སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞིས་ཐང་གའི་ཐོན་ལས་ཐད་དུ"གཟབ་ནན་གྱི་ལྟ་སྟངས"འཛིན་དགོས་པ་བསྟན།
སྤེལ་དུས། 2014-09-11   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་པ་པོ།  བདེ་སྐྱིད་ཀྱིས་བསྒྱུར།

ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ༩བའི་ཚེས༡༠ཉིན་ལྷ་ས་ནས་བཏང་བའི་གློགའཕྲིན་ལྟར་ན། བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལི་ཡིས"བོད་ལྗོངས་ནི་ཐང་ག་སྒྱུ་རྩལ་གྱི་ངེས་པ་དོན་གྱི་རྐང་འཛུགས་ས་དེ་ཡིན་པ་དང་། ད་བར་དུ་རྒྱུད་ཁོངས་སོ་སོའི་ལྷ་རིས་བཞེངས་ལུགས་སོ་སོའི་བརྒྱུད་འཛིན་་དང་སློབ་གཉེར་གོ་རིམ་ལྡན་ཞིང་།  མིག་སྔའི་ཐང་གའི་ཐོན་ལས་ཀྱི་འཕེལ་རྒྱས་ལས་ཚོང་རའི་ཚ་རླབས་ཀྱི་མདུན་དུ།  ང་ཚོས་སེམས་རྣལ་ལ་ཕབ་ནས་གཟབ་ནན་གྱིས་བླང་དོར་འབྱེད་ཤེས་བྱ་དགོས་པ་མ་ཟད།  ཚོང་རའི་ཁེ་སྤོག་གི་རྗེས་འབྲང་ནས་ཐང་ག་གསར་བཞེངས་ཀྱི་སྒྱུ་རྩལ་གྱི་ཚད་ཐིག་ཇེ་དམར་དེ་བས་ཀྱང་གཏང་མི་རུང་"ཞེས་གསར་འགོད་པར་བཤད།

ཐང་ག་ནི"འཁྱེར་བདེ་ལྷ་སྐུ"ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་དེ་ཡིན་ཞིང་། དར་གོས་གྱི་ངོས་སུ་ལྷ་རིས་བཞེངས་ནས་མཐའ་རྒྱན་སྤྲོས་ཤིང་ཡར་བཤམས་ཏེ་མཆོད་བཀུར་བྱེད་པའི་བྲིས་རིས་མཆོག་ཏུ་གྱུར་བ་ཞིག་ཡིན་ལ།  ད་ལྟའི་དབར་དུ་ལོ་ངོ༡༣༠༠ལྷག་གི་ལོ་རྒྱུས་ལྡན་པ་རེད།   བོད་ལྗོངས་ནི་ཐང་ག་སྒྱུ་རྩལ་གྱི་ཆེས་ཐོག་མའི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ས་དེ་ཡིན་པ་དང་།  སྨན་ཐང་དང་མཁྱེན་བརྩེ།  ཀརྨ་བཀའ་བརྒྱུད་སོགས་ནི་ཐང་ག་འབྲི་བཞེངས་ཀྱི་གྲུབ་མཐའ་མི་འདྲ་བ་དག་ལས་གཙོ་ཆེ་ཞིང་སྙན་གྲགས་ཀྱང་ཆེ་ཤོས་ཡིན།  བོད་ཁུལ་གཞན་དག་གི་ཐང་གའི་བཞེངས་ལུགས་ཕལ་མོ་ཆེ་ཡང་བོད་ལྗོངས་ཀྱི་གྲུབ་མཐའ་གང་རུང་ཞིག་ནས་དར་ཞིང་ས་གནས་ཀྱི་རིག་གནས་སྒྱུ་རྩལ་དང་བསྲེས་ནས་ཐོན་པའི་ཉིང་བཅུད་ཡིན་པ་རེད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ཡིན་ན།   ༢༠༠༥ལོའི་ཟླ༩བར།  མཚོ་སྔོན་ཞིང་ཆེན་གྱིས《རེབ་གོང་སྒྱུ་རྩལ(ཐང་ག་འབྲི་བཞེངས)གྱི་ལས་རིགས་རྩལ་ནུས་ཞིབ་དཔྱད་ཀྱི་ས་གནས་ཀྱི་ཚད་གཞི》གཏན་འབེབས་བཟོས་ནས།  མིག་སྔར་ཐང་གའི་ཐོན་ལས་དེ་ཉིན་བཞིན་ཚད་ལྡན་གྱི་ལམ་ཁར་སྙེག་དང་སྙེག་མུས་ཡིན་འདུག་ལ།  དེ་དང་བསྡུར་ན་བོད་ལྗོངས་ཀྱི་ཐང་གའི་འབྲི་བཞེངས་དེ་ཐོན་ལས་ཅན་དུ་འགྱུར་བའི་གོམ་འགྲོས་ལྟོས་བཅོས་ཀྱིས་རྗེས་སུ་ལུས་ཡོད་འདུག

ཧན་ཧྲུའུ་ལི་ཡིས"མིག་སྔའི་གནས་ཚུལ་ལ་གཞིགས་ན།  བོད་ལྗོངས་ཀྱི་ཐང་གའི་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་འགྲོས་ཤིན་ཏུ་དལ་མོད།  འོན་ཀྱང་འདི་ཉིད་ཐང་ག་སྒྱུ་རྩལ་འཕེལ་རྒྱས་ཀྱི་གདོལ་མའི་ཁོར་ཡུག་བཟང་བོར་སྲུང་སྐྱོབ་བྱ་རྒྱུར་མཚོན་ན་དོན་བཟང་ཞིག་ཡིན་པར་འདོད"ཞེས་དང་།  "ཐང་གའི་དཔལ་འབྱོར་གྱི་རིན་ཐང་དང་རང་སའིGDPགཉིས་མཉམ་དུ་སྦྱར་ནས་དཔལ་འབྱོར་གྱི་འཕེལ་ཚད་ལ་ཤུགས་སྣོན་པའི་ལས་དོན་སྒྲུབ་པའི་ཐད།  ང་ཚོས་གཟབ་ནན་གྱི་ལྟ་སྟངས་བཟུང་ནས་ལེགས་ཉེས་བསྡུར་ན་བཟང་འདོད་ལ།  བོད་ལྗོངས་ཀྱི་ཐང་གའི་ཐོན་ལས་ཅན་གྱི་བགྲོད་ལམ་ཅུང་རིང་ན་ཡང་།  ཏག་ཏག་ང་ཚོར་གཞན་གྱི་ཉམས་མྱོང་ལ་ལ་སློབ་སྦྱོང་དང་འདོར་ལེན་བྱེད་པའི་དུས་ཚོད་འདང་ངེས་བརྩོན་ལེན་བྱས་པ་རེད།  དེ་བས་ཉེན་འཛོལ་མང་པོ་ཞིག་གཡོལ་ཐུབ་ངེས"ཞེས་གསར་འགོད་པར་བཤད།

ད་སྐབས་རྒྱལ་ནང་གི་ཐང་གའི་ཐོན་ལས་འཕེལ་རྒྱས་གོ་རིམ་ཁྲོད།  ཐང་ག་འབྲི་བཞེངས་དེ་ཐོན་སྐྱེད་ཀྱི་རྣམ་པ་ཅན་འབའ་ཞིག་ཏུ་འཕེལ་ནས་བཞེངས་གང་མང་བྱེད་པའི་སྣང་ཚུལ་ཉུང་ཉུང་མིན་པ་དང་།   དེའི་ཐད་དུ་ཧན་ཧྲུའུ་ལི་ཡིས་བསྟན་དོན།  ཐང་ག་བཞེངས་མཁན་གྱི་ལྷ་རིས་སྒྱུ་རྩལ་པ་ཞིག་ལ་མཚོན་ན་འབྲི་བཞེངས་ཀྱི་ལག་ཤེས་རྩལ་དུ་ཐོན་པ་ཞིག་དང་ཆོས་ལུགས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་དགོས་པ་མ་ཟད། རང་གི་བསམ་སྤྱོད་ལའང་བདག་དོམ་བཟང་བོ་བྱ་དགོས་ཤིང་།   འདི་ནི་ཐང་གའི་ཐོན་ལས་སྐྱོན་དང་བྲལ་བར་འཕེལ་རྒྱས་འགྲོ་བའི་མ་མཐའི་སྔོན་འགྲོ་ཡིན་པ་རེད།  གཞན་ཁོས་ད་དུང"བཟོ་གྲྭའི་བརྒྱུད་ལམ་དང་འདྲ་བར་ཐང་ག་ཐོན་སྐྱེད་བྱེད་པའི་བྱ་སྤྱོད་འདིས།  ལྷ་བཟོའི་སྒྱུ་རྩལ་གྱི་ཚད་ཤིང་མར་བཅག་པ་མ་ཟད།  མཇུག་མཐར་ཁོ་ཚོ་ཚང་མ་ལྷ་རིས་སྒྱུ་རྩལ་པ་ནས་རི་མོ་འབྲི་མཁན་ཕལ་བ་ཞིག་གི་ཚད་དུ་ལྷུང་ངེས"ཟེར།

བོད་རང་སྐྱོང་ལྗོངས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་འཛིན་ངག་དབང་བསྟན་འཛིན་གྱིས"བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་དེ་འབྲི་བཞེངས་རང་བཞིན་གྱི་སྲུང་སྐྱོབ་དུས་རིམ་ནང་ཡོད་ཕྱིར།  གནད་དམ་པ་ནི་ལྷ་རིས་འབྲི་བཞེངས་ཀྱི་ལག་ཤེས་རྒྱུད་འཛིན་དང་བརྩམས་ཆོས་ཕུལ་བྱུང་འདོན་རྒྱུ་དེ་གཙོ་བོ་ཡིན་སྟབས། ཐང་ག་འབྲི་བཞེངས་ཀྱི་ལྷ་རིས་རྒྱུད་འཛིན་མཁན་གྱིས་བློ་སེམས་རྣལ་མས་གསར་རྩོམ་རང་བཞིན་གྱི་རྒྱུ་སྤུས་མཐོ་བའི་འབྲི་བཞེངས་ལ་གཞོལ་པས།  འབྲི་བཞེངས་ཀྱི་དུས་ཡུན་རིང་ཞིང་ཐོན་ཚད་དམའ་བ་རེད།  འོན་ཏེ་གཞི་རྒྱ་ཆེ་བའི་ཐོན་སྐྱེད་རང་བཞིན་གྱི་ཐང་ག་དང་བསྡུར་ན་སྒྱུ་རྩལ་གྱི་རིན་བླ་ལྷག་གིས་མཐོ་བ་རེད"ཅེས་གསུངས།

གསར་འགོད་པས་བརྟག་དཔྱད་བྱས་ནས་རྒྱུས་ལོན་བྱུང་བ་ཡིན་ན།  བོད་ལྗོངས་ཀྱི་ཚོང་རའི་ཐོག་གི་སྤྱིར་བཏང་གི་ཐང་ག་ཞིག་ལ་སྒོར༡༠༠༠ཡས་མས་དགོས་ཤིང་།  ལྷ་རིས་བཟོ་བོ་མཁས་ཅན་གྱིས་འབྲི་བཞེངས་བྱས་པའི་ཐང་ག་དེ་མང་ཤོས་མངག་ཉོ་བྱས་ནས་བཞེངས་བཞིན་འདུག་ལ།  ལ་ལ་སྒོར་འབུམ་ཕྲག་ཁ་ཤས་དང་འ་ལ་ལ་སྒོར་ས་ཡ་འགའ་རེ་བྱས་ནས་བཙོང་གིན་འདུག   ཆེད་མཁས་ཀྱི་འདོད་ཚུལ་ལྟར་ན་ཐང་ག་བཞེངས་མཁན་གྱི་ལྷ་བཟོ་དག་གིས་ཞེ་བསམ་པའི་སྟེང་ནས་འབྲི་བཞེངས་ཀྱི་སྤུས་ཀ་ཨང་དང་པོར་འཇོག་པ་དེ་ནི་ཚོང་རའི་འགྲན་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་བའི་ཐབས་ཤེས་ཤིག་ཡིན་འདུག

ཆེད་ལས་མཁས་པས་དབྱེ་ཞིབ་བྱས་པ་ཡིན་ན།  བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན།  "མཁན་པས་གཞི་དང་ཚུགས་ལ་བལྟ་བར་བྱེད། །བླུན་པོས་བཀྲག་དང་འོད་ལ་བལྟ་བར་བྱེད། །བྱིས་པས་བྱ་དང་ཤིང་ལ་བལྟ་བར་བྱེད། །དེས་ན་བཟོ་བོ་མཁས་པ་རང་གིས་ནི། །བློ་ཡིས་དཔྱད་ནས་ལེགས་པར་འབྲི་བར་བྱ། །"ཞེས་པ་ལྟ་བུའི་གཞུང་ལུགས་ཐད་ཁུངས་བཙུན་ཞིང་། ཡུལ་སྣང་གི་བཀོད་པ་ངོ་མཚར་བའི་བོད་ཀྱི་ཐང་གས་རང་སྟེང་གི་སྒྱུ་རྩལ་གྱི་མཚོན་ཐབས་དཔེ་མེད་དང་མི་རིགས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ།  ཐུན་མིན་གྱི་སྒྱུ་རྩལ་རིན་ཐང་བཅས་ལ་བརྟེན་ནས།  རྒྱལ་ཁབ་ཕྱི་ནང་གི་བོད་ལྗོངས་ལ་ཡུལ་སྐོར་དུ་ཡོང་བའི་སྐྱེ་བོ་ཀུན་གྱི་དང་བ་དབང་མེད་འདྲེན་པས་ན། འདིས་བོད་ཀྱི་བཟོ་ལས་བྲིས་ཀྱི་སྒྱུ་རྩལ་ལ་ཡོད་པའི་ཡོན་ཏན་ཀུན་གཅིག་བསྡུས་ཀྱིས་མཚོན་པའི་ཐང་ག་སྒྱུ་རྩལ་འདི་ཐོན་ལས་ཅན་དུ་འཕེལ་བར་མཐུན་རྐྱེན་བསྐྲུན་འདུག་པ་མ་ཟད་གྲ་སྒྲིག་གིས་ཚགས་སུ་ཆུད་འདུག

ཧན་ཧྲུའུ་ལི་ཡིས"ཐང་གའི་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་ཕྱོགས་སུ།  བོད་ལྗོངས་ལ་ཐུན་མིན་ཁྱད་མཚར་གྱི་རིག་གནས་ཀྱི་ཞིང་ས་དང་བོད་ཀྱི་ལྷ་རིས་བྲིས་བརྒྱུད་མང་པོའི་རྒྱུན་འཛིན་གྱི་རྨང་གཞི་བརྟན་པོ་ལྡན་པས།  འཛམ་གླིང་གི་ཐང་གའི་སྒྱུ་རྩལ་ལྟེ་གནས་འཛུགས་པར།  གཡོལ་ཐབས་བྲལ་བའི་འོས་འགན་ཡོད་པ་རེད"ཅེས་དང་།  "གལ་ཏེ་མ་འོངས་བའི་དུས་ཤིག་ལ་བོད་ལྗོངས་ཀྱི་ཐང་གའི་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ་པ་ཡིན་ན།  དེ་དུས་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཐང་གའི་སྒྱུ་རྩལ་གྱི་འབྱུང་ཁུངས་ངོ་མ་འདིར་སྲུང་སྐྱོབ་གང་ལེགས་བྱ་དགོས་ཤིང་།  མགོ་བདེ་གླགས་འཚོལ་གྱིས་ཁེ་སྤོགས་ཀྱི་རྗེས་སུ་ཧམ་རྒྱུགས་མི་བྱེད་པ་དང་།  དེ་ལས་ཀྱང་ཚོང་རའི་དཔལ་འབྱོར་གྱི་ཡོ་ལང་རྒོད་པོའི་རྗེས་འབྲང་ནས་ཐང་ག་འབྲི་བཞེངས་ཀྱི་སྒྱུ་རྩལ་ཚད་ཤིང་ཇེ་དམར་གཏང་མི་རུང"ཞེས་ནན་གྱིས་བསྟན།

 

ཁ་བྱང་ཕྱི་མོ། བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞིས་ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་ཐད་དུ"གཟབ་ནན་གྱི་ལྟ་སྟངས"འཛིན་དགོས་པ་བསྟན།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060