ཉེ་སྔོན། རང་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཐེབས་ཚད་ཆེ་ཤོས་ཡིན་པའི་པར་ལེན་འགྲེམས་སྟོན༢༠༡༤ལོའི་སྐབས་བདུན་པའི་ཀྲུང་གོའི་བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་གྱི་དཔྱད་བསྡུར་འདེམས་བསྐོ་ཡོངས་བསྒྲགས་བྱས་པ་དང་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་དངོས་ཤེས་དཔལ་འཛུགས་སྐྱོང་། ཞིང་འབྲོག་པའི་འཚོ་བ་བཅས་ཕྱོགས་སྣ་མང་མཚོན་པའི་བརྩམས་བྱ་༢༨༠འདེམས་ཐོན་བྱུང་བ་དང་ཟླ་བ་འདིའི་ཟླ་མཇུག་ཏུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འགྲེམས་སྟོན་བྱ་རྒྱུ་ཡིན་ཞིང་རང་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་འགྲེམས་སྟོན་ལ་ངོ་མཚར་བའི་མཛེས་རྒྱན་སྤྲོད་རྒྱུ་ཡིན་པ་རེད།
དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པའི་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་མ་བཏང་བ་ནས་ཁྲིམས་ལྟར་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་བར་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བར་ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལས་དོན་ཐད་སྐུལ་མ་ཤུགས་ཆེན་བཏང་བས་རིག་གནས་འཛུགས་སྐྱོང་དང་འཕེལ་རྒྱས་ལ་གཡུར་ཟའི་འབྲས་བུ་ཐོབ་ཡོད་པ་རེད།།
དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་ས་མཐོར་ཁྱབ།
མི་རིང་བའི་གོང་དུ་ན་གཞོན་འཁྲབ་སྟོན་པ་༡༣ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་ཞུགས་ཡོད། ༢༠༡༣ལོའི“སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཞིང་པ་དང་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་རྫོང་རིམ་པའི་རིག་རྩལ་ཚོགས་པ་དང་དམངས་གཉེར་རིག་རྩལ་འཁྲབ་སྟོན་ཚོགས་པའི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཆེད་ན་གཞོན་སྒྱུ་རྩལ་པ་དེ་དག་གིས་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།
དུས་རབས་གོང་མའི་ལོ་རབས་༧༠པ་ནས་བཟུང་རང་ལྗོངས་སུ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་མང་དག་ཅིག་སྔ་རྗེས་སུ་བཙུགས་པ་དང་། ད་ཆ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དེ་དག་གིས་རང་རྩོམ་རང་འཁྲབ་བྱས་པའི་གླུ་གར་ལེ་ཚན་དག་ལས་རྩྭ་ཐང་དང་གངས་རི་བརྗོད་དོན་དུ་བྱས་པའི་ས་གནས་རིག་གནས་ཀྱི་ཁྱད་ཆོས་གཏོད་དེ་ལོ་ངོ་སྟོང་གི“བོད་ཀྱི་ཡུལ་སྲོལ་གོམས་གཤིས”ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཡོད་པ་རེད།
ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས“ལྗོངས་ཡོངས་ཀྱི་རྫོང་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དག་གཞི་རིམ་ནས་ཡོང་བ་དང་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད། ‘ཉེ་བཅར་གསུམ’དང་དུས་རབས་ཀྱི་སྙིང་སྟོབས་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་རིག་རྩལ་ལེ་ཚན་ཐོག་ནས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཚོར་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་ཚན་རྩལ་དང་འཕྲོད་བསྟེན། བཅའ་ཁྲིམས་བཅས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རང་ལྗོངས་ཀྱི་གཞི་རིམ་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་གལ་འགངས་ཆེ་བའི་ནུས་པ་བཏོན་ཡོད”ཅེས་བཤད། འདམ་གཞུང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ལྟ་བུས་ལོ་ལྟར་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། “གསུམ་བརྒྱད”བུད་མེད་དུས་ཆེན། རྒྱལ་སྟོན་དུས་ཆེན་སོགས་དུས་ཆེན་ཆེ་གྲས་རིང་རིག་གནས་འཁྲབ་སྟོན་བྱེད་སྒོ་ཐེངས་༥༠ལྷག་ཙམ་སྤེལ་གྱི་ཡོད།
དམངས་ཁྲོད་སྒྱུ་རྩལ་ཚོགས་པ་འཛུགས་པའི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། རང་ལྗོངས་ཀྱིས་དཔུང་ཁག་འཛུགས་སྐྱོང་ཐད་༢༠༡༥ལོར་སླེབས་སྐབས“རྫོང་ཚང་མར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ”ཡོད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པ་དང་། ལམ་ལུགས་འཛུགས་པའི་ཐད་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་ནོར་སྲིད་ཀྱིས་ཁ་གསབ་ཕྲན་བུ་བྱེད་པ་དང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རང་ངོས་ཀྱིས་གྲབས་གསོག་ཕྲན་བུ་བྱེད་པའི་བྱ་ཐབས་སྤྱོད་པ། དོ་དམ་སྒྲིག་གཞིའི་ཐད《ལྗོངས་ཡོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་དོ་དམ་བྱ་ཐབས》བཏོན་ནས་རྫོང་ཁག་གཅིག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་བྱ་གཞག་གི་སྒྲིག་གཞི་དང་མི་སྣ་ལས་གནས་བསྒྱུར་བ་དང་ཁག་བགོས་ཐག་གཅོད་བྱས་ཏེ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་བཏང་ཡོད་པ་རེད།