ཡིད་འཕྲོག་གི་ཁམས་པ། ཆབ་མདོ་ཡི་དུས་ཆད། ལོ་འཁོར༡༣ལ་རེ་སྒུག་བྱས་པའི་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཀྱི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཡང་བསྐྱར་ཁམས་ཁུལ་གྱི་ལྟེ་བ་ཆབ་མདོ་རུ་འཚོགས་པ་དང་། ཟླ༡༠ཚེས༢༣ཉིན་ཆབ་མདོ་ས་ཁུལ་གྱིས་གཙོ་སྒྲུབ་གནང་བའི་སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཅིང་ཁྲང་ལུས་རྩལ་རིག་གནས་ལྟེ་གནས་སུ་བདེ་བླག་ངང་མཇུག་བསྡུས། ཚེས༡༩ཉིན་གྱི་འགོ་ཚུགས་མཛད་སྒོ་ནས་ཚེས༢༣ཉིན་མཇུག་བསྡུ་བའི་བར་ཏེ་ཉིན༥ཡི་ནང་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་མཇུག་བསྡུའི་མཛད་སྒོ་རུ་ས་ཁུལ་བཞིས་རིག་རྩལ་འགྲེམས་འཁྲབ་དང་། དཔེ་དེབ་དང་མཛེས་ལྗོངས་འགྲེམས་སྟོན། དམངས་ཁྲོད་ལུས་རྩལ་འགྲན་སྡུར། རྒྱན་གོས་འགྲེམས་འཁྲབ་སོགས་འཕྲོ་རིམ་འཕྲོར་འཁྲབ་སྟོན་བྱས་པ་དང་། དེས་ཐད་ཀར་ཁམས་ཁུལ་གྱི་གླུ་གཞས་དང་ཞབས་བྲོ། གཞས་མ་གཏམ་སོགས་ཡར་ངོས་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པ་མངོན་མཚོན་བྱས་ཡོད། གཟིགས་མོ་བ་ཁྲི་སྟོང་ལྷག་གིས་བརྙན་འཕྲིན་ཐད་གཏོང་དང་སྒྲ་འབེབས་སོགས་བརྒྱུད་ནས་འཁྲབ་སྟོན་ལ་བལྟས་པ་དང་། མང་ཚོགས་ཁྲི་སྟོང་མང་པོ་ཡུལ་དངོས་སུ་གཟིགས་མོར་ཕེབས་ནས་རིག་གནས་ཀྱི་གསོལ་སྟོན་མི་སེར་རང་ཉིད་ཀྱི་དུས་ཆེན་ལྟར་སྒྲུབ་ཡོད།
ཚེས༡༩ཉིན་གྱི་སྔ་དྲོར་ཅིང་ཁྲང་ལུས་རྩལ་རིག་གནས་ལྟེ་གནས་སུ་སྙན་འཇེབས་ཀྱི་རོལ་དབྱངས་ཀྱིས་ཁྱབ་ཅིང་ཁ་དོག་སྣ་ལྔའི་ལྒང་ཞུ་མཁའ་རུ་སྤུར་ཡོད་པ་དང་། ལུས་ལ་གཟབ་འཕྱོར་སྤྲས་པའི་ས་ཁུལ་བཞི་ནས་ཡོང་བའི་མི་རིགས་ཁག་གི་མི་དམངས་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་ལྷན་དུ་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ། ཆུ་ཚོད༩དང་སྐར་མ༣༠སྟེང་ཅིང་ཁྲེང་རིག་གནས་ལྟེ་གནས་སུ་མི་ཚོགས་ཀྱི་རླབས་རྒྱུན་འཕྱུར་བ་དང་ མི་རིགས་ཁག་གི་མི་དམངས་ཀྱིས་གནས་འདི་བསྐོར་ནས་འཚང་ཁ་ཤིག་ཤིག་བྱེད་ཀྱི་ཡོད། སྐབས་བདུན་པའི་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་མུ་འབྲེལ་ས་ཁུལ་གྱི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་གནས་འདི་རུ་བསྡུས་པ་རེད། དཀར་མཛེས་དང་བདེ་ཆེན། ཡུལ་ཤུལ་རང་སྐྱོང་ཁུལ་གྱི་ཚབ་བྱེད་པ་དང་། ས་ཁུལ་ཡོངས་ནས་སླེབས་པའི་རིམ་ཁག་སྡེ་ཚན་དང་ཁེ་ལས། ལས་རིགས། ཚན་པ། ཞིང་འབྲོག་མང་ཚོགས། སློབ་མ། སྤྱི་བདེ་ཉེན་རྟོག་བཅས༦༠༠༠ལྷག་ཏེ་ལས་བྱེད་མང་ཚོགས་ཀྱི་ཚབ་བྱེད་པ་རྣམས་ལྷན་འཛོམས་བྱུང་བས་ཐུན་མོང་གིས་ལོ་གསུམ་རིང་ཐེངས་གཅིག་ལ་གཉེར་བའི་རིག་རྩལ་སྤྲོ་ཚོགས་ཆེན་མོར་དགའ་སྤྲོའི་རྟེན་འབྲེལ་ཞུས་པ་རེད།
LEDབརྙན་འཆར་ངོས་སུ་བརྗིད་ཉམས་ལྡན་པའི་དཔེ་རིས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱེད་ལ་གནའ་བོའི་མཚར་སྡུག་གི་གཏམ་རྒྱུད་རེ་རེ་ལས་རྫོང་མཐུག་པོའི་ཁམས་པའི་རིག་གནས་བརྗོད་བཞིན་ཡོད ། འགོ་ཚུགས་མཛད་སྒོའི་སྡེ་ཚན་དང་པོ༼བོད་ཤར་རྒྱུད་ཀྱི་མཛའ་མཐུན༽ཞེས་པ་ལས་ཐང་ཆེན་གྱི་རིག་རྩལ་འཁྲབ་སྟོན་ཆེ་གྲས་དངོས་སུ་འཁྲབ་འགོ་ཚུགས་པ་དང་། རིམ་བཞིན༼གཙང་པོ་གསུམ་གྱི་མཛའ་མཐུན༽དང༼ཆབ་མདོའི་བརྩེ་སེམས༽༼ཁམས་པའི་ཕུགས་འདུན༽བཅས་སྡེ་ཚན་ཆེན་པོ༤དང་ལེ་ཚན༡༣འཁྲབ་སྟོན་བྱས་པར་གཟིགས་མོ་བས་དགའ་བསུ་ཆེན་པོ་ཐོབ་པ་རེད།
ཚེས༡༩ཉིན་གྱི་དགོང་མོར་སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཏེ་ཆབ་མདོའི་ཆེད་སྒྲིག་རིག་རྩལ་སྤྲོ་ཚོགས་ཆབ་མདོའི་ཐོག་ཁང་ཆེན་མོའི་སྙན་ཞུ་ཁང་དུ་འཚོགས་པ་རེད། ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པ་དང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། གཙང་གསུམ་གཞོན་ནུ་སྒྱུ་རྩལ་ཚོགས་པ། གཙང་གསུམ་ཇ་རྟ་མང་ཚོགས་རིག་གནས་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་གྲུབ་པའི་འཁྲབ་སྟོན་རུ་ཁག་ཆེན་པོས་སྤྲོ་སྣང་གིས་འཁྲབ་སྟོན་བྱས་ཏེ་ཆབ་མདོའི་རྫོང་མཐུག་པོའི་རིག་གནས་དང་ཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་འགྲེམས་སྟོན་བྱས། སྤྲོ་སྐྱིད་ལྡན་པའི་ཞབས་བྲོ༼རབ་མཛེས་བོད་ཤར༽ཞེས་པ་འཁྲབ་ནས་འཁྲབ་སྟོན་གྱི་འགོ་ཚུགས་པ་དང་འཁྲབ་རར་སྤྲོ་སེམས་འཁོལ་བའི་ཐལ་མོས་རྡེབ་སྒྲས་ཁེངས་པར་བྱས།རྒྱུད་ལྡན་རོལ་དབྱངས༼ང་ཚོའི་འཚོ་བ༽དང་། སྒོར་བྲོ༼རི་བོ༽ གླུ་དབྱངས༼ཕ་ཡུལ་རི་བོ་ཆེ༽སོགས་ཀྱི་ལེ་ཚན་སྟེ་སྙན་འཇེབས་ལྡན་པའི་གླུ་གཞས་དང་སྒེག་ཆོས་ལྡན་པའི་ཞབས་བྲོས་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱེད་ལ་ཚད་མི་འདྲ་བའི་ཐད་ནས་ཆབ་མདོའི་རྒྱུན་རིང་བའི་རིག་གནས་ཀྱི་དགོངས་དོན་མཚོན་པར་བྱས་ཡོད། ཚེས༢༠ཉིན་གྱི་སྔ་དྲོའི་ཆུ་ཚོད༡༠སྟེང་ལུས་ལ་གཟབ་འཆོར་སྤྲས་པའི་ཡུལ་ཤུལ་འཁྲབ་སྟོན་པ་དག་གིས་རོལ་དབྱངས་ཀྱི་འགྱུར་ཁུག་ལ་བསྟུན་ནས་ཞབས་བྲོའི་སྟངས་སྟབས་བསྒྱུར་བཞིན་ལང་ཚོ་དང་སྙིང་སྟོབས་ཀྱིས་ཕྱུག་ཏེ་གར་སྟེགས་སུ་རྒྱུ་བཞིན་ཡོད། ཞབས་བྲོ༼ཁ་བཏགས་དང་བདུད་རྩི་ཁྱེད་ལ་འབུལ༽ཞེས་པས་དཀར་མཛེས་ཀྱི་ཆེད་སྒྲིག་འཁྲབ་སྟོན་གྱི་སྒོ་མོ་ཕྱེས་པ་དང་། ༼བཀྲ་ཤིས་གསོལ་སྨོན༽དང༼རྩྭ་ཐང་གི་མཛའ་གཞས༽༼ཁམས་པ་བ༽༼མདོ་དབུས་མཐོ་སྒང་༽སོགས་དཀར་མཛེས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་གྱིས་དཀར་མཛེས་མི་དམངས་ཀྱི་བག་ཕེབས་འཚོལ་སྙེགས་སོགས་འཁྲབ་སྟོན་བྱས་ཏེ་དཀར་མཛེས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་པར་བྱས། ༼དར་མདོའི་མཛའ་གཞས༽༼རྒྱལ་རོང་བུ་མོ༽སོགས་ཀྱིས་གཟིགས་མོ་བའི་ཡིད་དབང་འཕྲོག་པར་བྱས།
དྭངས་གཙང་གི་ཁ་བཏགས་དང་ཞིམ་མངར་གྱི་བདུད་རྩི་བཏེགས་ནས་བཀྲ་ཤིས་ཕྱྭ་གཡང་གི་དུས་སྐབས་འདིར༼ཕུན་ཚོགས་བསྟོད་གླུ༽དང༼བཀྲ་ཤིས་ཆང་གཞས༽༼ཁྱིམ་ཚང་གཅིག་གི་མི༽སོགས་ཡུལ་ཤུལ་གྱི་ཁྱད་ཆོས་ལྡན་པའི་ལེ་ཚན་གྱིས་ཡུལ་ཤུལ་མི་དམངས་ཀྱི་ཡར་ཐོན་གྱི་སྙིང་སྟོབས་འཁྲབ་སྟོན་བྱས་ཏེ་ཡུལ་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་པར་བྱས།ཆར་བ་ཟམ་ཟིམ་དུ་འབབ་བཞིན་ཡོད་མོད་འཁྲབ་སྟོན་མི་སྣའི་འཁྲབ་སྟོན་དང་གཟིགས་མོ་བས་ལེ་ཚན་ལ་གཟིགས་པའི་སྤྲོ་སེམས་འགོག་ཐུབ་མ་བྱུང་། ཡུལ་ཤུལ་མི་རིགས་གླུ་གར་ཚོགས་པའི་ཕུལ་བྱུང་གླུ་བ་བདེ་མ་ཆོས་དར་གྱིས་ཁོའི་ཆེད་སྒྲིག་གླུ་གཞས་གསར་པའི་ཁྲོད་ཀྱི༼བཀྲ་ཤིས་སྨོན་འདུན༽ཞེས་པ་གཟིགས་མོ་བའི་སྙན་ལམ་དུ་ཕུལ་བས་སེམས་པ་མཉམ་སྤྲོ་དང་བརྩེ་འདང་བརྒྱུད་སྤྲོད་ཀྱིས་འཁྲབ་སྟོན་གྱི་ཡང་རྩེར་སོན་པ་རེད།
ཆབ་མདོ་ས་ཁུལ་རིག་གནས་ཅུད་ཀྱི་ཅུད་ཀྲང་ཀྲང་ཆན་གྱིས་གསར་འགོད་པར་ཁམས་པའི་རིག་གནས་དུས་ཆེན་གྱི་སྐབས་སུ་རིག་རྩལ་འཁྲབ་སྟོན་ཆེ་ཆུང༡༠ལྷག་གི་བྱེད་སྒོ་སྤེལ་བ་མ་ཟད། དཔེ་དེབ་དང་མཛེས་ལྗོངས། གཟུགས་བརྙན་འགྲེམས་སྟོན་དང་དམངས་ཁྲོད་ལུས་རྩལ་འགྲན་སྡུར། ད་དུང་ཁམས་པའི་ཡུལ་སྐོར་རིག་གནས་གླེང་སྟེགས་སོགས་སྤེལ་ཏེ་རྒྱ་ཆེའི་ཆེད་མཁས་པས་ཡིད་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་དང་ཆབས་ཅིག་སྤྲོ་སེམས་འཁོལ་བའི་ངང་ཁམས་པའི་རིག་གནས་སྐོར་ནས་བགྲོ་གླེང་དང་སྔོག་འདོན། བསྲེགས་བཅད་བདར་གསུམ་བཅས་བྱས་ཏེ་ཁམས་པ་རིག་གནས་ཡུལ་སྐོར་གྱི་སྤུས་སྟེགས་གཏོད་པར་སེམས་ཤུགས་གང་ལེགས་ཕུལ་བ་རེད་ཟེར།