སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མངོན་སུམ་དང་རྗེས་དཔག ད་དུང་དད་མོས།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ར་ས་བསྟན་ཆོས།

ཉེ་ཆར་དྲ་རྒྱ་དང་འཕྲིན་ཕྲན་གྱི་ཐོག་ཏུ་ནང་བསྟན་གྱི་སྟོན་པ་དང་། ལྷ་སྐུའི་པར་རིས་ཀྱིས་བརྒྱན་པའི་གྱོན་གོས་དཔེ་གསར་དྲིལ་བསྒྲགས་དང་ཚོང་འགྲེམས་བྱས་པའི་གནས་ཚུལ་མང་པོ་ཕན་ཚུན་བརྒྱུད་འགོད་བྱས་པས། ནང་བསྟན་གྱི་རྗེས་འཇུག་པ་དང་རིག་གནས་ལ་རྩིས་མཐོང་ཆེ་བའི་སྐྱེ་བོ་མང་པོས་འཁང་ར་དང་ངོ་རྒོལ་བྱས་ཡོད།

བྱ་བའམ་དངོས་པོ་གང་རུང་ལ་དད་མོས་བྱེད་མིན་ནི་མི་སྒེར་གྱི་རང་དབང་གྱི་བྱ་བ་ཞིག་ཡིན་པ་ལས། དེ་ལ་བཙན་སྐུལ་བྱེད་མཁན་མེད་པ་ནི་བདེན་མོད། འོན་ཏེ། དེ་འདྲའི་རང་དབང་དེའང་ཚད་མེད་པ་ཞིག་ཡིན་མི་སྲིད་ལ། སྐྱེ་བོ་གང་རུང་ཞིག་ཆོས་ལུགས་དེ་ལ་དད་མོས་མེད་པ་ཙམ་རྒྱུ་མཚན་དུ་བཟུང་སྟེ། དེ་ཉིད་རྨོངས་དད་དང་། བླུན་ཞེན་ཡིན་ལུགས་སྨྲ་བའང་དེ་བས་མི་རུང་བ་ཞིག་རེད། ལྷག་པར་དད་མོས་གང་རུང་ལ་དམའ་ཕབ་སྟེ་རང་ཉིད་དེང་དུས་ཀྱི་བསམ་བློ་གསར་པར་རློམ་པ་ནི་དེ་བས་ཀྱང་མི་རུང་བ་ཡིན་པ་དེང་གི་བློ་གཟུར་བོར་གནས་པ་ཚོའི་བཞེད་པ་དག་ལ་བློ་གྲོས་ཀྱི་འདྲེན་བྱེད་ལྡོངས་མེད་པ་སུས་ཀྱང་འགོག་ཐབས་མེད་པའི་བདེན་དོན་ཞིག་ཏུ་གྱུར་ཡོད། ལོ་ངོ་བརྒྱ་ཙམ་གྱི་ཡར་སྔོན་ན་དབྱིན་ཇིའི་མཁས་དབང་མེ་ཁ་སི་རྨེའུ་ལེ་ཞུ་བས་གདོད་མའི་དད་མོས་དང་ཆོས་ལུགས་ཀྱི་ཆོ་ག་རྣམས་རྨོངས་ཞེན་དང་རྒྱུ་མཚན་འདྲེན་དུ་མེད་པར་འདོད་པའི་ལྟ་བར་སྐྱོན་ཆ་ཡོད་པ་གཟིགས་ཏེ་ཆོས་ལུགས་ཀྱི་འབྱུང་འཕེལཞེས་པ་བརྩམས་ཡོད་ཅིང་། དེའི་ནང་དུ་ཆོས་ལུགས་ཀྱི་དད་མོས་དང་ཆོ་གའི་ནང་དུ་མིའི་རིགས་ཀྱི་བསམ་གཞིག་གི་ས་བོན་ཡོད་པ་དང་། ད་དུང་ཚད་ཡོད་ཀྱི་རི་ར་བ་ཁང་ཁྱིམ་ལ་ངོས་འཛིན་པའི་འདུ་ཤེས་ནས་རིགས་ཤེས་ཀྱིས་དཔྱད་བྱར་གྱུར་པའི་ཚད་མེད་ཀྱི་རྣམ་གཞག་ལ་དཔོག་པའི་མཚན་ཉིད་རིག་པའི་འདུ་ཤེས་ཀྱི་ས་བོན་སྦྲུམ་ཚུལ། ད་དུང་དེ་དག་མཚོན་བྱེད་དུ་གྱུར་པའི་སྐད་ཆར་དབྱེ་ཞིབ་གནང་སྟེ་རིན་བྲལ་གྱི་ལྟ་བ་མང་པོ་སྟོན་གནང་སྟེ། མཐར་མིའི་རིགས་ཀྱི་ཆོས་ལུགས་དེ་ཡུལ་དུ་གྱུར་པའི་རང་བྱུང་ཁམས་ཀྱི་ཕང་བ་ལས་གྲུབ་པའི་དངོས་པོའི་ཆོས་ལུགས་དང་། དེ་ནས་ཡུལ་ཅན་མིའི་རིགས་རང་ངོས་ནས་གྲུབ་པའི་མིའི་རིགས་ཀྱི་ཆོས་ལུགས། དེ་རྗེས་སེམས་ཀྱི་བདག་ཉིད་དུ་གྲུབ་པའི་ཆོས་ལུགས་ཁྲོད་གོང་འཕེལ་བྱུང་ཚུལ་གསུངས་ཡོད་པས། ཆོས་ལུགས་སུ་ཐོན་པའི་དད་མོས་དང་ཆོ་ག་ནི་ང་ཚོས་ཁྲ་ཁྲ་སིལ་སིལ་དུ་གྲུབ་པའི་མངོན་སུམ་གྱི་འཇིག་རྟེན་ཞིག་གི་ཐོག་ནས་འགྲེལ་བརྗོད་བྱེད་ཐབས་མེད་ལ། ཡང་རྟགས་དང་རྒྱུ་མཚན་གང་རུང་ལ་བརྟེན་ཏེ་རྗེས་དཔག་གི་ཤེས་བྱ་མང་པོ་ཞིག་ལ་བརྟེན་ཏེ་འགྲེལ་བརྗོད་དེ་བས་བྱ་ཐབས་མེད་པ་ཞིག་རེད། དེ་ནི་སེམས་ཀྱི་ངོས་ནས་ཐོན་པའི་འབྲས་བུ་ཁྱད་པར་ཅན་ཞིག་ཡིན་པས། སླར་ཡང་དེ་ལ་སེམས་ཀྱི་མྱོང་བ་ཞིག་གི་ཐོག་ནས་རོ་མྱོང་དང་འགྲེལ་བརྗོད་བྱེད་པ་ལས་ཐབས་གཞན་ཅིའང་མེད། གང་ཡིན་ཞེ་ན། མངོན་སུམ་གྱི་ཐོག་ནས་འགྲེལ་བརྗོད་བྱ་ཐབས་མེད་དེ།  ཐེ་ཝན་གྱི་སྐུ་ཞབས་ལི་ཨའོ(李敖)ཞུ་བ་དང་ཉེ་ཆར་དྲ་རྒྱའི་ཐོག་ཏུ་བོད་ཀྱི་དད་མོས་ལ་མཚང་འབྲུ་བྱེད་མཁན་གྱི་རུས་ཧྥན་གྱི་ལྕམ་ཆུང་ཞིག་གིས་ཕྱག་འཚལ་སྐོར་སྦྱོང་ནི་རྒྱུ་མཚན་གཏན་ནས་མེད་པའི་གཏམ་བརྗོད་མང་པོ་སྤེལ་ཡོད་པ་དེའང་། མདོར་བསྡུས་ན། ཁོང་རྣམས་ཚོས་ཕྱག་འཚལ་སྐོར་སྦྱོང་གིས་མིག་མཐོང་ལག་ཟིན་སུ་གྱུར་པའི་ཁེ་ཕན་ནམ་དཔལ་འབྱོར་ལ་ཕན་མི་ཐོགས་ཚུལ་དང་། དེ་བཞིན་དངོས་པོ་གཙོ་བོར་གྱུར་པའི་རྟགས་དང་རྒྱུ་མཚན་ཉི་ཚེ་བ་འགའ་རེར་བརྟེན་ཏེ། དེ་དག་ནི་གདོད་མའི་ཤེས་རིག་མ་རྒྱས་པའི་སྐབས་ཀྱི་མཚོན་རྟགས་འབའ་ཞིག་ཙམ་མོ་ཞེས་པའི་སྡོམ་ཚིག་སྟབས་བདེ་ཞིག་ལས། ཤེས་རིག་གི་ཁྲོད་དུ་མངོན་སུམ་དང་ལྐོག་གྱུར་ལས་གཞན། ད་དུང་དད་མོས་ཀྱིས་མིའི་རིགས་ཀྱི་འདས་མ་ད་ལྟ་གསུམ་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པར་བསམ་གཞིག་གནང་མེད་པའམ། ཁོང་རྣམས་ཚོས་ཚད་ཡོད་ཀྱི་རྣམ་གཞག་ཐོག་ནས་བྱ་དངོས་ལ་བསམ་གཞིག་གནང་བ་ལས། ཚད་མེད་ཀྱི་རྣམ་གཞག་ཐོག་ནས་བསམ་གཞིག་མ་གནང་བའི་ཉེར་ལེན་གྱིས་སྡོམ་ཚིག་ནོར་འཁྲུལ་དེ་དག་བྱུང་བ་རེད། གལ་ཏེ། ང་ཚོའི་མིའི་རིགས་འཕེལ་རྒྱས་དུས་རིམ་ཁག་གི་མེས་པོ་ཚོས་ཚད་ཡོད་ཀྱི་རྣམ་གཞག་ཁོ་ནའི་ཐོག་ནས་བསམ་གཞིག་གནང་བ་ལས། ཚད་མེད་ཅིག་གི་ཐོག་ནས་བསམ་གཞིག་མ་མཛད་ན། ད་ལྟའི་བློས་བསླངས་ལས་བྱུང་བའི་རླབས་ཆེ་བའི་སྒྱུ་རྩལ་དང་ཆོས་ལུགས། ཚན་རྩལ་སོགས་བྱུང་ཐབས་གཏན་ནས་མེད། ཆོས་ལུགས་སམ་དད་མོས་དང་། ཆོ་ག་སོགས་གནས་དོན་ནི། བསམ་བློ་ཞིག་རང་ཚུགས་སུ་གནས་པའི་དན་རྟགས་རེད་ལ། བསམ་བློ་ཞིག་རང་ཚུགས་སུ་གནས་པ་ཁས་ལེན་པའི་རྨང་གཞིའི་ཐོག་ཏུ་ད་གཟོདམཚོན་བྱེདདང དོན་སྙིང་ཞེས་པ་དེ་གནས་ཐུབ།

ང་ཚོ་ད་དུང་མིའི་རིགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་གནས་པ་ཞིག་ལས། མིའི་རིགས་འཕེལ་རྒྱས་ཀྱི་རྩེ་མོར་སོན་མེད་པས།  ཡོད་ཚད་ལ་སྡོམ་ཚིག་རྟ་འདྲ་བ་ཞིག་འཇོག་པའི་གནས་བབ་ལ་ཐོན་མེད་ལ། ཕྱི་དངོས་པོའི་ཐོག་ཏུ་རང་རེའི་མེས་པོ་ཚོ་ལས་ཡར་ཐོན་ལྟ་བུར་སོང་ཡོད་མོད་ཀྱང་། ཕྱི་དངོས་པོ་འཕེལ་རྒྱས་ཇི་ཙམ་སོང་བ་དེ་ཙམ་གྱིས་དེ་དང་འགྲོགས་ཏེ་བསམ་བློ་ཞིག་གམ་དད་མོས་ཤིག་གི་འཁར་རྟེན་ལྟ་བུའི་ནུས་པ་དགོས་པ་ང་ཚོར་མིག་མཐོང་ལག་ཟིན་ཡིན་པས། དྲེད་མོང་གིས་འཕྱི་བ་ཟིན་པ་ཇི་བཞིན་དུ་གཅིག་ཟིན་གཅིག་བོར་བྱེད་དོན་དེ་བས་ག་ལ་ཡོད། ལྷག་པར་དེང་གི་རིག་གནས་ནི་གཙོ་བོ་དཀྱེལ་ཡངས་ཅན་ཞིག་ཡིན་པ་ལས། ང་ཆེ་ང་བཙན་དང་རང་རློམ་ཤས་ཆེར་འཛིན་པའི་དུས་སྐབས་ཤིག་གཏན་ནས་མིན་པའང་། ཉེ་ཆར་དབུ་ཁྲིད་ཞི་ཅིན་ཕིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་ཚོགས་ཆེན་ཐོག་ཏུ་རིག་གནས་ཚང་མ་མཉམ་གནས་དགོས་པའི་ཐད་ལ་འབོད་སྐུལ་གནང་བ་དེ་ལས་ཀྱང་རྟོགས་ཐུབ་པའོ། །

ཁ་བྱང་ཕྱི་མོ། མངོན་སུམ་དང་རྗེས་དཔག  ད་དུང་དད་མོས།  

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060