བོད་ལྗོངས་ལྷ་མོ་བླ་མཚོ་ཐང་ག་སྒྱུ་རྩལ་གླིང་གི་ཐང་ག་ལྷ་རིས་པས་ཐང་ག་འབྲི་བཞེངས་གནང་པ།
རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་ཡིན་ཏེ། ལོ་འདི་འགའི་རིང་། བོད་ལྗོངས་ཀྱིས་དུས་ནམ་ཡང་མི་རིགས་ཀྱི་སྔོན་ཐོན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་དེ་ལོ་རྒྱུས་ཀྱི་འོས་འགན་ཞིག་ཏུ་བརྩིས་ནས། མི་ཤུགས་དང་རྒྱུ་ཤུགས། དངོས་ཤུགས་འབོར་ཆེན་བཏང་བའི་ཁར། ཁྲིམས་ལུགས་དང་། དཔལ་འབྱོར། སྲིད་འཛིན་བཅས་བྱེད་ཐབས་ཅི་རིགས་སྤྱད་ནས་སྔོན་ཐོན་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་ལེགས་པོ་བྱས་པ་དང་། རྒྱུད་འཛིན་གྱི་ཁྲོད་གསར་གཏོད་འཕེལ་རྒྱས་བྱུང་ཡོད།
དུས་སྐབས་གསར་པར། འཛམ་གླིང་གི་ཡུལ་སྐོར་བྱེད་ཡུལ་གཙོ་བོ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མིན་རིག་གནས་སྲུང་སྐྱོབ་ས་ཁུལ་མགྱོགས་པོར་འཛུགས་བསྐྲུན་ལ་སྐུལ་འདེད་བྱེད་པའི་རླབས་ཆེན་གྱི་ལས་ཀའི་གོ་རིམ་ཁྲོད། སྔོན་ཐོན་སྲོལ་རྒྱུན་རིག་གནས་ཀྱི་མིང་རྟགས་ལ་གསོན་ཤུགས་གང་ལེགས་རྒྱས་འདུག
མངོན་མིན་ཤུལ་བཞག་རིག་གནས་ལ་མཚར་སྡུག་གིས་ཕྱུག་པ།
བོད་སྤོས་དང་། བོད་སྨན། ཐང་ག་བཅས་རྣམ་པ་ཕུན་སུམ་ཚོགས་ཤིང་ས་མཐོའི་རང་མདངས་ལྷུན་གྱིས་ མངོན་པའི་མངོན་མིན་ཤུལ་བཞག་རིག་གནས་ལ་མི་སྔར་ལས་མང་པོས་ཤེས་རྟོགས་བྱེད་ཀྱི་ཡོད་ཅིང་། ལྷག་པར་ཉེ་སར་བཅར་ནས་མཚར་སྡུག་རྣམ་པར་བཀྲ་བའི་བོད་ཀྱི་ལོ་རྒྱུས་ཤུལ་བཞག་དང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ལ་ཉམས་སུ་མྱོང་ཐུབ་ཀྱི་ཡོད།
འདི་དག་ཐམས་ཅད་བོད་ལྗོངས་ཀྱིས་ཁྱབ་ཆེ་ས་དང་ཚད་མཐོ་ས་ནས་སྲུང་སྐྱོབ་བྱས་པར་འབྲེལ་བ་ཡོད། ༢༠༠༥ལོར་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་འགོ་བརྩམས་པ་ནས་བཟུང་། རང་ལྗོངས་ཀྱིས“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་དང་པོ། འོས་མཐུན་གྱིས་བཀོལ་སྤྱོད། རྒྱུད་འཛིན་དར་སྤེལ”བཅས་ཀྱི་མཛུབ་སྟོན་འཐབ་ཕྱོགས་རྒྱུད་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་ཡོངས་བཤེར་དང་། མིང་ཐོ་འཛུགས་བསྐྲུན། གསོན་ཉམས་ལྡན་པའི་རྒྱུད་འཛིན་ལ་འབད་འབུངས་བྱས་ཤིང་། ཁྱོན་ཡོངས་ནས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གནང་ཡོད། བོད་རང་སྐྱོང་ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་ལ་སྔར་བས་སྐུལ་འདེད་བྱ་ཆེད། ད་ལོའི་ཟླ༦པའི་ཚེས༡ཉིན་ནས་བཟུང་། བོད་ལྗོངས་ཀྱིས་ས་གནས་རང་བཞིན་གྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཐོག་མ་《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》དངོས་སུ་འདོན་སྤེལ་བྱས་ནས་ལག་བསྟར་གནང་། “《བྱེད་ཐབས》ཀྱིས་རིམ་པ་ལྟར་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་བཏང་བ་དང་། མི་ཤུགས་དང་རྒྱུ་ཤུགས་གཏོང་ཚད་དང་ལྟ་སྐུལ་ལམ་ལུགས་མངོན་གསལ་བྱས་ནས་མངོན་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་། རྣམ་གྲངས་སྲུང་སྐྱོབ་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ། གཟེངས་རྟགས་ཆད་གཅོད་བཅས་ཀྱི་ལམ་ལུགས་བཙུགས་པ་དང་། བོད་ལྗོངས་ཀྱིས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ས་གནས་ཁྱད་ཆོས་གང་ལེགས་མཚོན་པར་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་སྐྱིད་སྐྱིད་ཀྱིས་དེ་སྐད་ཟེར།
སྡོམ་རྩིས་བྱས་པར་གཞིགས་ན། མིག་སྔར། བོད་ལྗོངས་སུ་ཁྱོན་བསྡོམས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་འཐུས་ཚབ་བརྩམས་ཆོས་༧༦དང་། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས༣༢༣། རྫོང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས༨༡༤བཅས་ཡོད་ཅིང་། དེ་དག་ནི་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ཟློས་གར་བཅས་ལ་ཁྱབ་འདུག
ལོ་འདི་འགའི་རིང་། དེ་ལས་གཞན་བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་པའི“ཐང་ག་བརྒྱའི་ལས་གཞི”ལག་བསྟར་བྱས་ཤིང་། ཁྱོན་ཡོངས་ནས་མངོན་མིན་ཤུལ་བཞག་རིག་གནས་གྲངས་མཛོད་འཛུགས་བསྐྲུན་འགོ་བརྩམས་པ་དང་། སྐོར་ཁག་བཞི་བའི་བོད་རང་སྐྱོང་ལྗོངས་རིམ་པའི་“མངོན་མིན་ཤུལ་བཞག་རིག་གནས”ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་༡༠༡ལ་མིང་ཐོ་འགོད་འཆར་ཡོད་པ་མ་ཟད། མངོན་མིན་ཤུལ་བཞག་རིག་གནས“ལོ་འཁོར་རྒྱུད་འཛིན་མི་སྣ་བཅུ”བདམས་ཐོན་གྱི་བྱེད་སྒོ་ཡང་ཐོག་མར་བསྡུས་ཡོད། ཕྱིས་འབྱུང་ “ལོ་འཁོར་རྒྱུད་འཛིན་མི་སྣ་བཅུ”བདམས་ཐོན་གྱི་བྱེད་སྒོ་རྒྱུན་ལྡན་རང་བཞིན་གྱིས་སྤེལ་རྒྱུ་རེད།