སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བན་ཀོ་ཡིས་རང་སྲོག་མ་བཅད་སྔོན་ལ་བྲིས་པའི་རི་མོ་འཚོང་འཆར་འདུག
སྤེལ་དུས། 2014-09-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟླ་བ།

བན་ཀོ་ཡི་རི་མོ།  ལྷིང་དངོས།  ཉལ་ཐ་དམར་པོ་དང་ལུག་མིག

རི་མོ་བ་གྲགས་ཅན་བིན་སེན་ཐི་བན་ཀོ(Vincent van Gogh)ཡིས་རང་སྲོག་མ་བཅད་སྔོན་གྱི་ཟླ་དེའི་ནང་ལ་བྲིས་པའི་རི་མོལྷིང་དངོས།   ཉལ་ཐ་དམར་པོ་དང་ལུག་མིག(Still life: Red Poppies and Daisies)ཞེས་པ་དེ་ད་ལོའི་ཟླ11པའི་ཚེས4ཉིན་སུ་ཧྥུ་པི་ཉིག་ཡོག་སྟོན་ཀའི་རིན་བསྡུར་ཚོང་རྭ་ལས་འཚོང་རྒྱུ་ཡིན་འདུག་ལ་རིན་གོང་ཧ་ལམ་ཨ་མེ་རི་ཀའི་སྒོར་མོ་བྱེ་བ་ལྔ་ལྷག་ལ་སླེབས་རྒྱུ་རེད་ཅེས་གྲགས་བཞིན་འདུག

བན་ཀོ་ལགས་འཇིག་རྟེན་དུ་སྐུ་བཞུགས་དུས་སེམས་ཀྱི་ནད་ཀྱིས་ཀུན་ནས་གཙེ་ཡི་ཡོད་པ་སྟེ་ཤེས་པ་ལྟར་ན་ཁོང་ལ་འཚུབ་ཆ་ཆེ་བའི་སྐྱོ་ཤས་ཀྱི་སེམས་ནད་ཐེབས་ཡོད་པས་ལན་རེར་རི་མོ་འབྲི་བའི་བརྩེ་བ་དང་ཚོར་བ་ཤུགས་དྲག་པོར་སྐྱེ་ཡི་ཡོད་པ་དང་ཡང་ལན་རེར་སྐྱོ་ཤས་རབ་ཏུ་སྐྱེས་ནས་འཇིག་རྟེན་ལ་ཡི་ག་ཆད་ཀྱི་ཡོད་པ་རེད་འདུག    ཁོང་འཇིག་རྟེན་དུ་སྐུ་བཞུགས་པའི་ཟླ་བ་ཆེས་རྗེས་མ་གཉིས་ཀ་སྟེ་སྤྱི་ལོ1890ལོའི་ཟླ5པའི་ཚེས21ཉིན་ནས1890ལོའི་ཟླ7པའི་ཚེས29ཉིན་གྱི་བར་དུ་བན་ཀོ་ཡིས་ཕ་རི་སིའི་གྲོང་འདབས་ཀྱི་ཨོ་ཕུ་ཞེས་བྱ་བའི་གྲོང་བརྡལ་ཆུང་ངུ་ཞིག་གི་མགྲོན་ཁང་ཞིག་ཏུ་ཁང་པ་ཞིག་གླས་ཏེ་ཨེམ་ཆི་པོ་ལོ་ག་ཟེ་ཡི་ནད་བཅོས་དང་དུ་ལེན་པ་དང་ལྷན་དུ་ས་ཆ་དེ་གར་རི་མོ་བྲིས་བསྡད་པ་རེད།

ཁོང་འཇིག་རྟེན་དུ་སྐུ་བཞུགས་པའི་དུས་སུ་སྒྱུ་རྩལ་བརྩམས་ཆོས་དག་ལ་གདེང་འཇོག་མ་ཐོབ་པའི་རྐྱེན་གྱིས་བན་ཀོ་ཡི་མི་ཚེ་ཧྲིལ་པོར་ཧ་ལམ་འཚོ་བ་སྐྱ་ཟད་སྔོ་རྡུགས་ཀྱི་གནས་སུ་ལྷུང་ཡོད་པ་སྟེ་ཐ་ན་ཁོང་གི་ཚོན་དང་པིར་སྨྱུག་དང་རས་ལ་སོགས་པའང་ཁོང་གི་སྐུ་གཅུང་ཏི་ཨོ་ཡིས་བྱིན་པ་རེད་འདུག་པས།    རི་མོ་འདི་ཡང་ཁོང་གིས་གསོལ་ཁང་གི་ཅོག་རས་དཀྱུས་མ་ཞིག་གི་སྟེང་དུ་བྲིས་པ་ཡིན་འདུག   སུ་ཧྥུ་པི་ཡི་མགྲིན་ཚབ་པ་སེ་མོན་ཤའོ་ཡིས་རི་མོ་འདི་ཡིས་མི་རྣམས་ལ་ཚོར་བ་ཤིན་ཏུ་དྲག་པོ་ཞིག་སྟེར་ཐུབ་ཀྱི་ཡོད་པ་སྟེ་དེའི་རྒྱུ་མཚན་ནི་བན་ཀོ་ཡིས་རི་མོར་བྲིས་པའི་མེ་ཏོག་དེ་དག་ནི་ཁོང་གིས་ཟླ་གཅིག་གི་རྗེས་སུ་རང་སྲོག་གཅོད་སའི་སྤང་ཁུད་དེ་ནས་བཏུས་ཡོང་བ་ཡིན་པས་རེད་ཅེས་སྨྲས་ཡོད་འདུག

རི་མོ་འདི་ནི་བན་ཀོ་ཡིས་ཁོང་གི་ཨེམ་ཆི་ག་ཟེ་ལ་སྨན་རིན་གྱི་ཚབ་ཏུ་བྲིས་ནས་ཕུལ་བ་རེད་འདུག་ཅེས་གྲགས་ཀྱི་འདུག་མོད་དེ་ལ་ཡིད་ཆེས་རུང་བའི་བདེན་དཔང་ཞིག་ད་དུང་རྙེད་ཡོད་མི་འདུག   ཡིན་ནའང་བན་ཀོ་ཡིས་ཚེ་སྨད་ཀྱི་སྐབས་སུ་ཁོང་གི་སྐུ་གཅུང་ལ་ཁོས་རི་མོ་བྲིས་ནས་རང་ཉིད་ཀྱི་ཁ་གསོ་ཐུབ་པ་བདེན་དཔང་བྱེད་རྒྱུ་ཡིན་པའི་སྐོར་བདེན་པ་ཡིན་འདུག་ལ་ཁོང་རང་གིས་ཀྱང་རང་གི་རི་མོ་དག་རིན་གོང་མཐོན་པོ་ཞིག་ལ་འཚོང་ཐུབ་པར་ཡིད་ཆེས་གནང་གི་ཡོད་པ་རེད།    རི་མོ་འདིའང་ཁོང་གི་རི་མོ་དངུལ་ལ་བརྗེས་པའམ་གཏའ་མར་བཞག་པ་ཉུང་ཤས་ཀྱི་གྲས་ཀྱི་གཅིག་ཡིན་པ་རེད་འདུག

སུ་ཧྥུ་པི་ཕྱོགས་ནས་ངོ་སྤྲད་པ་ལྟར་ན་རི་མོ་འདི་ནི་ཨ་མེ་རི་ཁ་ལ་ཁྱེར་ནས་སླེབས་པའི་བན་ཀོ་ཡི་རི་མོ་དག་ལས་སྔ་བའི་གྲས་ཡིན་འདུག་པ་སྟེ་དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་པའི་ནང་ཨིན་ཇིའི་གྲོང་ཁྱེར་ལོན་ཊོན་ནས་ཉིག་ཡོག་ལ་ཁྱེར་ཡོང་བ་ཡིན་འདུག   MOMAཡི་མཉམ་འཛུགས་པ་དང་ཉར་ཚགས་པ་ཨན་སོན་གོད་ཡེར(Anson Goodyear)གྱིས་ནོ་དེ་ལེར་གྱི་རི་མོ་ཁང(Knoedler Gallery)དུ་རི་མོ་ཉོ་ཐུབ་ཡོད་པ་རེད་ལ་རྗེས་སུ་ཁོས་རི་མོ་འདི་མངའ་སྡེ་ཉིག་ཡོག་གི་ཆུ་གླང་གྲོང་ཁྱེར་གྱི་ཨལ་པི་རེ་ཐི་ནོག་སི་སྒྱུ་རྩལ་ཁང(Albright-Knox Art Gallery)ལ་གནང་བ་རེད་འདུག    སུ་ཧྥུ་པི་ཡིས་རི་མོ་འདི་ནི་ད་ལྟ་ཡོ་རོབ་གླིང་གི་ཉར་ཚགས་པ་གཙོ་བོ་ཞིག་ལ་དབང་ཞིང་རི་མོ་འདི་ཁོ་ལ་དབང་ནས་ལོ་ངོ་ཉི་ཤུ་ལྷག་འགོར་ཡོད་པ་རེད་ཅེས་བསྟན་ཡོད་པ་རེད།

དགུང་ལོ37སྟེང་ཚེ་ལས་འདས་པའི་རི་མོ་བ་བན་ཀོ་ཡིས་མི་ཚེ་ཧྲིལ་པོར་རི་མོ་བརྒྱ་ཕྲག་འགའ་མཛད་ཡོད་ལ་ད་ལྟ་ཁོང་གི་བརྩམས་ཆོས་ཕལ་མོ་ཆེ་དངོས་མང་བཤམས་སྟོན་ཁང་དག་ཏུ་བཞུགས་ཡོད་པ་རེད།    དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་མཇུག་ནས་བཟུང་ཚོང་རྭ་ལ་གྲམ་པའི་ཁོང་གི་བརྩམས་ཆོས་བགྲང་དུ་རུང་བ་ཁ་ཤས་ཡོད་པ་རེད་ལ་རི་མོ་འདི་ནི་དེ་དག་གི་གྲས་ཀྱི་གཅིག་རེད་འདུག    བན་ཀོ་ཡི་བརྩམས་ཆོས་གལ་ཆེན་གཞན་དག་གི་རིན་གོང་ཡང་ཧ་ཅང་བྲིན་ཡོད་པ་རེད་དེ་རེ་རེ་ཧ་ལམ་བྱེ་བ་འགའ་ཡི་གོང་ཐོབ་ཡོད་པ་རེད་འདུག   དཔེར་ན་ཁོང་གི་བརྩམས་ཆོསཨེམ་ཆི་ག་ཟེ་ཡི་བྲིས་རིསཞེས་པར་སྤྱི་ལོ1990ལོར་ཅ་ཤི་དི་ནས་དངུལ་བྱེ་བ་བརྒྱད་དང་ས་ཡ་གཉིས་ཀྱི་གོང་ཐོབ་པ་དང་རི་མོགྲོང་ཁྱེར་ཨ་ལེ་ཡི་ལྕམ་མོ་ཀི་ནོཞེས་པར་སྤྱི་ལོ2006ལོར་དངུལ་བྱེ་བ་བཞི་ཡི་གོང་ཐོབ་ཡོད་པ་རེད་འདུག

བན་ཀོ་ཡི་རི་མོ།   ཨེམ་ཆི་ག་ཟེ་ཡི་བྲིས་རིས

ཁ་བྱང་ཕྱི་མོ། བན་ཀོ་ཡིས་རང་སྲོག་མ་བཅད་སྔོན་ལ་བྲིས་པའི་རི་མོ་འཚོང་འཆར་འདུག

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060