སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལོ་རྒྱུས་རིང་བའི་གནའ་བོའི་གར་དང་གར་གླུ་།
སྤེལ་དུས། 2016-12-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་རྡོ།

          འཛམ་གླིང་ཡོངས་ཀྱིས་གླུ་གར་གྱི་རྒྱ་མཚོར་ཁས་ཆེས་པའི་མཚོ་བོད་མཐོ་སྒང་ནི་རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། ཡིན་ཕྱིར་ཆུ་ཕྲན་ཐམས་ཅད་བསྡུས་ཞེས་པ་ལྟར་ཡུལ་ལུང་མི་འདྲ་བ་དང་། དུས་ཚོད་མི་འདྲ་བ། ས་བབ་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་པའི་གླུ་གར་གཙང་ཆབ་སྔོན་པོའི་རྒྱུན་ལྟར་ཕྱོགས་དང་མཐའ་མེད་པར་བཞུར་བཞིན་ཡོད་པ་དང་། ལྷ་མོ་དང་། གཞས་ཆེན། སྐོར་བྲོ། འཆམ། གར་གླུ། ལས་གཞས་སོགས་ས་མཐོའི་མཚོ་དང་མཚེའུ་ཡི་གྲངས་ལྟར་རྩིས་ལས་འདས། དེ་བཞིན་རྣམ་ཐར་དང་། མགུར་གླུ། གཞས་མ་གཏམ་སོགས་ཆུ་ཕྲན་ཡན་ལག་གི་ཚུལ་དང་བཅས་པ་མ་ཚང་བ་མེད་པས་གླུ་གར་གྱི་རྒྱ་མཚོའི་མིང་དེ་ངེས་པ་དོན་གྱིས་ཕྱུག་པ་ཞིག་ཡོད།
གར་གླུའི་ཐོག་མའི་བྱུང་ཚུལ་།
          བོད་དུ་གླུ་གར་དར་བའི་ལོ་དུས་ནས་བཤད་ན། ལོ་རྒྱུས་ཡིག་ཚགས་ནང་སྤྱི་ལོའི་སྔོན་གྱི་ལོ་རབས་བརྒྱ་ཕྲག་ལྔ་དྲུག་གི་གོང་དུ་ས་ཡི་ལེགས་དྲུག་གི་ཡ་གྱལ་དེ་ཤོ་ལེགས་ཀྱི་དུས་སུ་གླུ་དང་བྲོ་དར་བ་དང་བཙན་ལྔའི་མཐའ་མ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་གླིང་བུ་དར། དེ་ནས་རིམ་བཞིན་འཕེལ་རྒྱས་བྱུང་ནས་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་རོལ་མོ་གཞན་དང་གླུ་གར་རྒྱ་ཆེར་དར་བས་སྤྱི་ལོ་634ལོ་དང་641ལོ་སོ་སོར་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་གདན་འདྲེན་ཞུ་སྐབས་བོད་འབངས་རྣམས་ཀྱིས་གླུ་གར་དང་རྩེད་མོའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསུ་བ་ཞུས་པ་མ་ཟད། ལྷ་ལྡན་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཟིན་པའི་རྟེན་འབྲེལ་དུ་རྟ་རྒྱུག་མདའ་འཕེན་དང་། རྡོ་འགྱོགས། ལྷག་དོན་དུ་གླུ་གར་དང་འབྲོང་རྩེད་སོགས་རྩེད་ནས་རྟེན་འབྲེལ་གཟབ་རྒྱས་ཞུས་ལུགས་ལྷ་ལྡན་གཙུག་ལག་ཁང་གི་ལྡེབས་རིས་ངོས་སུ་གསལ་བར་བཀོད་ཡོད། དེ་རྗེས་བོད་བསིལ་པོའི་དུས་འགོར་མངའ་བདག་འོད་སྲུང་གི་རྒྱུད་པ་གུ་གེ་རྒྱལ་པོའི་སྐུ་དུས་སུ་ཤོན་འཁྲབ་སྲོལ་རྒྱ་ཆེར་དར་བས་སྤྱི་ལོ་1040ཙམ་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུ་སྐབས་ཤོན་གྱི་འཁྲབ་སྟོན་གཟབ་རྒྱས་བྱས་པ་དག་ད་ཆ་གུ་གེའི་ཕོ་བྲང་གི་ལྷ་ཁང་དམར་པོའི་ལྡེབས་རིས་ཀྱི་དབུས་སུ་གསལ་ཐག་ཆོད་འཁོད་ཡོད།
          སྐབས་དེར་སྟོད་མངའ་རིས་ཁུལ་དུ་ཤོན་ནམ་གར་ཤོན་ཞེས་པ་ཞིག་དར་ཞིང་། ཤོན་ཞེས་པ་ནི་ཞང་ཞུང་གི་སྐད་དོད་ཡིན་པ་ལས་དོན་དུ་གླུ་གར་གྱི་དོན་ཡིན་ཅིང་། གུ་གེའི་ཤོན་ལ་ཤོན་ཆེན་བཅུ་གསུམ་ཞེས་དུམ་བུའམ་ལེ་ཚན་བཅུ་གསུམ་ལས་གྲུབ་པ་དང་འཁྲབ་ཆས་དང་། འཁྲབ་པའི་དུས་ཚོད། འཁྲབ་མཁན་མི་གྲངས་བཅས་ལ་ཚད་འགག་ནན་པོ་ཡོད་པ་དང་དང་ཐོག་མཛད་སྒོ་ཆེ་གྲས་དང་ལོ་གསར་སོགས་ཀྱི་སྐབས་སུ་ཕོ་བྲང་ནང་འཁྲབ་པ་དང་། མཐོ་ལྡིང་དགོན་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཆེ་གྲས་སྐབས་སུ་གཞི་ནས་འཁྲབ་པ་ལས་རྣམ་ཀུན་གང་འདོད་དུ་འཁྲབ་ཀྱི་མེད་པར་མངོན། འོན་ཀྱང་ཕྱིས་རྩ་མདའ་དང་། རུ་ཐོག སྤུ་ཧྲེང་། སྒར་རྫོང་སོགས་ཀྱི་དམངས་ཁྲོད་དུའང་དར་ཁྱབ་ཆེན་པོ་བྱུང་བ་དང་འཁྲབ་སྟོན་གྱི་དུས་ཚོད་སོགས་ལ་ཡང་བཀག་ཆ་ཆུང་དུ་ཕྱིན་ཡོད། གནའ་ཉམས་དོད་པའི་འཁྲབ་ཆས་དང་། སྙན་འཇེབས་ལྡན་པའི་གདངས་དབྱངས། ངོ་མཚར་ཆེ་བའི་སྟངས་སྟབས་ལྡན་པའི་ཤོན་ལ་མདུན་ཤོན་དང་། རྒྱབ་ཤོན། བྲོ་ཤོན་བཅས་རིགས་གསུམ་ཡོད་པའི་མདུན་ཤོན་ནི་ལག་གདང་སྦྲེལ་ནས་འཁྲབ་རྒྱུ་དེ་ཡིན་པ་དང་། རྒྱབ་ཤོན་ནི་རྒྱབ་ལག་བྱས་ནས་འཁྲབ་པ། བྲོ་ཤོན་ནི་གཞས་གཏོང་བཞིན་དུ་བྲོ་འཁྲབ་པ་དེ་ཡིན། སྤྱིར་ཤོན་གྱི་ཕྱག་རྒྱ་སྟངས་སྟབས་གཙོ་བོ་ནི་སྟར་ཕྲེང་སྒྲིག་པའམ་སྒོར་ཕྱེད་ཀྱི་རྣམ་པའི་ཐོག་ནས་རྐང་པ་རྐྱང་སྐུམ་དང་ལྡོག་འགྲོས་བྱེད་བཞིན་དུ་ལུས་སྟོད་རྒྱབ་མདུན་གཉིས་སུ་འགུལ་རྒྱུ་དེ་ཡིན་ཞིང་། རམ་འདེགས་རོལ་མོ་ནི་སྒྲ་སྙན་དང་། གཤང་། ཌ་མ་རུ། རྔ་བཅས་ཡིན། མདོར་ན་ཤོན་གྱི་གཞས་མདངས་སྙན་འཇེབས་ཡིད་དབང་འཕྲོག་ལ་སྟངས་སྟབས་གནའ་ཉམས་དོད་ཅིང་བྱིན་ཆགས་པ་ཞིག་ཡོད། མཁས་པ་ལ་ལས་ཤོན་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་ཚུལ་ཡང་གླེང་ཞིང་དེའི་རྒྱུ་མཚན་ནི་ལོ་རྒྱུས་ཡིག་ཆ་ལས་སྟོན་པ་གཤེན་རབ་མི་བོ་ཆེ་གདན་དྲངས་སྐབས་ཤོན་འཁྲབ་ཚུལ་འཁོད་པ་སྒྲུབ་བྱེད་དུ་འཇོག་གི་ཡོད། གང་ལྟར་ཤོན་ནི་ལོ་རྒྱུས་རིང་ལ་བོད་གནའ་རབས་ཀྱི་གླུ་གར་གལ་ཆེན་ཞིག་ཡིན་པ་སྙོན་དུ་མེད་པ་ཞིག་རེད། ཤོན་ལ་གར་ཤོན་ཞེས་འབོད་དོན་ནི་རྒྱ་ཆེ་ས་ནས་བཤད་ན་ཤོན་ནི་གར་གྱི་རིགས་སུ་གཏོགས་པ་མ་ཟད། སྐབས་དེར་གར་དང་ཤོན་མཉམ་དུ་འཁྲབ་སྲོལ་དར་བས་དེ་ལྟར་འབོད་ཚུལ་ཆགས་པ་ཞིག་ཡིན་ལ། སྐབས་ཤིག་རིང་མངའ་རིས་ཀྱི་སྤུ་ཧྲེང་དང་། རུ་ཐོག། རྩ་མདའ་སོགས་སུ་སྒྱུ་རྩལ་དེ་དར་འཕེལ་ཆེན་པོ་བྱུང་།
          དེ་རྗེས་བོད་ཀྱི་ལོ་རྒྱུས་ཨ་སྔོན་ཡངས་པོར་ལོ་ཟླའི་འཆར་ནུབ་མང་དུ་འདས་རྗེས་ཀྱི་གཙང་པ་རྒྱལ་པོའི་དུས་སུ་མངའ་རིས་གུང་ཐང་གི་ས་ཁུལ་རྣམས་དབང་དུ་བསྡུས་རྗེས་མངའ་རིས་ཀྱི་བྲོ་གར་པ་རྣམས་ཕོ་བྲང་དུ་བསྐོངས་ནས་འཁྲབ་སྟོན་བྱེད་དུ་བཅུག་པའི་ལོ་རྒྱུས་ཡོད་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱི་ལོ་1688ལོར་བྲོ་གར་དང་། གླུ་དབྱངས། རོལ་ཆ་བཅས་སྔར་ཡོད་ཞུ་དག་དང་། ཉམས་པ་སླར་གསོ། སྔར་མེད་གསར་གཏོད་བཅས་བྱས་པའི་ཐོག་ལ་དྭགས་ཁུལ་ནས་རྒད་པོ་མ་ཎི་དེ་བ་སོགས་རོལ་མོའི་སྒྱུ་རྩལ་སྤྱི་ལ་མཁས་པ་དང་། ཞབས་གཞས་ལ་མཁས་པ། སུར་རྣ་དང་གླིང་བུ་གཏོང་མཁས་པ། སྒྲ་སྙན་གཏོང་མཁས་པ་བཅས་མི་གྲངས་ལྔ་མཉམ་བསྡུས་ཀྱིས་ཁོང་ཚོས་ཕུལ་བའི་ཟིན་བྲིས་གཞིར་བཟུང《གནའ་བོའི་ལུགས་བཟང་ཡ་རབས་སྲོལ་གཏོད་པའི་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན》ཞེས་པའི་དེབ་གསར་རྩོམ་མཛད་དེ་བྲོ་གར་དང་། གླུ་གཞས། རོལ་ཆ་བཅས་གཅིག་ཏུ་བསྡུས་པའི་དེབ་གཞུང་ཐོག་མར་བཏོན། གང་དེས་སྔར་ཡོད་མངའ་རིས་ཀྱི་བྲོ་གར་འཁྲབ་མཁན་རྣམས་གཅིག་སྡུད་ཐོག་གར་པའི་ཆེད་ལས་ཚོགས་པ་ཞིག་བཙུགས་པར་མིང་གྲགས་ཆེན་པོ་བྱུང་བས་དུས་ཕྱིས་བར་གནས་པའི་རྩེ་ཕོ་བྲང་གི་གར་པའི་ཚོགས་པ་དེ་ཡིན།
 
          གར་གླུ་མྱུར་སྐྱོབ་བྱས་ཚུལ་།
          གར་ནི་རིགས་གཞུང་གི་མ་ལག་ཆ་ཚང་བའི་སྒྱུ་རྩལ་ཞིག་ཡིན་སྟབས་ཡུན་རིང་གི་ལོ་རྒྱུས་ནང་སྒྱུ་རྩལ་མཁས་དབང་ཚོས་ཉམས་ཞིབ་ཡང་ཡང་བྱས་རྗེས་སྒེག་པ་དང་། དཔའ་བ། མི་སྡུག་པ་སོགས་ལུས་ཀྱི་རྣམ་འགྱུར་དང་ངག་གི་སྨྲ་བརྗོད་གཉིས་ལ་བརྟེན་ནས་འཁྲབ་ཆ་མི་འདྲ་བ་སོ་སོའི་ཉམས་འགྱུར་དངོས་སུ་མཚོན་པ་བྱེད་པའི་གར་གྱི་ཆ་བྱད་དགུ་དང་། རྩེད་འཇོའི་ཉམས་དང་། དགོད་པའི་ཉམས། སྙིང་རྗེའི་ཉམས་སོགས་གར་གྱི་ཉམས་བརྒྱད། དེ་བཞིན་ཟློས་གར་གྱི་བསྟན་བཅོས་ནང་། འཇིག་ཤིང་རྔམས་པའི་གར་རྣམས་ལ། ཧ་ཅང་སོར་ན་སྐྱོན་ཡིན་ནོ། འགྱིང་ཤིང་མཉེན་པའི་གར་རྣམས་ལ། ཧ་ཅང་གཉོས་ཆུང་སྐྱོན་ཡིན་ནོ། འཁྱུག་ཅིང་བདེ་བའི་གར་རྣམས་ལ། ཧ་ཅང་རྟབ་རྟོབ་སྐྱོན་ཡིན་ནོ། དལ་ཞིང་ལྷོད་པའི་གར་རྣམས་ལ། ཧ་ཅང་སྒྱིད་ལུགས་སྐྱོན་ཡིན་ནོ། སྒེག་ཅིང་ཆགས་པའི་གར་རྣམས་ལ། ཧ་ཅང་བསྒྱུར་ན་སྐྱོན་ཡིན་ནོ་ཞེས་གསུངས་པ་ལྟར་གར་གྱི་སྒྱུ་རྩལ་ལ་རིགས་གཞུང་གི་རྒྱབ་རྟེན་ཧ་ཅང་བཙན་པོ་ཡོད་པའི་ཐོག་ད་དུང་དབྱངས་ཀྱི་ངེས་པ་བདུན་དང་། རོལ་མོའི་བྱེ་བྲག་བཅོ་བརྒྱད་སོགས་གླུ་གར་གྱི་རྩ་འཛིན་ཧ་ཅང་མང་པོ་ཡོད་པ་རེད།
          དེ་ལྟར་ཡིན་རུང་སྐབས་ཤིག་རིང་དེ་སྔ་ཕོ་བྲང་ནང་དུ་འཁྲབ་པའི་གར་གྱི་སྒྱུ་རྩལ་ཅུང་ཉམས་སྟབས་1982ལོར་ལྗོངས་རིག་གནས་ཐིང་དང་། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས་སྐབས་དེར་འཚོ་ཞུགས་པའི་གར་དཔོན་པ་སངས་དོན་གྲུབ་དང་། གར་པ་དར་རྒྱས། གར་ཕྲུག་བྱམས་པ་བརྩོན་འགྲུས་སོགས་གདན་དྲངས་ནས་ལྷ་ས་ཁུལ་ནས་ཆ་རྐྱེན་ལེགས་པའི་བྱིས་པ་ཉི་ཤུ་ལྷག་ཙམ་བསྡུས་ནས་ལོ་ངོ་གསུམ་ཙམ་སློབ་སྦྱོང་བྱས་པས་ཕོ་བྲང་པོ་ཏ་ལའི་གར་རྒྱུན་ཕལ་ཆེར་ཉམས་གསོ་བྱུང་ཡོད་ལ་སྒྲ་ཕབ་དང་བརྙན་ཕབ་བྱས་ནས་པར་སྐྲུན་བྱས་པས་གནའ་བོའི་གར་དང་གར་གླུའི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། དེ་རྗེས་གཙང་བཀྲ་ཤིས་ལྷུན་པོ་དང་། ས་སྐྱ་དགོན་པ། ཆབ་མདོ་བྱམས་པ་གླིང་དགོན་སོགས་ཀྱི་གར་ཡང་རིམ་བཞིན་སླར་གསོ་བྱུང་ཡོད། ད་དུང་1986ལོར་བོད་ལྗོངས་གླུ་གར་ཚོགས་པས་གར་དཔོན་པ་སངས་དོན་གྲུབ་ལགས་གདན་དྲངས་ནས་སྒྱུ་རྩལ་མི་སྣ་ཚོར་གར་དང་གར་གླུའི་གཟབ་སྦྱོང་གནང་བས་ད་ལྟ་འཁྲབ་སྟོན་ཚོགས་པ་ཁག་གིས་གར་སྟེགས་ཐོག་་་ཏུའང་འཁྲབ་སྟོན་བྱས་ནས་གནའ་བོའི་གར་པའི་ཉམས་བཟང་དང་གར་གླུའི་འགྱུར་ཁུག་དེང་གི་མི་ཚོས་ལོངས་སུ་སྤྱོད་ཐུབ་པའི་སྐལ་པ་བཟང་པོ་དེ་བྱུང་ཡོད།
          གར་པའི་སྒྱུ་རྩལ་དར་འཕེལ་བྱུང་ཚུལ་།
          དུས་རབས་བཅུ་བདུན་པ་ཙམ་ལ་བཙུགས་པའི་གར་པའི་ཆེད་ལས་ཚོགས་པ་དེའི་སྒྲིག་གཞི་ཚགས་ཚུད་པོ་ཡོད་པས་ཆེད་མངགས་གཞུང་སྒེར་ཆོས་གསུམ་ནས་ལོ་བཅུ་ཡས་མས་ཀྱི་བྱིས་པའི་གར་ཕྲུག་བསྡུས་ནས་གསོ་སྐྱོང་བྱེད་པ་དང་། གར་གྱི་རྣམ་གྲངས་གཏན་འཁེལ་དང་རོལ་ཆ་རིམ་བཞིན་མང་དུ་བཏང་བ། ད་དུང་གར་གྱི་རོལ་ཆ་སྣ་ཚོགས་དཀྲོལ་གཏོང་དང་། གར་གླུ་གཏོང་རྒྱུར་མཁས་པ། གར་འཁྲབ་རྒྱུ་ཚད་དང་ལྡན་མིན་བཅས་ཀྱི་རྒྱུགས་ལེན་བྱས་རྗེས་གར་དཔོན་བསྐོ་གཞག་བྱེད་ཀྱི་ཡོད་པ་མ་ཟད། གར་དཔོན་ལ་གར་དོན་གྱི་དབང་ཆ་ཚང་མ་ཡོད་ཀྱང་མཛད་སྒོ་ཆེ་གྲས་སྐབས་རྩེའི་མཁན་མགྲོན་ཆེ་མོ་ནས་ཐད་ཀར་བཀོད་འདོམས་བྱེད་ཀྱི་ཡོད་པ་དང་། དེ་མིན་གར་ཕྲུག་རྣམས་ནར་སོན་རྗེས་རིག་གནས་ཆུ་ཚད་ཅུང་མཐོ་བ་རྣམས་རྩེ་ཕྱག་དང་ཞོལ་དྲུང་དུ་བསྐོ་གཞག་བྱེད་པ་དང་རིག་གནས་ཆུ་ཚད་ཅུང་དམའ་བ་རྣམས་རྩེ་གཉེར་དང་། ཤོད་གཉེར། ཞོལ་ནང་བཅས་སུ་བསྐོ་གཞག་བྱེད་ཀྱི་ཡོད། ལོ་རེའི་གར་འཁྲབ་པའི་དུས་ཚོད་གཙོ་བོ་ནི་ལོ་གསར་ཚེས་གཅིག་དང་གཉིས་ཉིན་རྩེ་ཕོ་བྲང་གི་ཚོམས་ཆེན་ནང་འཁྲབ་དགོས་པ་དང་། ཚེས་གསུམ་དང་། ཉེར་བདུན་བཅས་ལ་རྫོང་རྒྱབ་ཀླུ་ཁང་དུ་རོལ་ཆ་འབུད་དཀྲོལ་དང་གར་གླུ་གཏོང་བ་སོགས་བྱེད་ཀྱི་ཡོད། དེ་མིན་ལོ་རེའི་ཚོགས་མཆོད་སེར་སྦྲེང་སྐབས་སུ་གཙུག་ལག་ཁང་གི་ཁྱམས་རའི་སྒོ་ཕྱོར་མདུན་དང་། ཞོལ། ར་མོ་ཆེ་བཅས་ལ་གར་ཐེངས་རེ་འཁྲབ་དགོས་པ་དང་། ད་དུང་བྱམས་པ་གདན་འདྲེན་ཞུ་བ་སོགས་གལ་ཆེའི་སྐབས་སུ་བརྡ་མ་དང་སུར་རྣས་སྤྱན་འདྲེན་ཞུ་དགོས་རིགས་ཀྱང་ཁ་ཤས་ཡོད། གར་འཁྲབ་སྐབས་གར་སྣེ་ཁྲིད་མཁན་དང་གར་མཇུག་འགྲིལ་མཁན་གཉིས་ཀྱིས་གོས་ཆེན་དཀར་པོའི་ཕྱུ་པ་རེ་གྱོན་པ་ལས་དེ་བྱིངས་ཀྱིས་གོས་ཆེན་སྣ་ཚོགས་ཀྱི་ཕྱུ་པ་གྱོན་ཞིང་། གར་དཔོན་དང་གར་སྣེ་ཁྲིད་མཁན་གྱི་ཞྭ་མོའི་རྒྱབ་ཛར་ཅུང་མི་འདྲ་བ་ཡོད་པར་གྲགས་པ་ལས་གཞན་རྣམས་གཅིག་མཚུངས་ཡིན་པ་རེད།
          སྤྱིར་གར་ནི་དང་ཐོག་མཆོད་སྤྲིན་གྱི་རྣམ་པ་ལྡན་ལ་གཙོ་བོ་བླ་ཆེན་ཁག་ལ་འབུལ་རྒྱུ་ཡིན་སྟབས་ཐོག་མར་འཁྲབ་སྟོན་པ་སྐྱེས་པ་ཤ་སྟག་ཡིན་ལ་རོལ་ཆའི་གྲས་སུ་སུར་སྣའམ་རྒྱ་གླིང་དང་། བརྡ་མ་སྒྲ་ཆེ་ཆུང་གཉིས། སྒྲ་སྙན། གླིང་བུ། ཡང་ཆིང་། ཐེ་ཆིང་བཅས་དང་ཕྱག་མཚན་གྲི་དང་དགྲ་ཁྱིའུ་སྟེ་སྟེའུ་ཆུང་གི་རྣམ་པ་ཅན་ཞིག་འཁུར་གྱི་ཡོད། གར་ལ་དབྱེ་ན་ཕོ་གར་དང་། མོ་གར། གར་གླུ་མཉམ་གཏོང་། རོལ་ཆ་མཉམ་དཀྲོལ། གྲི་གར། ཕེབས་རྔ་སོགས་ལེའུ་50ཡོད་པ་དེ་དག་ལ་གླུ་གར་གྱི་རིགས་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པར་གྲགས། གཞས་ཚིག་ནི་མཆོད་སྤྲིན་གྱི་ནང་དོན་ཕུད། རི་ཆུ་རྩི་ཤིང་ལ་བསྟོད་པ་དང་། ལོ་རྒྱུས་ཀྱི་དོན་ཆེན་ལ་བསྔགས་པ་སོགས་རེད། བོད་ཀྱི་ས་གནས་ཁག་ཏུ་དར་བའི་གར་གྱི་འཁྲབ་སྲོལ་ཕལ་ཆེར་མཚུངས་པར་རུ་སྟར་གཅིག་གམ་གཉིས་སུ་བསྒྲིགས་ནས་སྐུ་མགྲོན་ལ་ཁ་ཕྱོགས་ནས་བྲོ་འཁྲབ་བཞིན་གཡས་གཡོན་དུ་སྐྱོད་པ་དང་། ཡང་ན་རིམ་པ་སྟར་ཆགས་སུ་བསྒྲིགས་ནས་རྒྱབ་མདུན་གཉིས་སུ་རྡོག་བྲོ་འཁྲབ་པ་དང་གཡས་གཡོན་གཉིས་སུ་བསྣོལ་རེས་བྱེད་པ་མ་ཟད། པུས་མོ་ཡ་གཅིག་ས་ལ་འཛུགས་བཞིན་ལག་གིས་ཕྱག་རྒྱ་བྱེད་པ་དང་ཡར་ལངས་ནས་རོལ་ཆ་དཀྲོལ་རྡུང་འབུད་གསུམ་བྱེད་པ་སོགས་ལེ་ཚན་མང་པོ་ཡོད། དེའི་ཁྱད་ཆོས་གཙོ་བོ་ནི་ཕྱག་རྒྱ་དལ་ཞིང་བབ་ཆགས་པ་དང་། རོལ་དབྱངས་ཞི་དུལ་གནའ་ཉམས་དོད་པ། མཆོད་བསྟོད་ཀྱི་རྣམ་པ་ཟབ་ཅིང་གཟིགས་མཁན་ལ་གུས་ཚུལ་ཆེ་བ་བཅས་ཡོད་པས་བོད་ཀྱི་གནའ་བོའི་ཞབས་གཞས་དང་རོལ་མོར་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་ཅན་ཞིག་ཡིན། ལྷག་དོན་དུས་རབས་བཅུ་བདུན་པ་ཙམ་ལ་གཞིས་རྩེ་དང་ལྷ་ས་ཁུལ་དུ་གར་གྱི་སྒྱུ་རྩལ་དར་ཁྱབ་ཆེན་པོ་བྱུང་བས་ཕོ་བྲང་ནང་ཙམ་མ་ཟད། དགོན་སྡེ་ཁག་གི་ནང་དུ་ཡང་འཁྲབ་སྲོལ་རྒྱ་ཆེར་དར། ལྷག་དོན་གར་དཔོན་མཇུག་མ་པ་སངས་དོན་གྲུབ་ལགས་ཀྱིས་གར་གྱི་འཁྲབ་གཞུང་ནང་རོལ་ཆ་ཡང་ཆིང་དང་ནང་མ་དང་སྟོད་གཞས་ཏེ། སྟོད་གཞས་ནི། མངའ་རིས་ཁུལ་ནས་དར་ཁྱབ་བྱུང་བ་དང་ཞབས་བྲོ་དང་རོལ་མོ་གཅིག་ཏུ་འདྲེས་ནས་སྐྱེས་པ་རྣམས་ཀྱིས་གཞུ་མོ་བཀུག་ནས་མདའ་མོ་འཕེན་ཚུལ་དང་བུད་མེད་ཚོས་སྤུན་དོག་བཀལ་ནས་འཐག་ལས་བྱེད་ཚུལ་ཐོག་མའི་སྟངས་སྟབས་སུ་གྱུར་ཅིང་། ལྷོ་བྱང་གཉིས་སུ་དབྱེ་བའི་ལྷོ་རྒྱུད་ཀྱི་སྟོད་གཞས་དལ་ཞིང་ལྷོད་ལ་སྙན་འཇེབས་ལྡན་པ་དང་བྱང་རྒྱུད་ཀྱི་སྟོད་གཞས་དཔའ་ཉམས་དང་བློ་གཤོགས་ཀྱིས་ཕྱུག་པ་ཞིག་ཡོད། དེ་ལྷ་ས་ཁུལ་དུ་དར་རྗེས་དལ་གཞས་དེར་རྒྱང་གཞས་སུ་འབོད་པ་དང་ཞབས་བྲོ་དང་སྦྲགས་ནས་མགྱོགས་གཞས་གཏོང་བ་དེར་འཁྲུག་གཞས་ཞེས་འཁྲབ་ཚུལ་ཁག་གཉིས་ཡོད་པ་དེ་དང་ནང་མ་སྟེ། འཁྲབ་ཚུལ་ཁག་གསུམ་ཡོད་པའི་གཞས་དང་ཞབས་བྲོ་གང་ཡང་མེད་པར་རོལ་མོ་ཁོ་ན་དཀྲོལ་བའི་འགོ་འཛུགས་པའི་གདངས་དབྱངས་འཇོག་དང་། ཞབས་བྲོ་དེ་ཙམ་མེད་རུང་སྟངས་སྟབས་སྒེག་ཉམས་དོད་པ་དང་ཕྱག་འབུལ་དང་ཐལ་མོ་སྦྱོར་བ་སོགས་གུས་ལུགས་ཀྱི་ཕྱག་རྒྱ་ལྡན་ཞིང་གདངས་དབྱངས་སྙན་ཞིང་བག་ཕེབས་པའི་རྒྱང་གཞས། མཚམས་ཚིགས་ཀྱི་འགྱུར་ཁུག་མྱུར་ལ་སྤྲོ་སྣང་རྒྱས་པའི་འཁྲུག་གཞས་བཅས་ལས་གྲུབ་ཅིང་། གཞས་ཚིག་ཕལ་ཆེ་བ་དྲུག་ཚིག་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་ཅིང་འགྱུར་ཁུག་སྙན་པའི་ནང་མ་གཉིས་གར་གྱི་ནང་དོན་དུ་བསྣན་པས་གར་གྱི་སྒྱུ་རྩལ་ཧ་ཅང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716