སའི་ཞལ་བས་སྤྱིན་མ་འཁྱོག་པར་ཞལ་བ་གོག་སྲིད་པ་དེ་རེད། ཞལ་བ་རྒྱག་བྱེད་ཀྱི་ས་རྒྱུར་ཐོག་མ་ཉིད་ནས་དོ་སྣང་ཆེན་པོས་ས་རྒྱུ་བདམས་ཤེས་པ་བྱེད་དགོས་ལ། ས་རྒྱུ་དེ་དག་ཇི་ལྟར་བསྲེ་དགོས་མིན་ནི་དེ་བས་གལ་ཆེན་པོ་ཡིན་པས་དོ་སྣང་ཆེན་པོ་བྱེད་དགོས། དཔེར་ན། བྱེ་མ་མང་དྲགས་ན་ཞལ་བ་མཁྲེགས་པོ་མི་ཡོང་བ་དང་། ས་རྩི་ཡོད་པ་མང་དྲགས་ཚེ་ཞལ་བ་གས་པ་སོགས་སྐྱོན་གྱི་མཐའ་གཉིས་སུ་མ་ལྷུང་བ་བྱེད་དགོས།     དེ་ལྟར་ཚད་དང་ལྡན་པའི་ཞལ་བ་དེ་ནི་ལྡེབས་རིས་འབྲི་ཡུལ་མཆོག་ཏུ་གྱུར་པ་ཞིག་ཡིན།ཡང་དེང་དུས་རྩིག་པ་ས་རྡོ་ལས་གྲུབ་པ་དང་།    ཨར་འདམ་གྱིས་ཞལ་བ་རྒྱབ་པའི་སྟེང་དུ་ལྡེབས་རིས་འབྲི་མཁན་འདུག་ལ། རང་ཉིད་ཀྱིས་ཀྱང་འབྲི་མྱོང་ཡོད། དེ་ལྟར་བྲིས་པའི་ལྡེབས་རིས་རྣམས་ལ་ལག་ལེན་དངོས་དང་འབྲེལ་བའི་དཔྱད་པ་བྱས་པའི་འབྲས་བུར། རྒྱུ་ཨར་འདམ་ལས་གྲུབ་པའི་ཞལ་བའི་སྟེང་བྲིས་པའི་ལྡེབས་རིས་ཀྱི་ཚོན་མདོག་མི་རིང་བར་སྐྱ་ཤར་ཤར་དུ་འགྱུར་འགྲོ་བ་དང་།     ཚོན་ནང་གི་སྤྱིན་གྱི་ནུས་པ་མགྱོགས་པོ་ཤོར་ཏེ། ཚོན་གྱི་སྟེང་ནག་ཐིག་ཐོན་རྗེས་རང་བཞིན་གྱིས་གོག་འགྲོ་བ་སོགས་ཀྱི་སྐྱོན་ཆ་མང་པོ་དངོས་མཐོང་གིས་ར་སྤྲོད་བྱེད་བཞིན་ཡོད།དེར་བརྟེན་རབ་བྱུང་ན་ལྡེབས་རིས་འབྲི་སའི་ཞལ་བ་ནི་ངེས་པར་དུ་སྲོལ་རྒྱུན་གྱི་ཞལ་བ་ཁུངས་དང་ལྡན་པ་དག་མཆོག་ཡིན།རྒྱུ་མཚན་ནི། རང་རེའི་མེས་པོས་བསྐྲུན་གནང་བའི་གངས་ལྗོངས་ཀྱི་དགོན་སྡེ་ཆེ་ཆུང་དང་ཕོ་བྲང་སོགས་གང་སར་མཇལ་རྒྱུ་ཡོད་པའི་ལྡེབས་རིས་རྙིང་པ་དེ་དག་ནི།ལོ་ངོ་སྟོང་ཕྲག་ལ་ཉེ་ནའང་ད་དུང་ཚོན་མདོག་དང་སྒྱུ་རྩལ་གྱི་ཉམས་དང་ཁྱད་ཆོས་འདྲེན་བྱེད་ཀྱི་ཡུལ་དུ་ཁྲ་ལྷམ་མེར་མཇལ་རྒྱུ་ཡོད་པ་དེ་དག་གིས་འཛམ་གླིང་སྟེང་“བོད་ཀྱི་སྲོལ་རྒྱུན་ལྡེབས་རིས་” ཞེས་སྙན་པའི་གྲགས་པ་ཁྱབ་སྟེ། རྒྱལ་ཕྱི་རྒྱལ་ནང་གི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་མཁན་དང་། བལྟ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་འཕྲོག་ཐུབ་པ་དེ་ནི། མེས་པོ་ཚོའི་ཕྱག་སྲོལ་བཟང་པོ་དེ་དག་ལས་བྱུང་བ་གསལ་རྟོགས་ཐུབ་དགོས།
          གསུམ་པ། ལྡེབས་རིས་དངོས་ཀྱི་འབྲི་ཚུལ།
          གཅིག ལྡེབས་རིས་མ་བྲིས་གོང་ཞལ་བའི་ངོས་སུ་བྱ་ཐབས་ཇི་ལྟར་སྤྱོད་ཚུལ། གོང་དུ་ཞུས་པ་ལྟར་ཚད་ལྡན་གྱི་ཞལ་བ་ལེགས་པར་སྐམ་རྗེས་རང་ལུགས་མེས་པོའི་ཕྱག་སྲོལ་ལྟར་ན།     ༡ཐོག་མར་ཟེ་ཚྭ་ཡོད་སར་ཆང་ལེན་གཅིག་མ་བྱུགས་ནས་ཟེ་ཚྭ་རྣམས་མེད་པ་བཟོ་ཐུབ་པ་མ་ཟད། ཕྱིན་ཆད་ཟེ་ཚྭ་མི་ཐོན་རྒྱུར་སྔོན་འགོག་བྱེད་ཐུབ་པ་ནི་མན་ངག་ཡིན་ནོ། ༢ རྩ་དམ་ཞེས་པ་ནི་སྤྱིན་ཆུ་ཚ་པོ་ཞིག་སྟེ་དེ་ངེས་པར་དུ་ཚ་པོར་བྱུག་དགོས། རྒྱུ་མཚན་ནི།སྤྱིན་ཆུ་ཞལ་བར་སིམ་ནས་ཞལ་བ་མཁྲེགས་པོ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དེ་རེད། སྤྱིན་ཆུའི་གར་ཚད་ནི་ཚོན་ནང་བླུག་ཡས་ཀྱི་སྦྱིན་ཆུ་སྟེ་དམ་དང་མཉམ་དགོས།     ༣ རྩ་དམ་སྐམ་རྗེས་ས་ངང་པར་སྤྱིན་ཆུ་བསྲེས་ཏེ་ཐེངས་གཅིག་བྱུག་དགོས། ངང་པ་སྐམ་རྗེས་ཀོ་སག་བརྒྱབ་སྟེ་འཇམ་པོ་བཟོ་དགོས།       ༤དཀར་གདན་ནི་ཀ་རག་དང་སྤྱིན་ཆུ་བསྲེས་ཏེ་གར་པོ་མིན་པ་ཐེངས་གཅིག་བྱུག་དགོས། དཀར་གདན་གར་དྲགས་ཚེ་རློན་མདངས་ཡག་པོ་རྒྱག་མི་ཐུབ་པའི་སྐྱོན་ཡོད་དོ། ༥དཀར་གདན་སྐམ་རྗེས་ཀོ་སག་ཐེངས་གཅིག་བརྒྱབ་སྟེ་འཇམ་པོ་བཟོས་ཏེ་སྤགས་ཕྱིས་རྒྱག་དགོས། སྤགས་ཕྱིས་རྒྱག་དགོས་དོན་ནི་ཚོན་བྱུགས་སླ་བའི་ཆེད་དུ་ཡིན་ཞིང་། སྤགས་ཕྱིས་རྒྱབ་པ་དང་མ་རྒྱབ་པ་གཉིས་ལ་ཚོན་བྱུགས་བདེ་ལོས་ཀྱི་ཁྱད་པར་ཆེན་པོ་ཡོད་དོ། 
          གཉིས། སྐྱ་རིས་ལ་འཇུག་ཚུལ།    
          ༡ རས་དཀར་གཙང་ཞིག་གིས་གྱང་ལྡེབས་ལེགས་པར་ཕྱིས་ལ། ཐིག་སྐུད་ཀྱི་སྣེ་མོར་རྡོ་ཆུང་ངུ་ཞིག་བཏགས་རྗེས་གྱང་གི་དབུས་ཐད་ནས་ཐུར་དུ་དཔྱང་དགོས་པ་དང་། དེ་ཉིད་འགུལ་སྐྱོད་མེད་པ་དང་དུས་མཚུངས་ཁ་ཐུག་ཏུ་མནན་ཏེ་ཚངས་ཐིག་གདབ་དགོས། དེ་རྗེས་སྟེང་འོག་ཕྱེད་མར་བགོ་རྒྱུའི་ཐིག་སྟེ་ཕྲེད་ཐིག་དང་པོ་གདབ་དགོས། དེ་བས་ཅུང་ཞིབ་པར་བགོ་དགོས་ཚེ། གྱང་གི་རྒྱ་ཁྱོན་ལ་གཞིགས་ཏེ་ཚངས་ཐིག་གི་གཡས་གཡོན་དང་། ཕྲེད་ཐིག་གི་སྟེང་འོག་ཏུ་ཐིག་ཁ་སྣོན་བརྒྱབ་སྟེ་བགོས་ན་ཆོག
          ༢ དེ་ལྟར་ལེགས་པར་བགོས་ཟིན་ཚེ་སྐྱ་རིས་འབྲི་འགོ་འཛུགས་དགོས། སྐྱ་རིས་ནི་ངེས་པར་དུ་སོལ་པིར་གྱིས་འབྲི་དགོས་པ་དང་། དེ་རྗེས་སྣག་ཚ་སླ་པོས་གནོན་རྒྱག་དགོས། གནོན་ཞེས་པ་ནི་སོལ་པིར་གྱིས་བྲིས་ཟིན་པའི་རི་མོ་རྣམས་མི་ཟུབ་པའི་ཆེད་སྣག་ཚ་སླ་པོས་མནན་པ་དེར་བརྗོད།   སྐྱ་རིས་ངེས་པར་དུ་སོལ་པིར་གྱིས་འབྲི་དགོས་དོན་ནི་རི་མོ་བཟོ་བཅོས་བྱེད་རྒྱུར་ཧ་ཅང་སྟབས་བདེ་པོ་ཡོད་ལ།རི་མོ་འབྲི་སའི་ཡུལ་དང་མཐུན་པའི་ཕྲ་སྦོམ་གང་དགོས་རང་འདོད་ལྟར་བཟོ་ཆོག་པ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་ཡོད།     སོལ་པིར་བཟོ་བྱེད་ཀྱི་ཤིང་རྒྱུ་དེ་ཡང་གང་བྱུང་དུ་ཤིང་གསར་པ་གཅོད་མི་དགོས་པར། རི་རྩེ་དང་ཁང་སྟེང་དུ་བཙུགས་པའི་དར་ལྕོག་གི་ཤིང་རྙིང་པ་བེད་སྤྱོད་བྱས་ན་འགྲིག སོལ་ཤིང་གི་རིང་ཐུང་ཐོ་གང་ཙམ་དང་ཕྲ་སྦོམ་ཤིང་ཐུར་ཙམ་བཟོས་ཏེ་ལྕགས་མདོང་ཕྲ་སྦོམ་འཚམས་པོ་ཞིག་ནང་ཚགས་དམ་པོར་བརྒྱང་དགོས།     ལྕགས་མདོང་ནང་བླུགས་སྐབས་ཚགས་དམ་པོ་མ་བྱུང་ཚེ་སོལ་པིར་ཀྱོག་ཀྱོག་ཆགས་སྲིད།   ལྕགས་མདོང་གི་མགོ་མཇུག་གཉིས་འདག་བག་སླ་པོ་མིན་པ་ཞིག་གིས་ལེགས་པར་བཀག་དགོས་པ་དང་། ཁ་བཀག་ཡས་ཡག་པོ་མ་བྱུང་ཚེ་དུ་བའམ་དབུགས་ཕྱིར་ཐོན་ནས་སོལ་པིར་སོབ་སོབ་ཆགས་ཏེ་རི་མོ་ཡག་པོ་འབྲི་མི་ཐུབ།     མགོ་མཇུག་གི་ཁ་ལེགས་པར་བཀག་རྗེས་མེ་ཐབ་ནང་བཅུག་ནས་ལྕགས་མདོང་དམར་པོ་ཆགས་པ་དང་ཕྱིར་བཏོན་ན་འགྲིག་ཅིང་། ས་འོག་ཏུ་བཅུག་ནས་རང་བཞིན་གྱི་གྲང་མོ་བཟོ་དགོས་པ་ལས་ཆུ་གྲང་པོ་བླུག་ནས་བཙན་ཐབས་ཀྱི་གྲང་མོ་བཟོ་མི་རུང་།       དེ་ལྟར་གྲང་མོ་ཆགས་རྗེས་ག་ལེར་ཁ་ཕྱེ་སྟེ་བེད་སྤྱོད་བྱེད་ཆོག དེ་ལྟར་སོལ་པིར་དང་།   མཇལ་ཚད། ཐིག་ཤིང་ལ་སོགས་པའི་སྐྱ་རིས་འབྲི་བྱེད་ཀྱི་ཡོ་ཆས་རྣམས་གྲ་སྒྲིག་ལེགས་པར་གྲུབ་རྗེས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ནམ། ལོ་རྒྱུས་དང་རྣམ་ཐར། འཚོ་བ་མཚོན་པའི་རི་མོ། བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རི་མོ་སོགས་གང་ཡིན་རུང་།    ངེས་པར་དུ་སོ་སོའི་གཞུང་དང་མཐུན་པ་ཞིག་འབྲི་དགོས།    དེ་ཡང་བླ་མ། ཡི་དམ། སངས་རྒྱས། བྱང་སེམས། དཔའ་བོ། མཁའ་འགྲོ། ཆོས་སྐྱོང་། སྲུང་མ་ལ་སོགས་པའི་སྐུ་བརྙན་རྣམས་ཀྱི་ཆ་ཚད་ཐད། མདོ་བརྒྱུད་དང་བསྟན་བཅོས་ཁག་ལས་གསུངས་པའི་ལྷ་སྐུ་སོ་སོའི་ཐིག་ཆེན་མ་ནོར་བ་ཚད་དང་ལྡན་པ་ཞིག་འབྲི་དགོས་ལ། གོ་རིམ་གྱི་ཐད། ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན། ཡོངས་གྲགས་སུ་སྟོན་པའི་སྐུ་བརྙན་གཙོ་བོར་འབྲི་དགོས་པ་དང་། འབྲི་བྱར་སྟོན་པའི་སྐུ་བརྙན་མེད་པ་དང་། ཡང་ན་རང་གི་འདོད་ལྷ་སོགས་ལྷ་གང་རུང་ཞིག་འབྲི་སྐབས་སོ་སོའི་རྒྱུད་སྡེའི་གོ་རིམ་མ་འཁྲུལ་པ་འབྲི་དགོས།གཞན་ཡང་བཞུགས་སྟངས་དང་། རྒྱན། ན་བཟའ། སྐུ་མདོག ཕྱག་མཚན་ལ་སོགས་པ་རྣམས་ངེས་པར་དུ་ལྷ་སོ་སོའི་མངོན་རྟོགས་དང་མཐུན་པ་ཞིག་འབྲི་དགོས་པ་མ་ཟད། རི་མོའི་སྒྱུ་རྩལ་ཐད་རི་མོ་བ་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་བཏོན་ཏེ་སངས་རྒྱས་དངོས་སུ་མཇལ་བ་ལྟ་བུའི་ཚོར་བ་སྤྲོད་ཐུབ་པའི་རི་མོ་འབྲི་རྒྱུར་འབད་ནས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གང་ཡང་མི་ཤེས་པའི་གང་ཟག་སུ་ཞིག་གིས་མཇལ་རུང་། མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་ཐུབ་པ་ཞིག་བྱུང་ཚེ། སངས་རྒྱས་ཀྱི་སྐུ་བརྙན་བཞེངས་རྒྱུའི་དམིགས་ཡུལ་དེ་སྒྲུབ་ཐུབ་པ་ཡིན། སངས་རྒྱས་ཀྱི་སྣང་བརྙན་ཚད་དང་ལྡན་པ་བྲིས་པའི་ཕན་ཡོན་དང་། ཚད་དང་མི་ལྡན་པ་བྲིས་པའི་ཉེས་དམིགས་ཐད།   སྐལ་པ་བཟང་པོའི་མདོ་དང་། འཇམ་དཔལ་རྩ་བའི་རྒྱུད་སོགས་ལས་མང་དུ་བསྟན་གནང་བ་དེ་རྣམས་ལ་གཟིགས་ན་མཁྱེན་ཐུབ། དེ་བཞིན་ལོ་རྒྱུས་དང་རྣམ་ཐར། འཚོ་བ་མཚོན་པའི་རི་མོ་རྣམས་ཀྱང་ལྟས་པ་ཙམ་གྱིས་ལོ་རྒྱུས་རྣམ་ཐར་གྱི་ནང་དོན་རྟོགས་ཐུབ་ལ། འཚོ་བ་དངོས་ནང་ཞུགས་པ་ལྟ་བུའི་གསོན་ཉམས་ལྡན་ཞིང་།སྒྱུ་རྩལ་གྱིས་མི་རྣམས་ཡིད་དབང་འཕྲོག་ཐུབ་པ་ཞིག་འབྲི་ཐུབ་པ་བྱེད་དགོས། གཞན་ཡང་མཆོད་རྫས་དང་།   བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རི་མོ་དེ་དག་ཀྱང་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་ལ་རི་མོའི་གོ་རིམ་ཡོད་པ་དང་། འབྲི་སའི་ཡུལ་མ་ནོར་བ་སོགས་ཀྱི་སྐྱ་རིས་ཡག་པོ་འབྲི་རྒྱུ་དེ་ནི། ལྡེབས་རིས་ཀྱི་བརྩམ་བྱ་དེ་ཡག་ཉེས་ཇི་འདྲ་ཡོང་མིན་གྱི་རྩ་བའི་རྨང་གཞི་ཡིན་པས་དེ་ནི་མང་ཆེ་བར་དབུ་ཆེའམ་དགེ་རྒན་གྱིས་འབྲི་དགོས་ཀྱི་ཡོད།
          ༣  སྐྱ་རིས་ལེགས་པར་བྲིས་ཟིན་རྗེས་སྐྱོ་འབུར་རྒྱག་དགོས།     སྐྱོ་འབུར་རྒྱག་ཡུལ་ནི་རིན་པོ་ཆེའི་རྒྱན་དང་། ཕྱག་མཚན་ཁག་གཅིག སྐུའི་བཞུགས་ཁྲི། རྒྱབ་ཡོལ་གྱི་ནོར་འཛིན་པ་ཊ་སོགས་རི་མོ་འབུར་དུ་ཐོན་དགོས་པ་རྣམས་ལ་རྒྱག་དགོས།     
          ༤  དེ་རྗེས་ཁབ་རིས་རྒྱག་དགོས། ཁབ་རིས་རྒྱག་སྟངས་ནི་ནག་རིས་སྟེང་བྱུག་པིར་ཞིག་གིས་ཆུ་ཕྲན་བུ་བྱུགས་པ་དང་། དེ་རྗེས་ཁབ་སྦོམ་པོ་མིན་པ་ཞིག་གིས་ནག་རིས་སྟེང་ཤུགས་ཆེ་ཆུང་འཚམས་པོས་རི་མོ་འབྲི་དགོས། ཁབ་རིས་རྒྱག་དགོས་དོན་ནི། ནག་རིས་སྟེང་ཚོན་བྱུགས་ཟིན་ཀྱང་གོང་གི་ནག་རིས་གང་ཡོད་མཐོང་ཐུབ་པས། སླར་ཡང་སོལ་རིས་རྒྱག་མི་དགོས་ལ་དགེ་རྒན་ནམ་དབུ་ཆེས་བྲིས་པའི་སྐྱ་རིས་ཀྱི་ཉམས་འགྱུར་མི་ཤོར་བའི་ཆེད་དུ་ཡིན།     དེང་དུས་གཞོན་སྐྱེས་ཚོས་ལྡེབས་རིས་འབྲི་སྐབས་ཁབ་རིས་རྒྱག་མཁན་ཉུང་ཉུང་ཡིན་ལ།     ཁ་ཤས་ཀྱིས་ཁབ་རིས་ཞེས་པའི་ཐ་སྙད་ཙམ་ཡང་མི་ཤེས།ལ་ལ་ཁབ་རིས་རྒྱག་འདོད་ཡོད་ཀྱང་ཨར་འདམ་ལས་གྲུབ་པའི་ཞལ་བར་ཁབ་རིས་རྒྱག་ཐབས་བྲལ་བ་སོགས་ཀྱི་རྐྱེན་པས།   ཁབ་རིས་རྒྱག་རྒྱུའི་ཕྱག་སྲོལ་བཟང་པོ་དེ་ཉམས་ཉེན་དུ་འགྲོ་བཞིན་འདུག པས་དེ་ཕྱིར་རི་མོའི་ཕྱག་ལེན་པ་རྣམས་ཀྱིས་ཕྱག་སྲོལ་བཟང་པོ་དེ་དག་རྒྱུན་འཛིན་ཐུབ་རྒྱུར་འབད་དགོས་པ་ནི་ང་ཚོའི་འོས་འགན་ཞིག་མ་རེད་དམ། 
          གསུམ། ཚོན་མདངས་སམ་ཚོན་ཁ་རྒྱོང་བའི་ལས་རིམ། ཐོག་མར་རྩ་བའི་ཚོན་དང་ཡན་ལག་གི་ཚོན།  སྤྱིན་ཆུ་སྟེ་རང་ལུགས་སུ་དམ་ཞེས་པ་དང་། གཙང་ཆུ། བཙོག་ཆུ།    དེ་བཞིན་པིར་ལ་སོགས་པའི་རི་མོའི་ཡོ་ཆས་རྣམས་གྲ་སྒྲིག་ལེགས་པར་ཟིན་རྗེས།ཚོན་མདངས་སམ་ཚོན་ཁ་རྒྱོང་བའི་ལས་འགོ་བརྩམས་དགོས།   ཚོན་མདངས་ནི་སྐྱ་རིས་ཀྱི་གཟུགས་བརྙན་སྟེང་རྒྱན་ཆ་སྒྲོན་པ་དང་མཚུངས་པ་སྟེ། ལག་ལེན་ཤུན་ཐིག་ལས། “སྐྱ་རིས་ཧ་ཅང་མཛེས་ཀྱང་རུང་། །  ཚོན་མདངས་ཉམས་འགྱུར་མེད་གྱུར་ན། །  མཛེས་མས་གོས་ཧྲུལ་གྱོན་པ་བཞིན། །མཛེས་པའི་ཉམས་འགྱུར་བསྒྲིབས་པ་ཡིན། །   སྐྱ་རིས་ཁུངས་ལུང་མེད་པ་ན། །  ཚོན་མདངས་ལེགས་ཀྱང་ཅི་ལ་ཕན། །   རྒན་མོར་རྒྱན་གྱིས་སྤྲས་ཀྱང་རུང་།། ཀུན་གྱི་སེམས་པ་ག་ལ་ཤོར། །”①ཞེས་སྐྱ་རིས་དང་ཚོན་མདངས་ཀྱི་འབྲེལ་བའི་ཐད་ཕྱོགས་བསྡོམས་གནང་བ་བཞིན།    རི་མོའི་བརྩམ་བྱ་གང་ཞིག་མིག་ལམ་དུ་མཛེས་མིན་ཚོན་མདངས་དང་འབྲེལ་བ་ཟབ་མོ་ཡོད་ལ།ཚོན་མདོག་བེད་སྤྱོད་བྱེད་སྐབས་གཟབ་ནན་མ་བྱུང་ཚེ། དོན་ལ་ནོར་འཁྲུལ་ཡོང་ཉེན་ཡང་ཡོད་པ་དཔེར་ན། ཐང་ཁའི་སྟེང་དཀྱིལ་འཁོར་ཆུང་ངུ་འབྲི་བ་དང་།    རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་སྐབས་ལྷ་སྐུ་འབྲི་མ་ཐུབ་རྐྱེན།   པད་གདན་གྱི་སྟེང་ལྷ་སྐུ་དེའི་སྐུ་མདོག་དང་མཐུན་པའི་ཚོན་མདོག་སྒོར་མོ་གང་རུང་ཞིག་གིས་ལྷ་དེའི་ཚབ་བྱེད་ཀྱི་ཡོད།   གལ་ཏེ་ཚོན་མདོག་བེད་སྤྱོད་བྱེད་ཡས་ནོར་ཚེ། ལྷ་གང་ཡིན་ངོས་འཛིན་མི་ཐུབ་པའི་སྐྱོན་ཆེན་པོ་ཐོན་སྲིད།དཔེར་ན།    ཡོངས་གྲགས་སུ་སྐྱོན་གྱིས་མ་གོས་པའི་སྐུ་མདོག་དཀར་པོ་སྤྱན་རས་གཟིགས་ཕྱག་བཞི་པ་ལྟ་བུ་ཞིག་ལ། དཀར་པོ་མ་ཡིན་པའི་ཚོན་མདོག་གང་རུང་ཞིག་བེད་སྤྱོད་བྱས་ཚེ།   དེ་ནི་སྤྱན་རས་གཟིགས་ཡིན་པར་ངོས་འཛིན་མི་ཐུབ་པ་ལྟ་བུའོ།ཚོན་མདངས་དེ་ཡང་སྔོན་རྗེས་དང་།    སྟེང་འོག སྐྱ་སྣུམ། མདངས་རྒྱག་རྒྱུ་དང་། ལེབ་བྱུགས་བྱེད་རྒྱུ་སོགས་ཀྱི་གོ་རིམ་མ་ནོར་བ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེ།     སྔ་ཕྱིའི་གོ་རིམ་ནི། ༡ གནམ། ༢ ས། ༣ ཆུ། ༤ མདངས་ཀྱི་རིགས། ༥ སྤང་སྐྱ། ༦སྔོ་སི། ༧ སེར་སྐྱ།  ༨ ལི་སྐྱ།  ༩ མ་སྐྱའི་རིགས།  ༡༠ ན་རོས་རིགས།  ༡༡ མཆིན་ཁའི་རིགས།  ༡༢  ཇ་ཁའི་རིགས།  ༡༤  སྤང་ཤུན།  ༡༥ སྤང་མ།  ༡༦ གཡུ་ཁ།  ༡༧ མཐིང་།  ༡༨ སྔོ་སངས་རིགས།  ༡༩ བབ་ལ།  ༢༠ བཙོ་མ་  ༢༡ལི་ཁྲི།  ༢༢ ལི་མཚལ།  ༢༣ མཚལ། ༢༤ རྒྱ་སྨུག་རིགས།  ༢༥སྐུ་ཤའི་རིགས།  ༢༧དབུ་སྐྲའི་རམ་སི། ༢༨ སྣག་སིའི་རིགས། ༢༩ ངང་ཆུ་རྣམས་སོ།   ས་གནམ་གཉིས་སྔོན་ལ་བཟོ་དགོས་དོན་ཡང་།  སྟེང་འོག་གི་གོ་རིམ་ངོས་ནས་བཤད་ཚེ་འོག་མ་སྔོན་དང་སྟེང་མ་རྗེས་སུ་བྱུག་དགོས་པ་དང་། ས་གནམ་གཉིས་སྟེང་འོག་གི་ཆ་ནས་འོག་མ་ཡིན་པས་འོག་མ་སྔོན་དུ་གཏོང་དགོས་པ་དང་།   དེ་བཞིན་གནའ་རབས་ཀྱི་ཐང་ཁ་མང་ཆེ་བར་ནམ་མཁར་མཐིང་ཐད་ཀར་གཏོང་སྲོལ་ཡོད་པ་དང་།     མཐིང་ནི་སྔོན་པོའི་ནང་ནས་རྩུབ་ཤོས་ཡིན་པ་དང་།  ས་གཞི་འམ་སྤང་རིའི་སྤང་ཤུན་དེ་ཡང་རྩུབ་པོ་ཡིན་རྐྱེན།  ཚོན་གཞན་མ་བྱུགས་གོང་ངེས་པར་དུ་ཚོན་གཟི་རྒྱག་དགོས།   ཚོན་གཞན་མ་བྱུགས་གོང་ཚོན་གཟི་རྒྱག་ཐུབ་ཚེ། གཟི་རྒྱག་བདེ་བའི་ཁྱད་ཆེན་པོ་ཡོད་པས་སོ། ཚོན་གཟི་རྒྱག་སྟངས་ནི།     སྔོན་ལ་བྱུགས་པིར་ཞིག་གིས་ཆུ་ཕྲན་བུ་བྱུགས་དགོས་པ་དང་།    དེ་རྗེས་གཟི་ངོས་ལེབ་མོ་ཞིག་གིས་ག་ལེར་དབུར་བརྒྱབ་ན་འགྲིག གནམ་གྱི་ཚོན་མདོག་དེ་ཡང་ནམ་མཁའི་སྔོ་སངས་དང་། བར་ཤུན། སྔོ་སི་སོགས་སྐྱ་སྣུམ་གསུམ་ཙམ་བཟོས་ཏེ་རློན་མདངས་བརྒྱབ་དགོས། ས་གཞི་འམ་སྤང་རིར་སྤང་ཤུན་དང་སྤང་སྐྱ་རློན་མདངས་བརྒྱབ་ན་འགྲིག བྲག་རིའི་ཚོན་མདོག་ནི། སྤང་ཤུན་དང་། སྔོ་སངས་། སྔོ་སི། ཇ་ཁ་སྐྱ་སྣུམ་སོགས་ཀྱིས་རང་རང་གི་སྤྱོད་ཡུལ་དང་མཐུན་པའི་ཚོན་མདོག་ཕན་ཚུན་རློན་མདངས་བརྒྱབ་ན་ཆོག་ལ།གངས་རིར་སྔོ་སི་སྐྱ་བའམ་ཇ་ཁ་སྐྱ་བ་གང་རུང་དང་ཀ་རག་གིས་མདངས་རྒྱག་རྒྱུ་དང་། རྫ་རིར་གཡུ་ཁ་དང་སྤང་སྐྱ་འམ་ཇ་སྐྱ་གང་རུང་གི་མདངས་བརྒྱབ་དགོས། ཆུ་ཡི་ཚོན་མདོག་ནི། སྔོ་སངས་སྐྱ་སྣུམ་གསུམ་ཙམ་སྤྱད་ན་ཆོག་ཅིང་།       དེ་ཡང་ཉེ་སར་སྔོ་སངས་སྣུམ་པ་དང་སྔོ་སངས་བར་ཤུན། ཐག་རིང་སར་སྔོ་སངས་བར་ཤུན་དང་སྔོ་སི་རྣམས་རིམ་བཞིན་རློན་མདངས་རྒྱག་རྒྱུ་དང་།      རྦབ་ཆུར་རྒྱུན་སྤྱོད་སྔོ་སི་ལས་ཅུང་སྐྱ་བ་བཟོ་དགོས་པའི་ཁྱད་པར་རྣམས་ལ་དོ་སྣང་བྱ་དགོས། དེ་བཞིན་སྤྲིན་མདངས་ཀྱི་རིགས་དང་། མེ་ཏོག་དང་ཤིང་འབྲས་རིགས། མེ་དང་རླུང་གི་རིགས།    རྒྱབ་ཡོལ་གྱི་རིགས། ན་བཟའི་ནང་ཤ་དང་མཐའ་འཇག་ལ་སོགས་པ་མདངས་རྒྱག་སའི་རིགས་རྣམས་ཀྱང་མདངས་ཁུངས་འཕྲོད་པོ་དང་མདངས་འཇམ་པོ་ཡོང་བ་བྱ་དགོས།     མདངས་ཁུངས་འཕྲོད་པོ་ཞེས་པ་ནི། གསལ་མུན་གྱི་སྣང་ཆར་བསམ་བློ་གནད་ལ་འཁེལ་པོ་གཏོང་ཐུབ་པ་དགོས་རྒྱུ་དེ་ཡིན། མདངས་འཇམ་པོ་ཞེས་པ་ནི།      སྣུམ་ས་ནས་སྐྱ་སར་པིར་ཁའི་རི་མོ་མེད་པར་ག་ལེར་ཡལ་བ་ལྟ་བུའི་ཚོར་སྣང་མཐོང་ཐུབ་པ་བཟོ་རྒྱུ་དེར་བརྗོད། ཚོན་ལེབ་བྱུགས་བྱེད་རྒྱུ་ནི། གོང་དུ་ཞུས་ཟིན་པའི་རིམ་པ་བཞིན་ཚོན་བྱུགས་སྐབས་མཚམས་ཟིན་པོ་དགོས་ལ། གར་སླ་སྙོམས་པོ་བྱུགས་ཏེ་ཁྲ་ཁྲ་མི་ཐོན་པ་བྱེད་རྒྱུ་དང་། ཡན་ལག་གི་ཚོན་མདོག་རྣམས་བཟོ་སྐབས་རང་གི་དགེ་རྒན་གྱི་མན་ངག་དང་། ཚོན་དཔེ་ཡག་སར་དཔེ་བྱས་ཏེ་མིག་ལམ་དུ་མི་མཛེས་པའི་ཚོན་མདོག་མི་ཐོན་པ་བྱེད་དགོས་པ་མ་ཟད།   གོང་ཞུས་ཚོན་རྣམས་ཀྱི་སྤྱིན་གར་ཚད་རན་པོ་དགོས་རྒྱུར་ཡང་དོ་སྣང་ཆེན་པོ་བྱེད་དགོས་ཅིང་། སྤྱིན་གར་སླའི་ཚད་ནི་བ་ཡི་ཞོ་འཁྲིགས་པ་ཙམ་ཞིག་དགོས། དེ་ལྟར་ཚོན་ཁ་ལེགས་པར་ཁེངས་རྗེས་ཀོ་སག་འཇམ་པོ་ཞིག་གིས་ག་ལེར་འཇམ་པོ་བཟོས་རྗེས་ཏེ་ཕྱིས་རྒྱག་དགོས་སོ། 
           བཞི། བཅད་རྒྱག་ཚུལ། རས་དཀར་གཙང་ཞིག་གི་གྱང་ངོས་ལེགས་པར་ཕྱིས་ནས་བཅད་རྒྱག་དགོས། བཅད་དེ་ཡང་སྔོ་ལྗང་དང་ཀ་རག་རྣམས་ལ་རམས་གྱིས་བཅད་རྒྱག་དགོས་པ་དང་། ཐང་ཁར་རྒྱ་ཚོས་ཀྱིས་བཅད་རྒྱག་སའི་རིགས་ལ་ལྡེབས་རིས་སྐབས་སྣག་ཚའི་བཅད་རྒྱག་དགོས། ཤ་བཅད་ནི་རྒྱ་ཚོས་དང་སྣག་ཚ་གང་རུང་གིས་བརྒྱབ་ན་ཆོག འོན་ཀྱང་རྒྱ་ཚོས་ཀྱི་བཅད་རྒྱག་འདོད་ཚེ། ངེས་པར་དུ་སྐྱོབ་བྱུགས་ཟིན་རྗེས་བཅད་རྒྱག་དགོས། དེ་ལྟར་བཅད་བརྒྱབ་ཟིན་པ་དང་།    ཆུའི་མདངས་དང་། སྤྲིན་པའི་བུན་རྣམས་རམས་སླན་ཏེ་རམས་སླ་པོ་ཞིག་གིས་སྐམ་མདངས་རྒྱག་དགོས།      རམས་མདངས་བརྒྱབ་ཟིན་རྗེས། ཀ་རག་གམ་སྔོ་སི་སྐྱ་བ་གང་རུང་ཞིག་གིས་ཆུ་ཡི་སྦུ་ཐོར་བཟོ་དགོས་ལ། ཆུ་ནང་ཉ་དང་ངང་པ་ལ་སོགས་པའི་སྲོག་ཆགས་དང་།    སྤང་རིར་ཤྭ་བ་ལ་སོགས་པའི་རི་དྭགས། ནགས་ཁྲོད་དུ་བྱ་བྱེའུ་དང་སྤྲེའུ་དང་། གངས་རིར་སེང་གེ་ལ་སོགས་པའི་སྲོག་ཆགས་རྣམས་ཀ་རག་གིས་བཟོས་ཏེ་མཇུག་ཏུ་བཅད་རྒྱབ་ནས་བཟོས་ན་འགྲིག     བཅད་རྒྱག་ཆེད་རམས་དང་སྣག་ཚ་གཉིས་ནང་སྤྱིན་མང་ཉུང་འཚམས་པོ་སྲེས་ཏེ་ངེས་པར་དུ་སྐམ་ཐག་བཅད་ནས་བེད་སྤྱོད་བྱེད་དགོས།    སྐམ་ཐག་མ་བཅད་ཚེ། བཅད་རྒྱུག་པོ་ཡོང་མི་ཐུབ་ལ། སྐྱོབ་བྱུགས་སྐབས་བཅད་འདལ་བ་སོགས་ཀྱི་སྐྱོན་ཡོད་དོ། 
          ལྔ། སྐྱོབ་གཏོང་ཚུལ།  སྐྱོབ་ཞེས་པ་ནི་སྤྱིན་ཆུ་འཁྲིགས་པ་ཞིག་ཡིན་ཞིང་། འཁྲིགས་ཚད་ནི་གོང་ཞུས་ཚོན་ནང་བསྲེས་བྱེད་ཀྱི་དམ་ཞེས་པའི་སྤྱིན་ཆུ་ལས་ཕྲན་གར་ཙམ་བྱུང་ན་འགྲིག སྐྱོབ་ངེས་པར་དུ་ཐེངས་གཉིས་བྱུག་དགོས་པ་གལ་ཆེ་བས་དོ་སྣང་བྱ་དགོས། དེང་སྐབས་རི་མོ་བ་འགའ་ཞིག་གིས་ཚོན་ཁ་ཁེངས་རྗེས་བཅད་མ་རྒྱབ་གོང་སྐྱོབ་བྱུགས་སྲོལ་འདུག་ཀྱང་།དེ་ནི་གཅིག་ནས་དགེ་རྒན་གོང་མ་ཚོའི་ཕྱག་སྲོལ་དང་མི་མཐུན་པ་དང་། གཉིས་ནས་ལག་ལེན་ཐོག་ནས་སྐྱོན་དུ་ར་འཕྲོད་པ་སྟེ། སྐྱོབ་བཏང་ཟིན་རྗེས་རྒྱ་ཚོས་ཀྱི་མདངས་དང་། ཞུན་རམས་ཀྱི་མདངས། གསེར་རིས། སྤྱན་དབྱེ་རྒྱུ། གསེར་རིས་སྟེང་གཟི་རྒྱག་རྒྱུ། གསེར་ཤོག་སྦྱར་རྒྱུའི་ལའ་ཀ་ཙམ་ལས་འཇོག་མི་རུང་། རྒྱུ་མཚན་ནི། སྐྱོབ་བཏང་ཟིན་རྗེས་ཀ་པི་འམ་ཧྲད་རྩི། ཆིང་ཆིས་བཅས་གང་རུང་ཞིག་བྱུགས་མ་ཐུབ་པར་དུས་ཡུན་རིང་པོ་ལུས་ཚེ། ཐོག་མར་རྩ་དམ་ནས་ས་ངང་པ་དང་། དཀར་གདན། ཚོན་ཁ། སྐྱོབ་ཐེངས་གཉིས་སོགས་སྤྱིན་ཆུ་ཡོད་པ་རིམ་པ་དྲུག་ཙམ་བྱུགས་ཟིན་པས། སྐམ་དབུར་ཐེབས་སའི་ཞལ་བས་སྤྱིན་མ་འཁྱོག་པར་ཞལ་བ་གོག་སྲིད་པ་དང་། སེར་ཁ་ཆུང་ངུ་གས་ཏེ་ཆིང་ཆིས་བྱུགས་སྐབས་རི་མོའི་སྟེང་སྣུམ་ཤོར་བ་ལྟ་བུའི་ནག་ཐིག་ཐོན་པ་སོགས་ཀྱི་སྐྱོན་རྣམས་ནི་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་བའི་སྐྱོན་ཆ་ཡིན་པས་ཡིད་གཟབ་བྱ་དགོས། དྲུག བཅད་དང་ཞིབ་ཚགས་སྐོར། ༡ སྐྱོབ་བཏང་ཟིན་ནས་ཞུན་རམས་ཀྱིས་མདངས་རྒྱག་རྒྱུ་དང་། སྤང་རི་དང་། རྫ་རི། བྲག་རིའི་སྟེང་དུ་རྩྭ་འབྲི་བ་འམ་ཤིང་ཆུང་ངུ་འབྲི་དགོས་པ་དང་། དེ་རྗེས་རྒྱ་ཚོས་ཀྱིས་བཅད་དང་མདངས་རྒྱག་དགོས། མེ་ཏོག་དཀར་པོ། དམར་པོ། སེར་པོ་རྣམས་ལ་རྒྱ་ཚོས་དང་ལི་ཁུ་ལ་སོགས་པ་རང་རང་གི་ཆོན་མདོག་དང་མཚུངས་པའི་སྐམ་མདངས་ཕྲན་བུ་རྒྱག་རྒྱུ་དང་། མེ་ཏོག་གི་ཐིའུ་བཟོ་རྒྱུ་སོགས་སྐམ་མདངས་ཀྱི་རིགས་ཚར་རྗེས། ༢ གསེར་རིས་འགོ་བཙུགས་ན་འགྲིག གསེར་རིས་རྒྱག་པར་ངེས་པར་དུ་གསེར་སྦྱོར་སྟངས་ཡག་པོ་ཤེས་དགོས། གསེར་སྦྱོར་ཚུལ་ཡག་པོ་མ་ཤེས་ཚེ་གསེར་རིས་རྒྱུག་པོ་ཡོང་མི་ཐུབ་ལ། གསེར་གྱི་མདོག་ཀྱང་ཡག་པོ་ཐོན་མི་ཐུབ། གསེར་རིས་འབྲི་སྐབས་འབྲི་ཡུལ་དང་མཐུན་པའི་རི་མོའི་ཉམས་འགྱུར་དང་། ཁྱད་ཆོས། དགོས་པ། རྟེན་འབྲེལ་སོགས་ལ་བསམ་བློ་གཏོང་དགོས་རྒྱུརཡང་དོ་སྣང་བྱ་དགོས་ལ། ལྷག་པར་སློབ་དཔོན་གྱི་མན་ངག་ལ་བརྟེན་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་།གསེར་རིས་རྒྱབ་ཟིན་རྗེས་གསེར་རིས་ཡོད་ཚད་ཀྱི་སྟེང་ངེས་པར་དུ་གཟི་རྒྱག་དགོས། གཟི་མ་རྒྱབ་ཚེ་ཆིང་ཆིས་བྱུགས་རྗེས་གསེར་གྱི་མདོག་ཉམས་ཏེ་འོད་མདངས་མི་ཐོན་པའི་སྐྱོན་ཡོད་དོ། ༣ དེ་རྗེས་གསེར་ཤོག་སྦྱར་དགོས། གསེར་ཤོག་སྦྱར་སྟངས་ཐད་སྔ་དུས་སུ་“སྦྱར་ལེན་”ཞེས་པའི་རྩི་ཞིག་བཟོས་ཏེ་གསེར་ཤོག་སྦྱར་སྲོལ་ཡོད་རུང་ཕྱིས་སུ་རི་མོ་བ་མང་ཆེ་བས་སྟབས་བདེ་ཡོང་ཆེད་ཆིང་ཆིས་སྟེང་གསེར་ཤོག་སྦྱོར་གྱི་ཡོད། དེར་བརྟེན་སྔར་སྲོལ་གྱི་སྦྱར་ལེན་བཟོ་སྟངས་དེ་ཡང་ཧ་ལམ་མཐོང་རྒྱུ་མེད་པར་གྱུར་ཟིན། ཆིང་ཆིས་སྟེང་གསེར་ཤོག་སྦྱོར་སྐབས་ཆིང་ཆིས་སྐམ་རློན་འཚམས་པོ་དགོས་པ་དང་། ཆིང་ཆིས་སྐམ་རློན་འཚམས་པོ་མ་བྱུང་ཚེ་གསེར་ཤོག་གི་མདངས་ཡག་པོ་ཐོན་མི་ཐུབ། སྐམ་རློན་འཚམས་པོ་ ནི་ཆིང་ཆིས་ཡོངས་སུ་མ་སྐམ་ཙམ་གྱི་དུས་དེ་ཡིན་པས་སྐབས་དེར་ངེས་པར་དུ་གསེར་ཤོག་སྦྱོར་ཐུབ་པ་བྱེད་དགོས། གསེར་ཤོག་སྦྱར་ཟིན་མ་ཐག་གསེར་གད་བྱེད་མི་རུང་ཞིང་ཉུང་མཐར་ཡང་ཆུ་ཚོད་བཅུ་ཙམ་སྐམ་རྗེས་གསེར་གད་བྱ་དགོས།(གསེར་གད་ཞེས་པ་ནི་གསེར་ཤོག་སྦྱོར་ཡུལ་གྱི་ལྷག་རོ་རྣམས་གཙང་མ་བཟོ་རྒྱུར་བརྗོད།) གནའ་རབས་བོད་ཀྱི་ལྡེབས་རིས་ཀྱི་ཆུ་དང་ཐལ་རྡུལ་སོགས་ཀྱི་གནོད་པ་འགོག་ཆེད་སྐྱེ་དངོས་ལས་བཟོས་པའི་“ཀ་པི་”ཞེས་པ་ཞིག་གཏོང་སྲོལ་ཡོད་ཀྱང་།དུས་རབས་བཅོ་བརྒྱད་ཡས་མས་ནས་བཟུང་རྒྱ་གར་ནས་ཐོན་པའི་ཧྲད་རྩི་དང་། ཟི་ལིང་ནས་ཐོན་པའི་ཟིང་སྐྲག་ཞེས་པ་དེ་དག་ལྡེབས་རིས་ཀྱི་ཆུ་དང་ཐལ་རྡུལ་སོགས་ཀྱི་གནོད་པ་འགོག་ཆེད་བྱུགས་རྒྱུར་དར་བཟོ་ཆེན་པོ་བྱེད་ཀྱི་ཡོད་པ་ནི་དུས་དེ་དག་གི་ལྡེབས་རིས་ལས་མངོན་ཐུབ་ལ། དེང་དུས་ཀྱི་ལྡེབས་རིས་གསར་པའི་སྟེང་དུའང་ཆིང་ཆིས་清漆ཞེས་པ་གཏོང་དང་གཏོང་མུས་སུ་གནས་ཡོད།གནས་ཚུལ་དེའི་ཐད་ཞིབ་འཇུག་པ་ཁག་གཅིག་ན་རེ། སྔ་མོའི་སྐྱེ་དངོས་ལས་བཟོས་པའི་“ཀ་པི་”ཞེས་པ་དེ་ནི་ཚན་རིག་དང་མཐུན་པའི་ལྡེབས་རིས་ཀྱི་ཆུ་དང་ཐལ་རྡུལ་འགོག་བྱེད་དང་འོད་བཏོན་ཡས་ཡག་པོ་ཞིག་ཡིན་པ་དང་། གཞན་དེ་དག་གིས་ལྡེབས་རིས་ཀྱི་ངོས་སུ་ཆུ་དང་ཐལ་རྡུལ་འགོག་ཐུབ་པ་དང་འོད་ཐོན་ཐུབ་ཀྱང་ལྡེབས་རིས་གོག་རྒྱུར་གནོད་སྐྱོན་ཆེན་པོ་བཟོ་དང་བཟོ་བཞིན་ཡོད་ཅེས་བཤད་པ་དེ་དག་ཀྱང་ཞིབ་འཇུག་གི་ཡུལ་ཞིག་ཡིན་ནོ།  ༤ ཞལ་ཕྱེ་སྤྱན་འབྱེད་བྱ་ཚུལ། ཞལ་ཕྱེ་སྤྱན་འབྱེད་བྱེད་རྒྱུ་ནི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་། ཡི་དམ་ཆོས་སྲུང་ཞི་དྲག མི་སྣ་འདྲ་མིན། སྲོག་ཆགས་ལ་སོགས་པ་རྣམས་ཀྱི་སོ་སོའི་རྣམ་འགྱུར་འདྲ་མིན་དང་། ཞི་དྲག་གི་རྣམ་པ་སོགས་མངོན་ཐུབ་པའི་གལ་ཆེ་བའི་ལས་ཀ་ཞིག་ཡིན་རྐྱེན། ལས་ཀ་དེ་ནི་དགེ་རྒན་ནམ་དབུ་ཆེ་རྣམས་ཀྱིས་གནང་དགོས་ཀྱི་ཡོད། དེ་བཞིན་ལྡེབས་རིས་དང་། ཐང་ཁ་སོགས་ཀྱི་གཙོ་ལྷའི་སྤྱན་འབྱེད་ནི་ངེས་པར་དུ་ཚེས་བཟང་ཞིག་བདམས་ཏེ་གནང་སྲོལ་ཡོད་པ་དང་། ཆ་རྐྱེན་འཛོམས་ཚེ་ཁྲུས་གསོལ་དང་རབ་གནས་བསྡུས་པ་ཡང་གནང་སྲོལ་ཡོད། དེ་ཉིན་རྟེན་འབྲེལ་མཚོན་ཆེད་“སྤྱན་སྟོན་”ཞེས་སྦྱིན་བདག་གིས་གཟབ་མཆོར་སྤྲས་ཏེ།ལྷ་བཟོ་བ་རྣམས་ལ་མཇལ་དར་བསྒྲོན་པ་དང་། གསོལ་སྟོན་བཤམས་པ། ཕྱག་རྟགས་ཕུལ་བ་སོགས་རྟེན་འབྲེལ་གང་གཟབ་གནང་སྲོལ་ཡོད་དོ། སྐམ་མདངས་རྒྱག་རྒྱུ་དང་། གསེར་རིས་འབྲི་རྒྱུ། གསེར་ཤོག་འབྱར་རྒྱུ། སྤྱན་དབྱེད་གནང་རྒྱུའི་གོ་རིམ་རྣམས་མི་མང་པོས་ལས་ཀ་བྱེད་དགོས་སྐབས་ངེས་པར་དུ་གོང་ཞུས་ཀྱི་གོ་རིམ་བཞིན་མ་བྱུང་ཀྱང་ཆོག་གོ།
          བཞི་པ། ལྡེབས་རིས་ཀྱི་ནང་དོན་སྐོར།
          བོད་ཀྱི་སྲོལ་རྒྱུན་ལྡེབས་རིས་ཀྱི་ནང་དོན་ནི་མཐའ་ཡས་པ་ཞིག་ཡིན་ཞིང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བརྙན་ལ་སོགས་ཆོས་ལུགས་ཀྱི་ནང་དོན་དང་། གསོ་རིག་སྨན་དཔྱད། གནམ་རིག་སྐར་རྩིས། གྲགས་ཅན་མི་སྣའི་ལོ་རྒྱུས་རྣམ་ཐར། ཡུལ་གོམས་གཤིས་ལུགས་སོགས་འཚོ་བ་དངོས་མཚོན་པའི་ནང་དོན་ལ་སོགས་པའི་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བ་ནི་བོད་ཀྱི་ཤེས་རིག་སྤྱིའི་དེབ་ཐེར་ཆེན་མོ་ཞིག་དང་གཉིས་སུ་མ་མཆིས། དེ་ཡང་ལྡེབས་རིས་ཀྱི་ནང་དོན་ཇི་ལྟར་འབྲི་ཚུལ་ཐད་ཅུང་ཞིབ་པར་ཞུས་ན།སྤྱིར་ལྡེབས་རིས་ནི་དགོན་སྡེའི་གཙང་ཁང་དང་། འདུ་ཁང་། ལྷ་ཁང་ལ་སོགས་པའི་ནང་དུ་འབྲི་སྲོལ་ཅུང་མང་བ་ཡོད་ལ། དེ་མིན་རྒྱལ་པོའི་ཕོ་བྲང་དང་། མི་དྲག་དཔོན་ཆེན་གྱི་གཟིམ་ཤག དེ་བཞིན་ད་ལྟ་མི་དམངས་ཀྱི་ཁང་པ་དང་། མགྲོན་ཁང་། ཟ་ཁང་། སྤྲོ་སྐྱིད་ཁང་ལ་སོགས་པའི་ནང་དུ་ཡང་ལྡེབས་རིས་འབྲི་སྲོལ་དར་བཞིན་ཡོད། འོན་ཀྱང་ནང་དོན་དང་ཐོབ་ཐང་མི་འདྲ་བའི་ཁྱད་པར་ཆེ་བས་དོ་སྣང་དང་ཡིད་གཟབ་བྱ་དགོས། དེ་ཡང་དཔེར་ན།     ༡ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དགོན་སྡེའི་ནང་རང་རང་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་ལྡེབས་རིས་འབྲི་དགོས་ཀྱི་ཡོད་པ་སྟེ།སངས་རྒྱས་ཆོས་ལུགས་པའི་དགོན་སྡེ་ཁག་ནང་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་གཙོས་འཕགས་པའི་གནས་བརྟན་བཅུ་དྲུག་དང་།དཔལ་ནཱ་ལེན་དྲའི་པཎ་གྲུབ་མཁས་དབང་རྣམས་དང་།དེ་དག་ལས་བརྒྱུད་པའི་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་དང་ཡི་དམ་ཆོས་སྲུང་སོགས་ནང་པའི་ཆོས་ཀྱི་བརྒྱུད་པའི་གོ་རིམ་མ་ནོར་བར་འབྲི་དགོས་ཀྱི་ཡོད།དཔེར་ན། འདུ་ཁང་གསེང་གཡབ་གྱི་གྱང་ངོས་སུ་གཙོ་བོར་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འབྲི་དགོས་པ་དང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནས་རྗེ་བཙུན་བྱམས་པ་མགོན་པོ་དང་། རྗེ་བཙུན་འཇམ་པའི་དབྱངས་ལ་བརྒྱུད་པ་དང་བྱམས་མགོན་ནས་ཐོགས་མེད་ལ་བརྒྱུད་པ་དང་། འཇམ་དབྱངས་ནས་ཀླུ་སྒྲུབ་ལ་བརྒྱུད་པ་སོགས་རིམ་བཞིན་བརྒྱུད་པའི་བླ་མ་རྣམས་དང་དེ་དག་གི་གཤམ་དུ་སོ་སོའི་ཡི་དམ་རྣམས་ཀྱང་འབྲི་སྲོལ་ཡོད། འདུ་ཁང་ནང་ངོས་ཐོད་ཀྱི་གྱང་སྟེང་དུ་གཙོ་བོར་སྟོན་པ་སངས་རྒྱས་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བ་དང་། རྒྱན་དྲུག་མཆོག་གཉིས་སོགས་དང་། གཡས་གཡོན་གྱི་གྱང་ངོས་ལ་མཛད་བརྒྱ་དཔག་བསམ་འཁྲི་ཤིང་ངམ། མཛད་པ་བཅུ་གཉིས་གང་རུང་འབྲི་སྲོལ་ཡོད་ལ། དེ་མིན་ཆོས་བརྒྱུད་གྲུབ་མཐའ་སོ་སོའི་སྲོལ་གཏོད་པ་པོའི་མཛད་རྣམ་ཡང་འབྲི་སྲོལ་ཡོད། སྒོའི་ནང་གི་གྱང་གཡས་གཡོན་གཉིས་ལ་ཆོས་སྲུང་ཁག་འབྲི་བ་དང་། སྒོ་འཕྱོར་ལ་རྒྱལ་ཆེན་བཞི་དང་། སྲིད་པ་འཁོར་ལོ། འདུ་བའི་དཔེ་བྲིས། དགེ་སློང་གི་ཡོ་ཆས་བཅུ་གསུམ། སེམས་གནས་དགུ་པ་དང་། གཞན་ཡང་བཀའ་དྲིན་ཅན་གྱི་མཁན་སློབ་ཆོས་གསུམ་དང་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་དྲན་ཆེད་སྡོམ་བརྩོན་དམ་པ་དང་། ས་དཔྱད་ངན་པ་སོགས་འགོག་ཆེད་རྣམ་བཅུ་དབང་ལྡན་སོགས་འབྲི་སྲོལ་ཡོད། མགོན་ཁང་ནང་གི་གྱང་ངོས་གཞི་ནག་པོའི་སྟེང་དུ་བསྟན་སྲུང་ཆོས་སྐྱོང་རྣམས་གསེར་རམ་ཚོན་སེར་པོ་གང་རུང་གིས་ཚོན་གཉིས་མའི་འབྲི་ཐབས་སྤྱད་དེ་འབྲི་སྲོལ་ཡོད། ཆོས་སྐྱོང་རྣམས་འབྲི་སྲོལ་ལ་རིགས་མི་འདྲ་བ་གཉིས་ཡོད་པ་སྟེ། ཆོས་སྐྱོང་རྣམས་ཀྱི་གཟུགས་དང་བཞོན་པ་ཕྱག་མཚན་སོགས་ཆ་ཚང་འབྲི་བ་ཞིག་དང་། གཟུགས་ཀྱི་སོབ་དང་། ཕྱག་མཚན། བཞོན་པ་སོགས་འབྲི་བ་ལས་བཞིན་རས་དང་ཕྱག་ཞབས་དངོས་སུ་མི་འབྲི་བ་གཉིས་ཡིན། གོང་ཞུས་རྣམས་ནི་སྤྱིར་བཏང་གི་དཔེ་མཚོན་ཙམ་ལས་ཞིབ་པ་དགོན་སྡེ་སོ་སོའི་ལྷ་ཁང་དང་། གཙུག་ལག་ཁང་གི་བཟོ་བཀོད་ཆགས་དབྱིབས་ཀྱི་ཁྱད་ཆོས་དང་། ཆོས་བརྒྱུད་གྲུབ་མཐའ་སོ་སོའི་མདོ་སྔགས་ཀྱི་བཞེད་པ་དང་བསྟུན་ནས་དེ་དང་མཐུན་པའི་བླ་མ་དང་། ཡི་དམ། སངས་རྒྱས། བྱང་སེམས། དཔའ་བོ། མཁའ་འགྲོ ཆོས་སྐྱོང་སོགས་རང་རང་གི་གོ་རིམ་མ་ནོར་བར་འབྲི་དགོས་རྒྱུ་གལ་ཆེའོ། ༢ རྒྱལ་པོའི་ཕོ་བྲང་དང་། གཟིམས་ཤག ཕལ་པའི་ཁྱིམ་གང་ཡིན་རུང་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞུགས་ཁང་དང་། ཆོས་ལུགས་ཀྱི་ཕྱག་ལེན་གནང་ཡུལ་དུ་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་རི་མོ་བྲིས་ན་ཆོག་ཅིང་། དེ་མིན་ཚོམས་ཆེན་དང་། གཟིམ་ཆུང་ཁག་ཏུ་ལོ་རྒྱུས་དང་། བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རི་མོ་སྣ་ཚོགས་པ་སྟེ། དཔེར་ན། མཐུན་པ་སྤུན་བཞི་དང་། ཚེ་རིང་རྣམ་དྲུག་ཧ་ཞང་སྦྱིན་བདག བཀྲ་ཤིས་རྫས་བརྒྱད། བཀྲ་ཤིས་རྟགས་བརྒྱད། འདོད་ཡོན་སྣ་ལྔ། ནོར་བུ་ཆ་བདུན། ཉེ་བའི་རིན་ཆེན་བདུན་སོགས་དང་། གཞན་ཡང་གངས་རི་དང་རྫ་རི། སྤང་རི་སོགས་ལས་ལྷུང་ལྷུང་དུ་འབབ་པའི་ཆུ་བོ་དང་། ལྗོན་ཤིང་དང་མེ་ཏོག་སྣ་ཚོགས། གཅན་གཟན་རི་དྭགས་དང་། བྱ་བྱིའུ་ལ་སོགས་པའི་སྲོག་ཆགས་སྣ་ཚོགས་འབྲི་སྲོལ་ཡོད་པ་བཞིན་དེ་ལྟར་དུ་བྲིས་ན་ལེགས། རྒྱལ་སྒོའི་ནང་གི་གྱང་གཡས་གཡོན་ལ་སྟག་སེང་ཁྱུང་འབྲུག་དང་། སོག་པོ་སྟག་འཁྲིད། ཨ་ཙ་ར་གླང་འཁྲིད་ལ་སོགས་པའི་རི་མོ་སྣ་ཚོགས་འབྲི་སྲོལ་ཡོད་པ་ཡང་ལྡེབས་རིས་རྙིང་པ་དག་ལས་ཤེས་ཐུབ། 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716