སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《གེ་སར་རྒྱལ་པོ》རྩྭ་ཐང་ནས་དྲ་ལམ་དུ་བསྐྱོད་པ།
སྤེལ་དུས། 2014-09-24   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  ལྕགས་མོ་བྱམས།

ཀྲུང་གོའི་གསར་འགྱུར་དྲ་བས་ཟླ༩བའི་ཚེས༢༣ཉིན་གྱི་བརྡ་འཕྲིན།"གེ་སར་གླུ་གར་སྒྱུ་རྩལ་ད་ལྟའི་བར་འཕེལ་རྒྱས་ཕྱིན་ནས་དཔའ་བོའི་སྒྲུང་རབས་བརྗོད་པའི་ཁྱབ་ཁོངས་ལས་བརྒལ་ཡོད། དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཤེས་བྱ། དད་པ་བཅས་ཀྱི་མ་རྒྱུ་གལ་ཆེན་ཞིག་ཡིན་པར་མ་ཟད། གངས་ལྗོངས་སུ་འཚོ་བཞིན་པའི་མི་རིགས་ཕན་ཚུན་འབྲེལ་འདྲིས་ཀྱི་དཔང་བོའང་ཡིན། ད་ལྟ་རྩྭ་ཐང་ནས་དྲ་བའི་བར་གེ་སར་རིག་གནས་ཀྱི་རྟགས་ཐམ་མཆིས། འདི་ནི་གེ་སར་རིག་གནས་འཕེལ་རྒྱས་འགྲོ་བའི་ཆེས་བཟང་བའི་ལོ་རྒྱུས་དུས་སྐབས་ཤིག་རེད"ཅེས་ཚེས་༢༣ཉིན། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་འགོ་གཙོ་ཧོང་ཀྲི་ཡིས་གསར་འགོད་པར་དེ་ལྟར་བཤད།

གེ་སར་རྒྱལ་བོ།》ནི་འཛམ་གླིང་སྟེང་གི་ཡིག་ཚོགས་ཆེས་མང་བའི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྒྲུང་རབས་ཤིག་ཡིན་པ་མ་ཟད། མིའི་རིགས་ཀྱི་ཕུལ་དུ་བྱུང་བའི་ངག་ཐོག་སྒྱུ་རྩལ་གྱི་མཚོན་བྱེད་ཞིག་ཀྱང་ཡིན། བོད་རིགས་དང་ནང་སོག  ཧོར་རིགས། ཡེའུ་ཀུའུ་རིགས། དེ་བཞིན་ནཱ་ཞུས་རིགས་སོགས་ཀྱི་མི་རིགས་ཁྲོད་དར་ཁྱབ་བྱུང་ཡོད་པ་མ་ཟད། ད་དུང་སོག་པོ་དང་འབྲུག་ཡུལ། བལ་བོ་སོགས་ཀྱི་རྒྱལ་ཁབ་དང་། དེ་བཞིན་པཱ་ཅི་སི་ཐན། རྒྱ་གར། ཨུ་རུ་སུའི་ས་ཁུལ་ཁག་ཅིག་བཅས་ལའང་ཁྱབ་སྤེལ་བྱུང་ཡོད་པ་རེད། ཆ་ཡོངས་སུ་མི་ཚང་བའི་བསྡོམས་རྩིས་གཞིར་བཟུང་ན། གེ་སར་ལ་ཁྱོན་སྙན་ངག་ཐིག་ཕྲེང་ཁྲི་བརྒྱ་ལྷག་དང་ཡི་གེ་ཁྲི་སྟོང་གཉིས་ལྷག་མཆིས་ཤིང་། འཛམ་གླིང་གི་ལོ་རྒྱུས་སྙན་ངག་ཆེན་པོ་ལྔ་སྟེ《ཡེའུ་ལིས་ཡཱ་ཐི》《ཨའོ་ཏི་ཞུག》《མའོ་ཧུ་ཕའོ་ལོ་ཏོ》《རྒྱལ་བོ་ར་མ་ཎ》《ཅིའི་ཨར་ཁ་མའེ་ཧྲི》བཅས་ཀྱི་བསྡོམས་གྲངས་ལས་ཀྱང་རིང་བ་རེད། ༢༠༠༦ལོར། ཀྲུང་གོས་འདི་ཉིད་རྒྱལ་ཁབ་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་གྲགས་ཅན་སྐོར་དང་པོའི་ཁྲོད་བཀོད་པ་དང་། ༢༠༠༩ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་ཚོགས་པས་རྩ་འཛུགས་བྱས་ཏེ་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་གྲགས་ཅན་ཁྲོད་བཀོད་པ་རེད།

ཧོང་ཀྲི་གེ་སར་ཞིབ་འཇུག་གི་བྱ་བར་ཞུགས་ནས་ལོ་ངོ་༢༠ལྷག་འགོར་ཡོད་པ་དང་།  ཁོང་གིས་ངོ་སྤྲོད་བྱེད་རྒྱུར། ཀྲུང་གོའི"གེ་སར"མྱུར་སྐྱོབ་དང་སྲུང་སྐྱོང་གི་བྱ་བ་ནི་དུས་རབས་སྔོན་མའི་ལོ་རབས་༥༠བ་ནས་མགོ་བརྩམས་ཤིང་། ལོ་རབས་༨༠བའི་དུས་མགོར་ཆེད་སྲུང་ལས་ཁུངས་བཙུགས། དུས་རབས་༢༠བའི་དུས་མགོར། ཀྲུང་གོའི《གེ་སར་སྒྱུ་རྩལ་པ་བསམ་གྲུབ་ཀྱི་གླུ་གར་དཔེ་དེབ》ཅེས་པའི་སྒྲ་ལེན་ལེགས་སྒྲིག་དང་རྩོམ་སྒྲིག་དཔེ་སྐྲུན་ལས་གཞི་ཡིས། འཛམ་གླིང་གི་ལོ་རྒྱུས་མཚོན་པའི་སྙན་ངག་ཁྱབ་ཁོངས་ཁྲོད་སྒེར་གྱི་སྒྱུ་རྩལ་པས་ལོ་རྒྱུས་མཚོན་པའི་སྙན་ངག་གླུ་དང་གར་སུ་འཁྲབ་པའི་ཟིན་ཐོ་ཆེས་རིང་བ་གསར་དུ་སྐྲུན།  གཞན་ཡང་། བོད་ལྗོངས་ཀྱི་གེ་སར་རྒྱལ་བོའི་སྣ་མང་སྨྱན་བྱེད་ཀྱི་ཐོན་ཁུངས་བང་མཛོད་དང་པོ་ད་ལྟ་ལེགས་འགྲུབ་བྱུང་ནས་བེད་སྤྱོད་ནུས་པ་དང་།  མིག་སྔར་བོད་ལྗོངས་ཀྱི་བྱང་ཕྱོགས་ས་ཁུལ་ནས་ཐོན་པའི་གླུ་གར་སྒྱུ་རྩལ་པ༥ཡི་བརྩམས་ཆོས་དང་གཞས་གདངས་སོགས་ཀྱི་རྒྱུ་ཆ་རྣམས་བང་མཛོད་དུ་འགོད་པའི་བྱ་བ་ལེགས་འགྲུབ་བྱུང་ཡོད་ཅེས་བཤད།

"གེ་སར་ནི'གསོན་པའི་རྣམ་པ་ཅན'དུ་འཕེལ་རྒྱས་དར་སྤེལ་བྱུང་ཞིང་། སྒྱུ་རྩལ་པས་ངག་ཐོག་དང་ཐོས་འཛིན་ལ་བརྟེན་ནས་རྒྱུད་སྤེལ་བྱས་པར་མ་ཟད། ད་དུང་ལྷའི་སྦྱིན་པ། གཙུག་ཏོར། གཏེར་འདོན། ངེས་འབྱུང་། ཤེས་རིག་གི་རང་བཞིན་ཅན་སོགས་ཐུན་མོང་མ་ཡིན་པའི་ལོ་རྒྱུས་སྙན་ངག་རྒྱུད་འཛིན་ཀྱི་རྣམ་པར་ཡང་བརྟེན་ཡོད་པ་རེད"ཅེས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་མི་རིགས་རྩོམ་རིག་ཚན་ཁག་གི་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན་གྱིས་དེ་ལྟར་བཤད།

"གེ་སར་གླུ་གར་སྒྱུ་རྩལ་པ་རྣམས་རིམ་བཞིན་རྒས་ཤིང་། དེང་རབས་རིག་གནས་ཀྱིས་བོད་མི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་བྱེད་སྟངས་དང་བསམ་པའི་འདུ་ཤེས་ལ་བསྒྱུར་བཅོས་བཏང་བའི་གོམ་འགྲོས་དང་བསྟུན་ནས། གེ་སར་རིག་གནས་ཀྱི་འཚོ་གནས་ཁོར་ཡུག་ལ་གནོན་ཤུགས་ཆེན་པོ་ཐེབས་པ་རེད།"ཧོང་ཀྲི་ཡིས།"ད་ལྟ་ལོ་རྒྱུས་མཚོན་པའི་སྙན་ངག《གེ་སར》ལ་ཞིབ་འཇུག་དང་སྔོག་འདོན། ལེགས་སྒྲིག་བཅས་བྱེད་པའི་ཐད་ཀྱི་དཀའ་ཁག་སེལ་ཡོད་དེ།  ང་ཚོས་མིའི་རིགས་པའི་གློག་བརྙན་ཞིབ་འཇུག་ཐབས་ལམ་གཡར་ནས་གེ་སར་སྒྱུ་རྩལ་པའི་གླུ་གར་དང་གེ་སར་རིག་གནས་ཀྱི་མཚོན་རྟགས་སྐོར་ཞིག་ཟིན་ཐོར་བཀོད་ཡོད་པར་མ་ཟད། ནང་དོན་འདི་དག་དྲ་བར་སྤེལ་ཏེ།  རྗེས་ཕྱོགས་ལོ་རྒྱུས་མཚོན་པའི་སྙན་ངག《གེ་སར》ལ་ཞིབ་འཇུག་བྱེད་པའི་རྨང་གཞི་མཁོ་སྤྲོད་བྱས་ཡོད"ཅེས་བཤད།

རྨ་ཡུལ་གེ་སར་དྲ་བ་ནི་ཀྲུང་གོའི་གེ་སར་རིག་གནས་རྒྱུ་ཆའི་བང་མཛོད་ཀྱི་དྲ་བའི་སྟེགས་བུ་ཐོག་མ་ཡིན་པ་དང་།  དྲ་གནས་འདི་གསར་འཛུགས་གནང་མཁན་རྡོ་རྗེ་རྒྱ་མཚོ་ཡིས་བསྟན་དོན། མུ་འབྲེལ་དྲ་བའི་སྔོན་ཐོན་གྱི་ཆ་ལོ་རྒྱུས་མཚོན་པའི་སྙན་ངག《གེ་སར》ཞིབ་འཇུག་ཁྲོད་སྤེལ་བ་ནི་ལོ་རྒྱུས་མཚོན་པའི་སྙན་ངག《གེ་སར》རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་། རྒྱུད་འཛིན། དར་སྤེལ་བཅས་སུ་གཏོང་བར་ཕན་པར་མ་ཟད། གེ་སར་རིག་གནས་ཀྱིས་དེང་རབས་རང་བཞིན་ཀྱི་བརྒྱུད་བསྒྲགས་ལ་བརྟེན་ནས་སྟབས་བདེ་ཞིང་ཚད་མཐོ་བའི་ཤུགས་རྐྱེན་ནུས་པའང་འདོན་ཐུབ་ཅེས་བཤད།

"《གེ་སར》ནི་ང་ཚོ་བོད་མི་རིགས་ཀྱི་གཅེས་ནོར་ཡིན་ལ། གེ་སར་རྒྱལ་བོས་ཚོ་ཁག་མི་གཅིག་པ་རྣམས་གཅིག་གྱུར་བྱས་ཏེ།  མི་རིགས་སོ་སོའི་བར་འཆམ་མཐུན་དང་མཛའ་བརྩེ་སྐྱེལ་ཡོང་བས།  འདི་ཉིད་རྒྱུད་འཛིན་དང་དར་སྤེལ་བྱེད་འོས།"ཞེས་ཀྲུང་གོའི་མིག་སྔའི་གེ་སར་གྱི་གཙུག་ཏོར་སྒྱུ་རྩལ་པ་གཅིག་པུ་སྟེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གུ་རུ་དགོན་པའི་ཚེ་གྲུབ་རིན་པོ་ཆེ་ཡིས་དེ་ལྟར་གསུངས།

མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་རམ་འདེགས་ཞིབ་འཇུག་གླིང་དུ་ལས་གཉེར་བྱེད་བཞིན་པའི་དབང་ཆེན་ཚེ་རིང་གི་ཡིད་ངོར། དེང་རབས་རང་བཞིན་གྱི་སྲུང་སྐྱོང་གིས་གནའ་བོའི་གེ་སར་ལ་ཡང་བསྐྱར་གསོན་ཤུགས་རྒྱས་སུ་བཅུག་མོད།  འོན་ཀྱང་གེ་སར་སྒྲུང་ནི་སྔར་བཞིན་ཐོག་མའི་བརྗིད་ཆགས་ཀྱི་རང་མདངས་མ་ཉམས་པར།  ལོ་ཟླ་རིང་མོའི་ཁྲོད་མུ་མཐུད་དུ་དར་ཁྱབ་བྱུང་ཐུབ་པར་འདོད་ཡོད།

ཁ་བྱང་ཕྱི་མོ།གེ་སར་རྒྱལ་པོ》རྩྭ་ཐང་ནས་དྲ་ལམ་དུ་བསྐྱོད་པ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060