སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྣ་ཁ་བོད་བྲོའི་རྒྱུན་འཛིན་པ་ཨ་རྡོ་ལགས།
སྤེལ་དུས། 2014-08-17   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།     རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

འགོ་བརྗོད།

སྟོད་ལུང་བདེ་ཆེན་རྫོང་གི་དགུ་རོང་ཤང་གི་སྣ་ཁ་བོད་བྲོ་ནི་སྤྱི་ལོ་༡༧༠༠ཙམ་ལ་དར་ཞིང་ད་ལྟའི་བར་དུ་ལོ་ངོ་༣༠༠ཡས་མས་ཀྱི་ལོ་རྒྱུས་ཡོད། སྣ་མཁར་བོད་བྲོ་ནི་ཇོ་ནང་ལུགས་ཀྱི་བོད་བྲོའི་རྒྱུད་པ་ཞིག་སྟེ། ལོ་རེར་བོད་ལོ་སར་བ་དང་ཞོ་སྟོན། འོང་སྐོར་དུས་ཆེན་སོགས་སུ་འཁྲབ་སྟོན་བྱེད། གོང་རིམ་དབུ་ཁྲིད་དང་མང་ཚོགས་ཚང་མས་དགའ་བསུ་ཐོབ་ཅིང་། ༢༠༡༢ལོར་སྣ་མཁར་བོད་བྲོ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་ཁྱད་པར་སྒྱུ་རྩལ་གྱིས་ཕྱུག་པས་ལྷ་ས་གྲོང་ཁྱེར་གྱི་གཟུགས་འདས་རིག་དངོས་ཤུལ་བཞག་དུ་གྱུར།

སྟོད་ལུང་བདེ་ཆེན་རྫོང་གི་སྣ་ཁ་གྲོང་ཚོ་ནི་ཞིང་མ་འབྲོག་གི་ས་ཆ་ཞིག་སྟེ། དེ་རུ་བཀའ་བརྒྱུད་པའི་དགོན་སྡེ་དང་པོ་མཚུར་ཕུ་དགོན་ཆེན་དེ་རུ་ཡོད། ཁོར་ཡུག་མཛེས་ཤིང་རི་ཆུ་ནགས་གསུམ་འཛོམས་ཤིང་། སྐད་གྲགས་ཅན་གྱི་སྣ་ཁ་བྲོ་གཞས་ཚོགས་པ་འདི་རུ་ཡོད་ལ། འཁྲབ་སྟོན་དེ་ཉིད་ཕྱི་ནང་ཀུན་དུ་སྙན་གྲགས་འབར་ཞིང་། གྲོང་ཚོ་དེ་རུ་གཙང་ཆབ་དྭངས་མོ་གཉིས་ལྷུང་ལྷུང་དུ་རྒྱུ་ཞིང་ཕྱོགས་འོངས་ཀྱི་མགྲོན་པོ་མང་པོ་ཕེབས་བཞིན་ཡོད། ད་ལྟ་བཅར་འདྲི་བའི་དམིགས་ཡུལ་གཙོ་བོ་ནི་སྣ་མཁར་བྲོ་གཞས་ཀྱི་རྒྱུན་འཛིན་པ་མི་རབས་བདུན་པ་སྟེ་རྒན་ཨ་རྡོ་ལགས་རེད། 

སྣ་ཁ་བོད་བྲོ་ནི་མཚུར་ཕུ་ལུང་བར་གསོན་ཉམས་དོད་པའི་སྒྱུ་རྩལ་ཞིག་ཡིན།

སྣ་ཁ་གྲོང་ཚོ་ནི་མཚུར་ཕུ་ལུང་བའི་ས་ཡུལ་མཛེས་ཤོས་དང་། གྲོང་ཚོའི་རྒན་རབས་དག་གི་སྤྲོ་བས་ངང་ནས་ང་ཚོར་སྣ་ཁ་ཟེར་བ་ནི་རི་ཟུར་གྱི་གདོང་སྣེ་ཡི་མིང་དུ་གྲགས་པར་བཤད།

སྣ་ཁ་གྲོང་ཚོ་ནི་སྔོ་ལྗང་གིས་རྩི་ཤིང་གི་གཡོགས་ཤིང་མེ་ཏོག་སེར་ཆེན་ཤར་ཏེ་ཧ་ཅང་མཚར་སྡུག་ལྡན་པ་ཞིག་རེད།གཡས་གཡོན་གྱི་རི་རྩེར་ཆར་སྤྲིན་དང་སྨུག་པས་ཁེབས་ཤིང་། མཁའ་དབུགས་གཙང་མ་དེ་རྔུབ་དུས་སྣང་བ་སྐྱིད་པོ་ལྷ་ཡུལ་དུ་སླེབས་པ་དང་མཚུངས།རི་ཆུ་བྲག་ནགས་ཀྱིས་བརྒྱན་པའི་གྲོང་ཚོ་འདི་ལོ་རྒྱུས་རིང་ཞིང་འགྲིམ་འགྲུལ་བདེ་ལ་མི་གཤིས་དྲང་ཞིང་རིག་གནས་ཕྱུག་པའི་ལུང་པ་ཞིག་རེད།

དེ་ལྟར་རྩ་ཐང་སྟེང་མི་བཅུ་ཕྲག་ཙམ་སྤྲོ་དགས་བརྟས་ཤིང་གཞི་གཅིག་ཏུ་འཛོམས་ཤིང་རྔ་བརྡུང་རོལ་མི་དཀྲོལ་བཞིན་མཆིས། དེ་ནི་མ་གཞི་མི་མང་གིས་བོད་བྲོ་སྦྱངས་བཞིན་ལ་གླུ་ཚིག་རེ་རེའི་ལའང་མི་རྣམས་སྔ་མོ་ནས་བྱང་ཆ་ལྡན་ཞིང་འོན་ཏེ་ད་རུང་སྦྱངས་བརྩོན་གང་ལེགས་བྱེད་བཞིན་མཆིས།

བྲོ་རྭའི་འཁྲིས་ཀྱི་ནས་ཞིང་སྨིན་ཚར་ཞིང་མགོ་བོ་དུད་དེ་གསེར་མདོག་གི་པད་ཀའི་མེ་ཏོག་ཀྱང་དྲི་བསྲུང་འཐུལ་བཞིན་མཆིས།ནས་དང་པད་ཀ་རླུང་བུས་བསྐྱོད་དེ་རྦ་ཀློང་གཡོ་བཞིན་མཐོང་ཞིང་ཕལ་ཆེར་གཞས་དབྱངས་བྲོ་གར་ལ་རོལ་བ་དང་འདྲ། འདི་ནི་ཁ་མདོག་མ་འགྱུར་བའི་བོད་བྲོ་སྟེ།གངས་རིའི་གཙང་བོའི་རྒྱབ་ལྗོངས་བྱས་ཤིང་བོད་ཀྱི་གཞས་པ་དག་གིས་དེ་ལྟར་ལེན། ང་ཚོ་དང་མཉམ་དུ་བཅར་འདྲི་བསྐྱོད་པའི་ལས་བྱེད་པ་བཀྲ་ཤིས་མཚོ་མོ་ལགས་ནས། ང་ཚོ་བཅར་འདྲི་ལ་སླེབས་པའི་ཉིན་གཉིས་པར་གྲོང་ཚོ་འདིའི་འོང་སྐོར་དུས་ཆེན་གཏོང་བར་འཁེལ་ཞིང་། བྲོ་བ་དག་དེ་གདན་འདྲེན་དང་འཁྲབ་སྟོན་བྱེད་དགོས་ཤིང་། ཚང་མས་གཟབ་ནན་གྱིས་སྦྱངས་བ་བྱེད་པ་རེད། ཉིན་ཤས་རྗེས་སུ་འཁྲབ་སྟོན་འདི་ལྷ་ས་སོགས་གཞན་དག་དུའང་འཁྲབ་སྟོན་བྱེད་དགོས་པ་རེད།  

ལོ་ན་བགྲེས་སོང་གི་སྒྱུ་རྩལ་པ་ཞིག་གིས་རོལ་མོ་དཀྲོལ་བཞིན་ལ་དེ་འཁྲིས་སུ་སྣ་ཁ་བོད་བྲོ་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཨ་རྡོ་ལགས་སྟེ། གྲོང་མི་གཞན་དག་དང་མཉམ་དུ་ནན་ཏན་གྱིས་སྦྱངས་བ་བྱེད་བཞིན་མཆིས།

ཨ་རྡོ་ལགས་ནི་དགུང་ལོ་༤༩དང་། ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་མི་དེ་རེད། ད་ལྟ་སྣ་ཁའི་བོད་བྲོའི་རྒྱུན་འཛིན་པ་དང་སྣ་ཁ་བོད་བྲོ་ཚོགས་པའི་དབུ་ཁྲིད་དེ་ཉིད་རེད།

དེ་ཡང་སྣ་ཁའི་བོད་བྲོའི་ལོ་རྒྱུས་ནི་ཨ་རྡོ་ལགས་ཀྱི་ཁྱིམ་རྒྱུད་ནས་གསལ་བོར་རྟོགས་འོངས་ཤིང་། སྔ་མོ་ནི་བྲོ་གཞས་འདི་གཞིས་རྩེ་རིན་སྤུངས་ནས་དར་ཞིང་། རྗེས་སུ་དེ་རུ་ཁག་ཞིག་གཞིས་ཀ་སྤོས་ནས་མཚུར་ཕུ་ལུང་བར་གཞི་སྡོད་བྱས་པ་དང། དེ་ནས་སྣ་ཁ་གྲོང་ཚོ་རུ་དར་བ་རེད། འོན་ཏེ་ལོ་རེར་འཁྲབ་སྟོན་བྱས་པའི་ཡོང་འབབ་ཐམས་ཅད་རིན་སྤུངས་སྲིད་གཞུང་ལ་སྤྲོད་དགོས་པ་རེད། སྣ་ཁ་བོད་བྲོ་ནི་སྤྱི་ལོ་༡༧༠༠ཙམ་ལ་དར་ཞིང་ད་ལྟའི་བར་དུ་ལོ་ངོ་༣༠༠ཡས་མས་ཀྱི་ལོ་རྒྱུས་ཡོད། དེ་རུ་མཚུར་ཕུ་དགོན་པར་དར་བ་དང་བོད་རྙིང་མའི་ཁ་མདོག་མ་འགྱུར་བའི་བྲོ་གཞས་དེ་རེད། བཤད་ཚུལ་ལ་སྔོན་མར་དེ་རུ་ཆུ་ཆེན་དཀྲུགས་ཏེ་ས་ཞིང་སྣུབས་པའི་ཉེན་ཁ་ཆེན་པོ་དང་། ཐེངས་གཅིག་ཀརྨ་བདུད་འདུལ་རྡོ་རྗེ་ལགས་ནས་ཆུ་ཤ་འོད་བཀག་ཅིང་གནོད་སྐྱོན་མ་ཐེབས་པའི་བཀའ་ཤག་སྲིད་གཞུང་གིས་དུད་ཁྱིམ་༥༠༠ཙམ་བྱ་དགར་བསྩལ་བ་དང་གཞུང་གི་འུ་ལག་ཡང་སྐུལ་མི་དགོས་པར་བྲོ་གཞས་ལ་དཔྱ་ཁྲེལ་འཇལ་མ་དགོས་པ་བྱུང་། དེ་ལྟར་སྐབས་དེ་ནས་སྣ་ཁའི་ཞབས་བྲོ་དར་རྒྱས་ཕུན་སུམ་ཚོགས་པར་བྱུང་།

༡༩༧༨ལོར་སྣ་ཁ་གྲོང་ཚོར་བོད་བྲོ་ཚོགས་པ་་བཙུགས་ཤིང་། ལོ་ངོ་༤༠ལ་གཉེར་ཞིང་འཕེལ་རྒྱས་ཀྱིས་བོད་ཀྱི་བྲོ་བ་དག་ལ་སྒྱུ་རྩལ་འདིར་དུང་བ་ཟབ་ཅིང་གནའ་བོའི་བྲོ་གཞས་འདི་རྒྱུན་འཛིན་བྱས། ཆེད་མཁས་པ་གདན་འདྲེན་གྱིས་སྣེ་ཁྲིད་དེ་འཁྲབ་སྟོན་པ་རྒན་རབས་དག་གིས་དངོས་སུ་བསླབ་ཞིང་། བྲོ་བ་དག་གིས་རང་སྦྱོང་སོགས་ལ་བརྟེན་ན་ཞབས་བྲོའི་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་ཆེད་ལས་འཁྲབ་སྟོན་པ་ཟློས་གར་ཆེན་པོ་བརྒྱད་དང་་ཕྱོགས་ཀུན་ནས་མཚུངས་བ་ཞིག་རེད། དེང་སྐབས་བོད་ལོ་སར་བ་དང་ཞོ་སྟོན། འོང་སྐོར་དུས་ཆེན་སོགས་གང་དུའང་འཁྲབ་སྟོན་བྱེད་བཞིན་ལ་མང་ཚོགས་རྣམས་དགའ་མོས་དང་ཐེངས་མང་པོར་གཟེངས་་རྟགས་ཀྱང་རེག་པ་རེད།

བྲོ་གར་གྱི་འཕེལ་རྒྱས།རྙིང་བའི་རྣམ་པ་དང་ཁྱད་འཕགས་ཀྱི་མཛེས་ཉམས།

༡༩༧༨ལོར་བོད་བྲོ་ཚོགས་པ་གསར་དུ་ཚུགས་ཤིང་། རང་ལོ་༡༣་ལ་སླེབས་པའི་ཨ་རྡོ་ལགས་སློབ་ཆུང་དུ་སློབ་སྦྱོང་དང་བོད་བྲོ་སྒྱུ་རྩལ་གྱི་ཁོང་གི་ཡིད་སེམས་དབང་མེད་དུ་འཕྲོག་ཏེ་སྦྱངས་བ་བྱེད་འགོ་བརྩམས།

དེ་ཡང་སྣ་ཁའི་བོད་བྲོ་རྒྱུན་འཛིན་པ་མི་རབས་བདུན་པ་བྲོ་བ་ཨ་རྡོ་ལགས་ལ་མཚོན་ན་བོད་བྲོ་འཁྲབ་སྟོན་གྱི་ཕྱོགས་དང་སྲོལ་རྒྱུན་དམ་འཛིན་དང་ཁོང་ལ་གསར་གཏོད་ཀྱི་རང་བཞིན་ཡང་ཧ་ཅང་ལྡན། ལོ་ངོ་༣༠རིང་དུ་དཀའ་ཚེགས་དང་ད་ལྟ་སྣ་ཁ་བྲོ་གར་ཆེས་གཟི་བརྗིད་འབར་ཡོད་པའི་སྐབས་རེད། སྣ་ཁ་བོད་བྲོའི་དགེ་རྒན་དག་གིས་མི་རབས་མང་པོར་གསར་གཏོད་དང་རྒྱུན་འཛིན་བྱས་ཡོད། དེ་ཡང་ཆེས་ཐོག་མར་གཞིས་རྩེ་བོད་བྲོ་སྒྱུ་རྩལ་བ་རོལ་བའི་རྡོ་རྗེ་དང་། གཙང་པ་དཔལ་འབྱོར། ངག་བློ་གཏེར་སྟོན། ཐུབ་རྡོ།རིན་ཆེན་དཔལ་བཟང་།བསྟན་པ་ཆོས་རྒྱལ་བཅས་ཀྱིས་བོད་ཀྱི་ཟློས་གར་ཆེན་མོ་དག་རྒྱ་ཁྱབ་དུ་དར་སྤེལ་གནང་ཞིང་། ཨ་རྡོ་ལགས་ཀྱི་ལོ་རྒྱུས་རིང་མོ་ལབ་དུས་ཁོང་གི་གདོང་ལ་གཟི་བརྗིད་ཀྱིས་ཁེངས་ཞིང་།ལོ་རྒྱུས་ཀྱིས་ང་ཚོ་ལ་རིག་དངོས་སྒྱུ་རྩལ་རྩ་ཆེན་འདི་འདྲ་འཇོག་གནང་མཛད་པ་དང་རྒྱན་གོས་འབུད་རྡུང་རོལ་མོ་བཅས་གནའ་བོའི་རྒྱུན་སྲོལ་མ་ཉམས་པ་འདི་འདྲ་དང་མི་རབས་ནས་མི་རབས་སུ་རྒྱུད་འཛིན་དར་སྤེལ་བྱུང་བའོ།

སྟོད་ལུམ་བདེ་ཆེན་དུ་བོད་བྲོ་གླེང་སྐབས། མི་ཚང་མས་ཤེས་གསལ་ནི་ཇོ་མོ་ལུང་བའི་བོད་བྲོ་དེ་རེད། ཇོ་མོ་ལུང་གི་བོད་བྲོ་སྒྱུ་རྩལ་ལ་ཐུན་མིན་གྱི་ཁྱད་ཆོས་ཀྱི་ཕྱུག་ཅིང་ཁོར་ཡུག་ཀུན་དུ་སྐད་གྲགས་འབར་ཡོད། ཨ་རྡོ་ལགས་ཀྱི་དགེ་རྒན་ཐོག་མ་ནི་མཚུར་ཕུ་དགོན་པའི་གཉེར་བ་རིན་ཆེན་དཔལ་བཟང་་ལགས་ཡིན། ལོ་ཆུང་སྐབས་སུ་རིན་ཆེན་དཔལ་བཟང་མལ་དྲོ་གོང་དཀར་ཀྱི་རྒྱ་མ་ལུང་བའི་སྐུ་དྲག་ཞིག་ལ་མག་པ་བསྡད་ཅིང་། དེ་རུ་དུས་སྟོན་ཆེ་ཆུང་ཐ་དག་ལ་བོད་བྲོ་འཁྲབ་སྟོན་གནང་བཞིན་ཡོད། དེ་རུང་ཁོང་དང་བོད་བྲོ་གཉིས་ལས་ཀྱིས་འབྲེལ་་ཏེ་བོད་བྲོ་ལ་མོས་གུས་བླ་ལྷག་བྱས་པ་དང་གཞས་གདངས་འཁྲབ་སྟོན་སོགས་གང་ལ་མཁས་པའི་རྩེ་མོར་སོན།

སྣ་ཁ་གྲོང་ཚོར་རིན་ཆེན་དཔལ་བཟང་ལགས་ལ་གཞིས་ཀ་ཞིག་ཡོད་ལ། ཁོང་གིས་གཞིས་ཀ་ཇོ་མོ་ལུང་བའི་བོད་བྲོ་རུ་ཁག་ལ་གཡར་ཞིང་། བོད་བྲོ་ལ་མ་གཞི་ནས་དད་མོས་དང་ཕུགས་འདུན་ཡོད་པས་སྒྱུ་རྩལ་བ་འདི་དག་ལ་སྡེབ་ནས་སློབ་སྦྱོང་བྱས་ཤིང།རྗེས་སོར་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་གསལ་བ་བྱས། 

རིན་ཆེན་དཔལ་བཟང་ལགས་ཀྱིས་དངོས་སུ་ཁྲིད་གནང་སྟེ་ཨ་རྡོ་ལགས་ནི་བོད་བྲོ་ཕྱོགས་གང་ལའང་བྱང་ཆུབ་པ་བྱུང་། ཁོང་གིས་ཁྲིད་དེ་བོད་བྲོ་ཉིན་རྒྱུན་སྦྱངས་བ་དང། ཁོང་གིས། ང་ཚོའི་གྲོང་ཚོ་འདིར་ང་ལྟ་བུའི་བོད་བྲོ་ལ་དུང་ཞེན་ཆེ་བ་གང་མང་ཞིག་ཡོད་པ་དང་།མི་ཁྱིམ་རེ་རེའི་ནས་འཁྲབ་སྟོན་བྱེད་ཐུབ་ལ་ཚང་མ་འཁྲབ་སྟོན་ལ་ཤིན་ཏུ་དགའ་སྟེ།ཁོམ་སྐབས་ནམ་ཡོད་དང་གོ་སྐབས་བཟང་པོ་སྐབས་སུ་ནམ་ཡང་ཡོང་འབབ་སོགས་མེད་ཀྱང་འཁྲབ་སྟོན་བྱེད་བཞིན་ཡོད། དེང་སྐབས་བོད་བྲོའི་འཁྲབ་སྟོན་པ་དག་ལས་ལོ་རྒན་པ་ན་སོ་༩༠ལ་སླེབས་པ་དང་ཆུང་བ་ལོ་༡༤ཙམ་རེད། ཞེས་ཨ་རྡོ་ལགས་ཀྱི་ངག་ལས་ཁོང་གི་སྤྲོ་སྣང་མངོན་པར་འཕྱུར།

ཆོས་རྒྱལ་ནོར་བཟང་།སྣང་ས་འོད་འབུམ། འགྲོ་བ་བཟང་མོ་སོགས་བོད་ཀྱི་ཟློས་གར་ཆེན་མོ་དག་གི་བོད་མི་དག་གིས་མཁྱེན་སྲིད་ལ། འཁྲབ་སྦྱོང་བྱེད་སྐབས་ང་ཚོ་མི་རེ་རེའི་རང་ཉིད་ཀྱི་འཁྲབ་ཚིག་བློ་རུ་བཟུང་ཞིང་། ཨ་རྡོ་དགོད་ཞོར་དུ། མི་རྣམས་ཀྱིས་རྒྱུན་པར་ཟློས་གར་ཆེན་མོ་བརྒྱད་དུ་བགྲང་ཡང་ང་ཚོའི་སྣ་ཁ་བོད་བྲོ་བརྩིས་ཏེ་དགུ་རུ་བགྲང་ཆོགཞེས་དང་། ང་་ཚོའི་འཁྲབ་གཞུང་ནི་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བས་མཛད་པ་དང་ཨ་རྡོ་ལགས་ནས་ཀྱང་དཀའ་ལས་མི་ཉུང་བ་བསྐྱོན་ཏེ་འཁྲབ་གཞུང་དེ་ཉིད་ལེགས་སྒྲིག་གནང་བ་དང་པར་འགྲེམས་བྱས་ཏེ་མི་རེ་རེའི་ལ་སྤྲད་ཡོད།

སྒྱུ་རྩལ་བ་ཨ་རྡོ་ལགས། དགེ་རྒན་ཆེན་མོས་ཐུགས་ཁུར་དང་འགན་འཁྲི་ཞིག

དེ་བས།ང་ཚོས་ཆེས་མིག་ལྟོས་འདོད་པ་ནི་སྣ་ཁ་བོད་བྲོའི་ད་ལྟའི་གནས་བབས་དེ་རེད།

སྣ་ཁ་གྲོང་ཚོའི་ཐོག་མའི་ཧྲུའུ་ཅི་ནོར་བུ་བཀྲ་ཤིས་ལགས་ནས་ང་ཚོར། ༢༠༡༢ལོར་སྣ་ཁ་བོད་བྲོའི་སྙན་ཞུ་ལྷ་ས་གྲོང་ཁྱེར་གཟུགས་འདས་ཤུལ་བཞག་རིག་དངོས་ལ་ཕུལ་བ་རེད། མིག་སྔར་ང་ཚོས་སྙན་ཞུ་རང་སྐྱོང་ལྗོངས་གཟུགས་འདས་ཤུལ་བཞག་ལ་སྙན་ཞུ་དང་དེ་འབྲེལ་གྱི་རྒྱུ་ཆ་མང་པོ་འཚོལ་སྡུད་བྱེད་བཞིན་ཡོད། གཙོ་བོ་ནི་སྣ་ཁ་བོད་བྲོ་ཚོགས་པ་རང་ཉིད་ཀྱི་ཆུ་ཚད་མཐོར་འདེགས་དང་ཕྱི་ཕྱོགས་སུ་འགྲོ་བའི་གོ་སྐབས་མང་པོ་ཐོབ་པ་དང་། ཚོགས་པའི་སྤོབས་པའང་དམ་འཛིན་གྱི་སྦྱངས་བ་བྱེད་རྒྱུ་དེ་རེད།

སྣ་ཁ་བོད་བྲོའི་མ་འོངས་བར་མཚོན་ན་མི་ཚང་མས་སེམས་ཁྲེལ་བྱེད་ས་དེ་རེད། མི་སྣ་དང་འགྲོ་གྲོན་སོགས་ཀྱི་གནད་དོན་དང་། དེང་སྐབས་སྣ་ཁ་བོད་བྲོ་འཁྲབ་སྟོན་པ་མི་སྣ་༣༠དང་། ལོ་རེར་འཁྲབ་སྟོན་དུས་ཆེན་སོགས་ཐེངས་༣༠ལྷག་ཡོད་པ་རེད། ས་གནས་ཀྱི་འཁྲབ་སྟོན་པ་ལས་གཞན་གཞིས་རྩེ་དང་ལྷོ་ཁ། ནག་ཆུ་བཅས་སུ་འཁྲབ་སྟོན་ལ་ཕྱིན་པ་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར། སྟོད་ལུང་བདེ་ཆེན་བཅས་ནས་ལོ་རེར་ཚོགས་པ་འདིར་སྒོར་ཁྲི་གཉིས་གཏན་འབེབས་རོགས་དངུལ་དང་། ཐེངས་གཅིག་ལ་སྒོར་༣༥༠༠ཡོང་འབབ་ཡོད་པ་རེད། མཚམས་ལན་རེར་རིན་མེད་འཁྲབ་སྟོན་ཡང་བྱེད་བཞིན་ཡོད། ཨ་རྡོ་ལགས་ནས་མཛུབ་རྩིས་ཀྱིས་ང་ཚོར་ཡོང་འབབ་གླེང་ཞིང་། བོད་བྲོའི་རུ་ཁག་གི་འཁྲབ་སྟོན་པ་ཚང་མ་ཞིང་གྲོང་ནས་སྐྱེས་ཤིང་། ཚང་མས་ངལ་རྩོལ་ལ་རོལ་ཞིང་འཁྲབ་སྟོན་ལ་ཞུགས་པ་དང་། དེ་བས་དཔལ་འབྱོར་སྟེང་རམ་འདེགས་ཀྱིས་ནུས་པ་གལ་ཆེན་ཐོན་བཞིན་ཡོད།དེ་བས་རྒྱུ་སྤུས་ལེགས་པའི་འཁྲབ་སྟོན་པས་དཀའ་ངལ་བཟོ་བའི་རྒྱུ་ཆའང་དེ་ལྟར་རེད།

དེང་སྐབས་ཚོགས་པ་འདི་གོམ་པ་རེ་རེ་བཞིན་དཀའ་ངལ་ལས་ཐར་ཞིང་། གཞི་རིམ་ལས་བྱེད་རུ་ཁག་གིས་འབད་བརྩོན་ལ་བརྟེན་ནས་ལས་ཀར་མ་དངུལ་ཁྲི་གསུམ་གྱིས་སྦྱངས་ཆས་སོགས་མཁོ་དངོས་ཉོས་པ་དང་། འཁྲབ་སྦྱངས་བྱེད་སའི་རྭ་བའི་འཛུགས་སྐྲུན་དང་འཁྲབ་སྟོན་པའི་རྒྱན་གོས་སོགས་རོལ་ཆས་སོགས་ལེགས་པོ་སྒྲིགས། ཆབ་ཅིག་འཁྲིས་སུ་སྣ་ཁ་བོད་བྲོའི་བཤམས་སྟོན་ཁང་ཞིག་བསྐྲུན་པ་དང་། མི་མང་པོ་ཞིག་ལ་སྣ་ཁ་བོད་བྲོའི་ལོ་རྒྱུས་དང་རིག་གནས་ལོ་རྒྱུས་ཐམས་ཅད་ལ་ཤེས་བར་བྱས། ཞེས་ནོར་བུ་བཀྲ་ཤིས་ལགས་ནས་བཤད།

ད་ལོའི་ཟླ་༩བར།ང་ཚོས་སྣ་ཁ་བོད་བྲོ་རང་སྐྱོང་ལྗོངས་གཟུགས་འདས་ཤུལ་བཞག་རིག་དངོས་སུ་སྙན་ཞུ་ཕུལ་ཞིང་། ང་ཚོས་འབད་རྩོལ་མི་ཉུང་བར་བརྟེན་པ་ཡིན། རྒན་རབས་རྒྱུན་འཛིན་པ་སྣེ་ཁྲིད་དེ་རེ་བ་ནི་སྣ་ཁ་བོད་བྲོ་སྲུང་སྐྱོབས་གང་ལེགས་དང་རྒྱུན་འཛིན་དར་སྤེལ་བྱེད་རྒྱུ་དེ་རེད། ཨ་རྡོ་ལགས་ནས་དེ་ལྟར་བཤད་ཅིང་། མང་ཚོགས་ཞིག་ལ་མཚོན་ན་ཨ་རྡོ་ལགས་ནས་ཕལ་ཆེར་ཞིང་ལས་གཉེར་བཞིན་མེད་ལ་གཙོ་བོ་ནི་བོད་བྲོའི་ལས་ཀ་སྟེ། བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་བོད་བྲོ་དགེ་ཕྲུག་དག་ལ་སྤེལ་བར་བྲེལ་འདུག

ཁོང་གི་བུ་མོ་གཡུ་སྒྲོན་ལགས་ཀྱང་དེ་ལྟར་བོད་བྲོ་རུ་ཁག་རུ་ཞུགས་ཅིང་། ཁོང་གི་ཚོགས་པ་དེ་ལས་སྐད་གྲགས་ཆགས་ཤིང་ཆེས་ཆེ་བའི་ཟློས་གར་ཚོགས་པ་སོགས་ལས་ཀྱང་གདན་འདྲེན་ཞུ་བཞིན་ཡོད།འོན་ཏེ་ཁོང་གིས་ཁས་བླངས་བྱས་མེད་ལ་རང་ཉིད་ནམ་ཡང་སྣ་ཁ་བོད་བྲོ་དང་འབྲལ་ཐབས་མེད་པ་ཆགས་ཡོད།

གསར་འགོད་པས་ཨ་རྡོ་ལགས་ལ་ཅི་ལྟར་བོད་བྲོ་ལ་འདི་ལྟར་དགའ་མོས་བྱུང་བ་རེད་ཞེས་བར། ཁོང་གིས་སྤྲོ་སེམས་འཁོལ་བར། བོད་བྲོ་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད་རང་ཉིད་དང་ཁྱིམ་ཡོངས་ལ་སྤྲོ་སྣང་ཚད་མེད་བྱུང་ལ། སྤྲོ་སྣང་དེ་བདེ་སྐྱིད་ཀྱི་ཚོར་བ་དང་བོད་བྲོ་ནི་ང་ཚོའི་སྤྲོ་སྣང་གི་འབྱུང་ཁུངས་དང་བདེ་སྐྱིད་ཀྱི་གཞི་མ་རེད། ཞེས་བཤད་བྱུང་།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060