སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༼གུ་གེའི་རིག་གནས་བཤམས་སྟོན་ཁང་༽སང་ལོའི་སྤྱི་ཟླ༨པར་སྐྲུན་ཟིན་རྒྱུ།
སྤེལ་དུས། 2014-09-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་རྡོར།

    གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། རིག་དངོས་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན་ལ་ཤུགས་སྣོན་བྱེད་ཆེད། རྩ་མདའ་རྫོང་གིས་གུ་གེའི་རིག་གནས་བཤམས་སྟོན་ཁང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ལས་གྲྭ་དེར་ཁྱོན་སྒོར་ཁྲི༡༢༧༠མ་འཇོག་བྱས་ཡོད་ལ། ས་ཆའི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་ཞི་མ༢༣༠༠ཡོད་པ་རེད། སྔོན་རྩིས་བྱས་པར་སང་ལོའི་སྤྱི་ཟླ༨པར་སྐྲུན་ཟིན་རྒྱུ་ཡིན་པ་རེད།

   རྩ་མདའ་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་སུན་ཁྲེང་ཝེ་ཡིས་ངོ་སྤྲོད་གནང་བར། མིག་སྔར། གུ་གེའི་རིག་གནས་བཤམས་སྟོན་ཁང་གི་འཛུགས་སྐྲུན་མ་དངུལ་ཆ་ཚང་བྱུང་བ་དང་། ཧོ་པེ་བོད་སྐྱོར་གྱིས་མ་དངུལ་བཏང་ནས་རོགས་སྐྱོར་བྱས་ཡོད་པ་རེད། བཤམས་སྟོན་ཁང་གི་འཆར་འགོད་ལས་དོན་ཡང་ལེགས་གྲུབ་ཟིན་ཚར་བ་དང་། གཙོ་བོ་བྱེད་སྒོའི་བཤམས་སྟོན་ཁང་དང་། རིག་དངོས་བཤམས་སྟོན་ཁང་གཉིས་ཡོད་པ་རེད། བྱེད་སྒོའི་བཤམས་སྟོན་ཁང་དེ་གུ་གེའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་པར་ལེན་འགྲེམ་སྟོན་དང་། རི་མོའི་འགྲེམ་སྟོན་སོགས་འགྲེམ་སྟོན་བྱེད་ཡུལ་དུ་སྤྱོད་རྒྱུ་ཡིན་པ་དང་། རིག་དངོས་བཤམས་སྟོན་ཁང་དེ་དམངས་ཁྲོད་དང་དགོན་སྡེ་ཁག་ཏུ་ཁ་ཐོར་ལུས་པའི་གུ་གེའི་རྗེས་ཤུལ་ལས་ཐོན་པའི་རིག་དངོས་རྣམས་བསྡུ་རུབ་བྱས་ནས་རིགས་དབྱེ་ཏེ། འཛམ་གླིང་གི་སྐྱེ་བོ་རྣམས་ཀྱི་སྤྱན་ལམ་དུ་སྟོན་རྒྱུ་ཡིན་པ་རེད།

   རྩ་མདའ་རྫོང་རིག་དངོས་ཅུས་ཀྱི་ཅུས་ཀྲང་བློ་བཟང་གིས༼རྩ་མདའ་རྫོང་གིས་བསྡོམས་རྩིས་བྱས་པའི་རིག་དངོས༤༠༠༠ལྷག་ཡོད་པ་དང་། མང་ཆེ་བ་དམངས་ཁྲོད་དང་དེ་བཞིན་རྫོང་ནང་གི་དགོན་སྡེ་ཁག་ཏུ་ཁ་གཏོར་དུ་ལུས་ཡོད། གུ་གེའི་རིག་གནས་བཤམས་སྟོན་ཁང་དེ་སྐྲུན་ཚར་རྗེས། རྩ་ཆེའི་རིག་དངོས་རྣམས་མཉམ་འཇོག་ཐོག་སྲུང་སྐྱོབ་བྱེད་རྒྱུ་ཡིན་པས། རྩ་མདའ་རྫོང་གི་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་དང་གུ་གེའི་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་རྒྱུར་ནུས་པ་གལ་ཆེན་ཐོན་ཐུབ་རྒྱུ་རེད༽ཅེས་གསུངས་ཡོད་པ་རེད།

   གུ་གེ་རྒྱལ་རབས་ནི་སྤྱི་ལོའི་དུས་རབས་བཅུ་པའི་ནང་སྐྲུན་པ་དང་། བཙན་པོའི་རྒྱལ་རབས་ཁ་ཐོར་རྗེས། ནང་ཆོས་འཕེལ་རྒྱས་དང་དར་རྒྱས་འགྲོ་བའི་དུས་མཚམས་ཞིག་ཡིན་པ་རེད། རྩ་མདའ་རྫོང་ནང་ཁོངས་ཀྱི་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་དང་འབྲེལ་ཡོད་ཀྱི་རིག་དངོས་ནི་ད་ཆ་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་བྱེད་པའི་རྩ་ཆེའི་ཤུག་བཞག་ཡིན་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060